༄༅།།རྟགས་ཀྱི་ཁྱབ་པའི་འབྲེལ་བའི་སྐོར།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 01-12



                  ༧ཚད་མའི་སྐྱེས་བུ་སྟོན་པ་སངས་རྒྱས་དང་།   །

                  ཚད་མའི་གཞུང་དོན་ཚད་མས་འབྱེད་པ་ཡི།   །

                  ཚད་མར་མཁས་པའི་རྒྱ་དང་བོད་སོགས་ཀྱི།   །

                  ཚད་མར་གྱུར་པའི་སློབ་དཔོན་རྣམས་ལ་འདུད།  །

                  ༧ཚད་མ་མདོ་དང་རྣམ་འགྲེལ་ལ་སོགས་པས།   །

                  ཚད་མ་གཉིས་ཀྱི་རྣམ་དབྱེ་བསྟན་པ་ལས།  །

                  ཚད་མས་སྒྲུབ་པའི་ཚུལ་གསུམ་ཡང་དག་གི   །

                  ཚད་མས་གྲུབ་པའི་འབྲེལ་ལས་འཕྲོས་ཏེ་གླེང་།   །

 

     རྟགས་ཡང་དག་གི་ཚུལ་གསུམ་གྱི་ནང་ཚན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་ཚད་མ་གསུམ་དང་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་ཞེས་ཚད་མའི་གཞུང་ལས་ལན་གཅིག་ཙམ་མ་ཡིན་པར་ཡང་ཡང་གསུངས་པའི་ཚུལ་ལུགས་གོ་བདེ་ལ་ཚིག་ཉུང་ངུའི་ཚུལ་དུ་འདི་ལྟར།       དེ་ལ་སྤྱིར་འབྲེལ་བ་ཞེས་པ་ཟླ་ལྡོག་པས་ཟླ་བོ་ལྡོག་དགོས་པ།    དཔེར་ན།    མེ་ལོག་པས་དུ་བ་ལོག་པ་ལྟ་བུ་ངོ་བོ་ཐ་དད་ཀྱི་འབྲེལ་བ་དང་།      བུམ་པ་ལོག་པས་དེ་ཚད་མས་དམིགས་པ་ལོག་པ་ལྟ་བུ་ངོ་བོ་གཅིག་པའི་འབྲེལ་བ་གཉིས་སུ་ཡོད་དོ།། དེའི་གནད་ཀྱིས་གཞི་གང་དུ་དུ་བ་ཡོད་ན་མེ་ཡོད་དགོས་པའི་འབྲས་རྟགས་དང་།         གཞི་གང་ཞིག་བྱས་པ་ཡིན་ན་མི་རྟག་པ་ཡིན་དགོས་པའི་རང་བཞིན་གྱི་རྟགས་དང་།     གཞི་གང་དུ་མེ་མེད་ན་དུ་བ་མེ་དགོས་པའི་མ་དམིགས་པའི་རྟགས་ཡང་དག་དང་གསུམ་དུ་གྲངས་ངེས་སོ།།      དེ་ལྟ་བུའི་རྟགས་སྦྱོར་གསུམ་པོའི་ཚུལ་གསུམ་ལས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ་ལ་ཚད་མ་གསུམ་དང་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པའི་དང་པོ་ཚད་མ་གསུམ་ནི།            བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ལྟ་བུ་ལ་མཚོན་ན།      དགག་ཆོས་རྟག་པ་དང་སྒྲུབ་ཆོས་མི་རྟག་པ་གཉིས་དངོས་འགལ་དུ་ངེས་པའི་ཚད་མ།   རྟགས་ཀྱི་མཚན་གཞི་བྱས་པ་ངེས་པའི་ཚད་མ།       དགག་ཆོས་རྟག་པ་ལ་རྟགས་བྱས་པ་འགོག་པའི་ཚད་མ་རྣམས་སྔོན་དུ་འགྲོ་དགོས་པ་ཡིན་ནོ།།      འོ་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་ཚད་མ་དེ་གསུམ་གང་ཡང་རུང་བས་ཆོག་གི་དེ་གསུམ་ཀ་སྔོན་དུ་མ་སོང་ན་ཅི་གནོད།       ཚད་མ་ཕྱི་མ་གཉིས་ཀྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་ནུས་པས།      