ནང་ཆོས་ལས་གསུངས་པའི་རྡོ་རྗེ་དང་དྲིལ་བུའི་མཚོན་དོན་རགས་ཙམ་བཤད་པ།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


འདིར་ཡང་ནང་ཆོས་ལས་སྒྲུབ་ཐབས་ཀྱི་སྐབས་སུ་ཞི་ཁྲོ་གཉིས་ཀའི་ལྷ་སོ་སོའི་ཕྱག་མཚན་གྱི་རིགས་མི་འདྲ་བ་མཐའ་ཡས་པ་ཞིག་ཡོད་པ་ཡིན་ནའང་། རྡོར་དྲིལ་གཉིས་ནི་གསང་སྔགས་ཀྱི་རྒྱུད་སྡེ་གོང་འོག་ཐམས་ཅད་ཀྱི་ཆོ་གའི་ལས་བྱེད་པ་ལ་མེད་དུ་མི་རུང་བའི་ཕྱག་མཚན་དམ་པ་ཞིག་ཡིན་པ་མ་ཟད་དཀྱིལ་འཁོར་གྱི་རིགས་སོ་སོའི་ལྷ་དང་གཞལ་ཡས་ཁང་སོགས་རང་བཞིན་ལྷུན་གྲུབ་ཀྱི་ངོ་བོར་མཚོན་བྱེད་ཀྱི་ཉེ་རྒྱུ་འགྲོ་བ་ཞིག་ཀྱང་ཡིན། དེ་ཡང་ཐོག་མར་རྡོ་རྗེ་ཞེས་པའི་མཚན་འདི་ཇི་ལྟར་བྱུང་བ་ཡིན་ཞེ་ན། ཐུན་མོང་ལུགས་ཀྱི་སྣང་ཚུལ་ལྟར་ན་འཇིག་རྟེན་གྱི་ཁམས་སུ་སྲ་མཁྲེགས་ཀྱི་རང་བཞིན་དང་ལྡན་པའི་རྡོ་ཡི་རྗེ་བོ་ཕ་ལམ་ཞེས་གཏེར་རྡོའི་རིགས་ཤིག་ལ་མིང་འདི་བྱུང་བ་གྲགས་ལ། གཏེར་རྡོ་དེས་རྡོའི་རིགས་ཐམས་ཅད་ཕར་འཇོམས་ཤིང་ཚུར་གང་གིས་ཀྱང་གནོད་མི་ཚུགས་པའི་དཔེ་ལ་བརྟེན་ནས་ཕྱིས་སུ་དེ་ལ་རྡོ་རྗེ་ཞེས་པའི་ཐ་སྙད་འདི་ཐོག་མར་བྱུང་བ་གྲགས་པ་དང་། ཐུན་མིན་ནང་ཆོས་ཀྱི་དབང་དུ་བྱས་ན་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་མཚོན་བྱ་དོན་གྱི་རྡོ་རྗེ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་གསང་བ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོང་ཉིད་ནམ་མཁའ་ལྟ་བུ་བྱས་ཆོས་དང་གཟུང་འཛིན་གྱིས་མ་བསླད་པར་གཞོམ་གཞིག་དང་བྲལ་བ་ནི་རྡོ་རྗེ་སྟེ་གང་གིས་ཀྱང་གནོད་མི་ཚུགས་པའི་ཟག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་འདུས་མ་བྱས་དེ་ལ་རྡོ་རྗེ་ཞེས་མཚན་བརྗོད་པ་ཡིན་ལ། དེ་ཡང་རྡོ་རྗེ་རྣམ་པར་འཇོམས་པ་ལས། རྡོ་རྗེ་སྙིང་པོ་རབ་ཏུ་སྨྲས་པ། མི་ཆོད་པ། མི་ཤིག་པ། བདེན་བ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པར་མེད་པ། ཐམས་ཅད་དུ་མི་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིགས་པར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོད་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུག་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་སྲུང་བ། ཞིབ་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པ་བྱེད་པ། རྨུག་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་རྡོ་རྗེ་རབ་ཏུ་སྨྲས་སོ། ། ཞེས་པ་དང་