༄༅།། ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གྱི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 01-12


    དེ་ཡང་སྤྱིར་ཁམས་ཀྱི་ས་ཆ་ལ་ཆུ་བཞི།  སྒང་དྲུག  ཤོད་ཆེན་བཅོ་བརྒྱད་སོགས་ཀྱི་བཤད་པ་བྱུང་བ་ལས་འདིར་ཤོད་ཆེན་བཅོ་བརྒྱད་སྐོར་ཞིག་ཞུ་བ་ལ།  དེ་ཡང་ཤོད་ཅེས་པའི་དོན་རོང་ངམ་ལུང་གཤོང་དུ་གོ་བ་ནི་ཁང་པའི་ཐོག་ཤོད་དང་།  རི་བོའི་ཀླུང་ཤོད་ལྟ་བུས་ཤེས་ཐུབ་ལ་དེ་ལྟ་བུའི་ཤོད་ཆེན་པོ་བཅོ་བརྒྱད་འདི་དག་གང་དང་གང་ཞིག་ཡིན་པའི་སྐོར་ལ་མཁས་རྣམས་ཀྱི་བཞེད་ཚུལ་དུ་མ་ཞིག་ཡོད་པར་ངེས་ཀྱང་འདིར་རང་གི་མཇལ་ཚོད་ཙམ་ཞིག་དཔྱད་གཞིར་བཀོད་པ་ལ་སྲིད་པ་རྒྱུད་ཀྱི་ཁ་བྱང་①ལས།  མདོ་ཁམས་གླིང་གི་གླིང་ཁམས་ན།  །ཤོད་ལ་ལ་༼ལ་འདི་ལྷག་པ་མིན་ནམ་བརྟག༽ཆེན་པོ་བཅོ་བརྒྱད་ཡོད།  །ནག་༼གཞན་དུ་ནགས་ཞེས་འབྲི་བ་ཡང་འདུག༽ཤོད་དང་ནི་སོགས་༼གཞན་དུ་སོག་ཅེས་འབྲི་བ་ཡང་སྣང་།༽ཤོད་གཉིས།  །ལྕི་ཤོད་དང་ནི་སུམ་ཤོད་བཞི།  །དཀར་ཤོད་དང་ནི་དམར་ཤོད་དྲུག  །གཉི་ཤོད་དང་ནི་ཟླ་ཤོད་བརྒྱད།  །སྐྱི་ཤོད་ཡུག་ཤོད་གཉིས་དང་བཅུ།  །དམེ་ཤོད་འཇག་ཤོད་བཅུ་གཉིས་སོ།  །སྟག་ཤོད་འབྲི་ཤོད་བཅུ་བཞི་འོ།  །འདན་ཤོད་རྨ་ཤོད་བཅུ་དྲུག་གོ  །དྲེ་ཤོད་ཉག་ཤོད་བཅོ་བརྒྱད་དོ།  །ཞེས་གསལ།   ཡང་མེས་པོའི་བྱུང་བ་②ཞེས་པའི་དེབ་ལས།  ༡ ནགས་ཤོད།  འབྲི་རུ་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེ་བ།  ༢ སོག་ཤོད།  སོག་གཡག་ལའི་ཁུལ།  ༣ དཀར་ཤོད།  སོག་རྫོང་ཁོངས།  ༤རེ་ཤོད།  སོག་རྫོང་ཁོངས།  ༥ རྒྱ་ཤོད།  སྟོད་འབྲི་རུ་དང་སྨད་དཔལ་འབར།  ༦ ས་ཤོད།  དཔལ་འབར་རྫོང་ཁོངས།  ༧ དཔའ་ཤོད།  དཔལ་འབར་རྫོང་ཁོངས།  ༨ རྒྱང་ཤོད།  སྟེང་ཆེན་རྫོང་ཁོངས།  ༩ གྱིམ་ཤོད།  སྟེང་ཆེན་རྫོང་ཁོངས།  ༡༠ རྟ་ཤོད།  སྟེང་ཆེན་རྫོངས་ཁོངས།  ༡༡ གཡི་ཤོད་དམ་གཡང་ཤོད་ནི་རི་བོ་ཆེའི་རྫོང་ཁོངས།  ༡༢  དངུལ་ཤོད།  ལྷོ་རོང་རྫོང་ཁོངས།  ༡༣  རྔོད་ཤོད།  མཛོ་སྒང་རྫོང་ཁོངས།  ༡༤  ཟླ་ཤོད།  ཆབ་མདོ་རྫོང་ཁོངས།  ༡༥ ངོམས་ཤོད།  ཆབ་མདོ་རྫོང་ཁོངས།  ༡༦རྨེ་ཤོད།  སྡེ་དགེ་རྫོང་ཁོངས།  ༡༧ སྨར་ཤོད།  གོ་འཇོ་རྫོང་ཁོངས།  ༡༨  ཀྲེ་ཤོད།  དཀར་མཛེས་རྫོང་ཁོངས།   ཞེས་གསལ།  དེ་གཉིས་ཀར་རྩ་བའི་ཤོད་ཆེན་བཅོ་བརྒྱད་གྲངས་འདྲེན་ཙམ་འདྲ་ཡང་གྲངས་སོ་སོར་བགྲང་ཚེ་འདྲ་དང་མི་འདྲ་བ་འགའ་ཞིག་འདུག་ཅིང་ཕྱི་མ་དེ་གཙོ་བོ་ད་སྐབས་ས་ཆ་གང་ཞིག་ལ་ཡོད་པའི་ངོས་འཛིན་མཛད་པ་ནི་ཅུང་གོ་སླ་བ་འདུག   འོན་ཏེ་གོང་མ་ལྟར་གྱི་ད་ལྟའི་ས་ཆ་གང་ཞིག་ལ་ཡོད་པའི་ངོས་འཛིན་དང་དེ་ལས་གཞན་ཞལ་གསལ་བའི་དཔེ་ཆ་གང་ཡོད་ཁོ་བོས་ད་ལན་མ་ཤེས་ཀྱང་མཁྱེན་ལྡན་རྒྱུས་མངའ་ཅན་ཡོད་ན་རིམ་པས་གསལ་བཤད་གནང་བར་ཞུ་ཞུ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1