ཚད་མ་དང་པོ་མི་དགོས་སོ་ཞེ་ན།       དེ་ལྟར་ན།       ཤར་ཕྱོགས་ཀྱི་དུང་མདོག་ཆོས་ཅན།    སེར་པོ་ཡིན་ཏེ།   དུང་མདོག་ཡིན་པའི་ཕྱིར།   ཞེས་པའི་རྟགས་འདི་ལ་མཚོན་ན།   ཤེས་བྱ་ཆོས་ཅན།         དུང་མདོག་སྒྲུབ་ཆོས་སེར་པོ་ཁོ་ན་ལ་ཡོད་པར་ཐལ།     དགག་ཆོས་སྔོན་པོ་ལ་མེད་པ་གང་ཞིག      རྟགས་ཀྱི་མཚན་གཞི་དུང་མདོག་ཚད་མས་གྲུབ་པའི་ཕྱིར།      དེ་སྒྲུབ་པ་ལ།      ཁྱོད་ཀྱི་འདོད་པ་དེ་བདེན་ན།      དུང་མདོག་སེར་པོ་ཁོ་ན་ལ་ཡོད་དགོས་ཏེ།       ཚད་མ་ཕྱི་མ་གཉིས་ཡོད་ཙམ་གྱི་རྟགས་ཚུལ་གཉིས་ཀྱི་ཁྱབ་པ་གྲུབ་ཆོག་པ་གང་ཞིག      དེ་ལ་ཚད་མ་ཕྱི་མ་གཉིས་ཡོད་པའི་ཕྱིར་ཏེ།      རྟགས་ཀྱི་མཚན་གཞི་དུང་མདོག་ངེས་པའི་ཚད་མ་ཡོད་པ་གང་ཞིག         དགག་ཆོས་སྔོན་པོ་ལ་རྟགས་དུང་མདོག་འགོག་པའི་ཚད་མ་ཡང་ཡོད་པའི་ཕྱིར།      དེ་ལ་ཚད་མ་ཕྱི་མ་གཉིས་ཡོད་ཀྱང་།      དུང་མདོག་སེར་པོ་ཁོ་ན་ལ་ཡོད་པར་ཚད་མས་གནོད་དོ་ཞེ་ན།       དེ་ནི་དགག་ཆོས་སྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དང་པོ་མི་དགོས་པར་འདོད་པའི་སྐྱོན་ཡིན་ནོ།།      ཡང་ན་ཚད་མ་སྔ་མ་དང་ཕྱི་མ་གཉིས་ཙམ་གྱིས་ཆོག་གི     ཚད་མ་གཉིས་པ་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་མི་དགོས་ན།    སྒྲ་ཆོས་ཅན།   མི་རྟག་ཏེ།    རི་བོང་རྭ་ཡིན་པའི་ཕྱིར།      ཞེས་པའི་རྟགས་འདི་ལ་མཚོན་ན།     ཤེས་བྱ་ཆོས་ཅན།      རི་བོང་རྭ་མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ།     དགག་ཆོས་རྟག་པ་དང་སྒྲུབ་ཆོས་མི་རྟག་པ་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པ་གང་ཞིག    དགག་བྱའི་ཆོས་རྟག་པ་ལ་རྟགས་རི་བོང་རྭ་འགོག་པའི་ཚད་མ་ཡང་ཡོད་པའི་ཕྱིར།     དེ་སྒྲུབ་པ་ལ།     སྔར་བཞིན།   རི་བོང་རྭ་སྒྲུབ་ཆོས་མི་རྟག་པ་ཁོ་ན་ལ་ཡོད་དགོས་པ་ཡིན་ཏེ།    དགག་ཆོས་རྟག་པ་དང་སྒྲུབ་ཆོས་མི་རྟག་པ་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་དང་།      དགག་ཆོས་རྟག་པ་ལ་རྟགས་རི་བོང་རྭ་འགོག་པའི་ཚད་མ་གཉིས་ཡོད་པའི་ཕྱིར།   དེ་གཉིས་ཡོད་ཀྱང་ད་དུང་རྟགས་རི་བོང་རྭ་མཐུན་ཕྱོགས་མི་རྟག་པ་ཁོ་ན་ལ་ཡོད་པར་མ་ངེས་པ་ནི།  ཚད་མ་སྔ་ཕྱི་གཉིས་ཙམ་གྱིས་ཆོག་གི་ཚད་མ་གཉིས་པ་མི་དགོས་པར་འདོད་པའི་སྐྱོན་ཡིན་ནོ།། ཡང་ན་ཚད་མ་དང་པོ་གཉིས་ལས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་ནུས་པས་ཚད་མ་གསུམ་པ་མི་དགོས་སོ་ཞེ་ན།     སྒྲ་ཆོས་ཅན།    མི་རྟག་ཏེ།    གཞལ་བྱ་ཡིན་པའི་ཕྱིར།   ཞེས་པའི་རྟགས་འདི་ལ་མཚོན་ན།     ཤེས་བྱ་ཆོས་ཅན།        གཞལ་བྱ་མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ།        དགག་ཆོས་རྟག་པ་དང་སྒྲུབ་ཆོས་མི་རྟག་པ་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པ་གང་ཞིག          རྟགས་ཀྱི་མཚན་གཞི་གཞལ་བྱ་ངེས་པའི་ཚད་མ་ཡང་ཡོད་པའི་ཕྱིར།   དེ་ཡང་སྔར་བཞིན་སྒྲུབ་པ་ལ།   གཞལ་བྱ་མི་རྟག་པ་ཁོ་ན་ལ་ཡོད་དགོས་ཏེ།   རྟགས་ཀྱི་མཚན་གཞི་གཞལ་བྱ་ངེས་པའི་ཚད་མ་དང་།      དགག་ཆོས་རྟག་པ་དང་སྒྲུབ་ཆོས་མི་རྟག་པ་གཉིས་དངོས་འགལ་དུ་ངེས་པའི་ཚད་མ་དང་པོ་གཉིས་ཡོད་པའི་ཕྱིར།       དེ་ཡང་མ་ཁྱབ་པ་ནི།      ཚད་མ་དང་པོ་གཉིས་ཙམ་གྱིས་ཆོག་གི     ཚད་མ་གསུམ་པ་མི་དགོས་པར་འདོད་པའི་སྐྱོན་ཡིན་ནོ།།     དེ་ཡང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་ཤིང་།   དེ་མ་སོང་ན་རྗེས་སུ་འགྲོ་ལྡོག་གི་ཁྱཔ་པ་མི་འགྲུབ་པའི་དོན་ཡིན་གྱི།   ཚད་མ་གསུམ་སྔོན་དུ་སོང་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་དགོས་ཞེས་པའི་དོན་མ་ཡིན་ཏེ།  བྱས་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་ཟིན་པའི་རྒོལ་བ་དེ་ལ་ཚད་མ་གསུམ་སྔོན་དུ་སོང་ཡང་།  བྱས་རྟགས་ཀྱི་ཚུལ་དང་པོ་ཕྱོགས་ཆོས་མ་གྲུབ་པའི་སྒོ་ནས་ཚུལ་གཉིས་མ་གྲུབ་ཏེ།    ཚུལ་གཉིས་གྲུབ་པ་ལ་ཚུལ་དང་པོ་གྲུབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ།།       དེས་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་གོང་གི་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པའི་ཚུལ་ལ་ངེས་པ་གཏིང་ཚུགས་པར་མཛད་འཚལ་ལོ།།        གཉིས་པ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པའི་ཚུལ་ནི།       གཅིག་ལྡོག་པས་གཞན་ལྡོག་དགོས་པ་དེ་ནི་དེ་གཉིས་འབྲེལ་བ་ཡོད་པའི་གནད་ཀྱིས་ཡིན་པས།     དེ་གསལ་དུ་གཏང་ན།     གཅིག་ཡིན་པས་གཞན་དེ་ཡིན་དགོས་པ།     ཡིན་པས་ཡིན་པར་འགྱུར་བའི་འབྲེལ་བ་དང་།    གཅིག་དེ་ཡོད་པས་གཞན་དེ་ཡོད་དགོས་པ།        ཡོད་པས་ཡོད་པར་འགྱུར་བའི་འབྲེལ་བ་དང་།     ཡང་དེ་གཉིས་ཀྱི་ལོག་ཕྱོགས་གཅིག་མ་ཡིན་པས་གཞན་དེ་མ་ཡིན་དགོས་པ།    ཡིན་པ་ལོག་པས་ཡིན་པར་ལོག་པའི་འབྲེལ་བ་དང་།        ཡང་གཅིག་མེད་པས་གཞན་དེ་མེད་དགོས་པ།       ཡོད་པ་ལོག་པས་ཡོད་པར་ལོག་པའི་འབྲེལ་བ་དང་གཉིས་ཏེ་བཞི་ཡོད།     འབྲེལ་བ་བཞི་པོ་དེས་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་གྲངས་ངེས་ཚུལ་གོང་དུ་བཤད་ཟིན་པ་དེས་ཤེས་སོ།།        འོ་ན་རྟགས་སྦྱོར་ཡང་དག་ཞིག་ཡིན་ཕྱིན།        དེའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་དེའི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་ན།     འགྲོ་ལུགས་དེ་ཇི་ལྟ་བུ་ཡིན་ཞེ་ན།     དེ་ནི་འདི་ལྟར་ཡིན་ཏེ།       དཔེར་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་མཚོན་ན།       ཐོག་མར་རྟེན་ཆོས་ཅན་སྒྲ་ཤེས་ཤིང་དེ་ཉིད་མི་རྟག་པར་ཤེས་འདོད་ཅིང་།       བྱས་པ་སྒྲ་ལ་འགོད་ཚུལ་ལྟར་རམ་སྒྲ་དེ་ཉིད་བྱས་པར་ངེས་པའི་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པའི་རྗེས་སུ།        བྱས་མི་རྟག་ཐ་དད་དུ་ཤེས་པར་བྱས་ནས།        མི་རྟག་པ་ཡིན་པའི་གཞིར་བྱས་པ་ལ་རྟག་པ་ལྡོག་དགོས་པའི་བྱས་པ་རྟག་པ་མ་ཡིན་པའམ་བྱས་པ་རྟག་སྟོང་དུ་རྟོགས་དགོས་པ་དང་གཅིག      ཡང་མི་རྟག་པ་ལྡོག་པའི་གཞིར་རྟག་པ་ལ་བྱས་པ་ལྡོག་དགོས་པའི་རྟག་པ་བྱས་པ་མ་ཡིན་པའམ་རྟག་པ་བྱས་སྟོང་དུ་རྟོགས་དགོས་པ་གཅིག་དང་གཉིས་ཡོད།    དེ་གཉིས་ཀྱི་དང་པོ་བྱས་པ་རྟག་སྟོང་དུ་སྒྲུབ་པའི་རིགས་པ་ནི།       བྱས་པ་ཆོས་ཅན།       རྟག་པས་སྟོང་སྟེ།        རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པའི་ཕྱིར།       ཞེས་པས་གྲུབ་ལ།            གཉིས་པ་རྟག་པ་བྱས་སྟོང་དུ་སྒྲུབ་པའི་རིགས་པ་ནི།      རྟག་པ་ཆོས་ཅན།         བྱས་པས་སྟོང་སྟེ།        རིམ་དང་ཅིག་ཅར་བའི་དོན་བྱེད་ནུས་པས་སྟོང་བའི་ཕྱིར།      ཞེས་པས་གྲུབ་བོ།།         དེ་ལྟར་གྲུབ་པས་བྱས་མི་རྟག་གི་འབྲེལ་བ་གྲུབ་ལ།       དེ་གྲུབ་པས་བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་མཐུན་ཕྱོགས་མི་རྟག་པ་ཁོ་ན་ལ་ཡོད་པར་གྲུབ་པའི་སྒོ་ནས་རྗེས་འགྲོའི་ཁྱབ་པ་དངོས་སུ་ངེས་ནས་ལྡོག་འགྲོའི་ཁྱབ་པ་ཤུགས་ལ་ངེས་པ་ཡིན་ནོ།         དེ་བཞིན་དུ་ལྡོག་འགྲོའི་ཁྱབ་པ་དངོས་སུ་ངེས་ནས་རྗེས་འགྲོའི་ཁྱབ་པ་ཤུགས་ལས་ངེས་ཚུལ་ཡང་དེས་ཤེས་སོ།།   རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་ནས་འདིར་སྨྲས་པ།

                      གཞུང་དང་མཐུན་པར་བྲིས་ཁུལ་བྱས་ཡོད་ཀྱང་།  །

                གཞུང་དོན་མ་རྟོགས་པ་ཡི་ཆ་སྲིད་པས།  །

                     གཞུང་ལས་མི་མཐུན་འགལ་བའི་གནས་ཡོད་ཚེ།  །

                   གཞུང་ལུགས་སྨྲ་བ་རྣམ་པར་བཟོད་གསོལ་ཞུ།  །

ཞེས་རིག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པ་དགེ་བཤེས་ཤེས་རབ་ཐབས་མཁས་ལགས་ཀྱིས་ཇི་ལྟར་སྐུལ་བའི་ཞལ་ངོ་མ་ཟློག་པ་ཙམ་ཞིག་བོད་ཟླ་གསུམ་པའི་ཚེས་ཉེར་ལྔ་དགེ་བའི་ཉིན་མཆོག་མིང་པས སུག་བྲིས་བགྱིས་པ་དགེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1