། རྡོ་རྗེའི་གདན་བཞིའི་རྒྱུད་ལས། རབ་བྱེད་དང་པོ་འདི་ཡིན་ཏེ། །ཆོས་རྣམས་རྡོ་རྗེ་ལས་གཞན་མེད། །ཐམས་ཅད་རྡོ་རྗེའི་དེ་ཉིད་ཡིན། །རྡོ་རྗེ་ལས་ནི་སྙིང་པོའོ། །ཞེས་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་གདོད་ནས་རྣམ་པ་དག་ཅིང་སྟོང་ཉིད་ནམ་མཁའ་ལྟ་བུ་སྟེ་ཡུལ་ཆོས་ཀྱི་དབྱིངས་འདུས་མ་བྱས་དང་ཡུལ་ཅན་ཡེ་ཤེས་གཉིས་སུ་མེད་པར་གསང་བ་དེ་ཁོ་ན་ཉིད་སྙིང་པོ་མཚོན་བྱ་དོན་གྱི་རྡོ་རྗེ་བཞེད་པ་ཡིན་ནོ། །

དེ་ཡང་མཚོན་བྱ་དོན་གྱི་རྡོ་རྗེ་དེ་ཉིད་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ནི་རྡོ་རྗེ་རྩེ་གཅིག་པ་དང་གསུམ་པ་ལྔ་པ་དགུ་པ་སོགས་སྣ་ཚོགས་རྡོ་རྗེ་དང་། ཞི་བའི་ལས་ལ་རྡོ་རྗེའི་རྭ་ཟླུམ་པོ་དང་། དྲག་པོའི་ལས་སོགས་རྣམས་ལ་རྭ་གདེངས་པ་ཅན་ཏེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དགུག་ལ་རྡོ་རྗེ་རྩེ་གསུམ་སྟེ། །རྩེ་མོ་དག་ནི་གདེངས་པར་བྱ། །དེ་བཞིན་རྩེ་མོ་གཅིག་པ་ནི། །ཀླུ་རྣམས་སྐྲག་པར་བྱེད་པའོ། །ཁྲོ་བོར་རྡོ་རྗེ་གདེངས་པ་སྟེ། །ལྷག་མ་ཞི་རྣམས་འདུལ་བྱེད་པའོ། །ཞི་ལ་ཞི་བའི་ལྷ་ཉིད་དེ། །རིགས་ཀྱི་རིམ་པ་ཆོ་གས་དབྱེ། །ཞེས་སོགས་གསུངས་ཤིང་ཆོ་ག་སོ་སོའི་ཁྱད་པར་ལས་མཐའ་གཅིག་ཏུ་ངེས་པར་མེད་དེ། ཡང་རྒྱུད་དེ་ཉིད་ལས། རྩེ་དགུ་ཞེས་ནི་བྱ་བ་ཡི། །ཡེ་ཤེས་རྡོ་རྗེས་འགྲོ་བ་སྒྲོལ། །ཞེས་གསུངས་པ་དང་། དེ་ཡང་རྡོ་རྗེ་རྩེ་དགུ་པ་ལ་ཡེ་ཤེས་རྡོ་རྗེའི་མཚན་ཡང་གསོལ་བ་དང་། རྩེ་ལྔ་པ་ལ་དམ་ཚིག་རྡོ་རྗེ་ཞེས་རྡོར་དྲིལ་གཉིས་ཀའི་རྩེ་ལ་དེ་ལྟར་བཞེད་དོ། གཞན་ཡང་མཁའ་འགྲོ་རྒྱ་མཚོ་ལས། །རྩེ་དགུ་རྩེ་མོ་གཅིག་པ་དང་། །རྩེ་ལྔ་རྩེ་མོ་གསུམ་པ་ཅན། །དེ་ལྟར་ལ་སོགས་དྲིལ་བུ་ཆེ། །རྩེ་མོ་སྟོང་གི་བར་དུའོ། །ཞེས་སོགས་རྩེ་སྟོང་གི་བར་དུ་བཞེད་ཡོད་པས་འདི་ཙམ་མོ་ཞེས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ནུས་པ་དང་། དེ་ལྟ་བུའི་ཚད་དང་གྲངས་ཀྱི་དབྱེ་བར་ལེགས་པར་ཤེས་ན་རྡོར་དྲིལ་མཚན་ཉིད་དང་ལྡན་པར་འགྱུར་བ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཞི་དང་རྒྱས་དང་མངོན་སྤྱོད་ཀྱི། །རྡོ་རྗེ་དག་ནི་ཐམས་ཅད་ཀྱང་། ། གསེར་ལ་སོགས་པས་ལེགས་པར་བརྡུངས། །ཞེས་གསུང་པ་ལྟར་རབ་ཏུ་བྱུང་ན་རྡོ་རྗེའི་རྒྱུ་གསེར་དངུལ་དང་གཡུ་བྱུ་རུ་མན་ཤེལ་སོགས་རིན་པོ་ཆེའི་རིགས་བརྡུང་དང་བླུག་པ་སོགས་གང་ཡང་རུང་བས་བཟོས་པ་དང་། རང་བྱུང་ཁམས་ཀྱི་གནམ་ལྕགས་ལས་གྲུབ་པའི་གཏེར་གྱི་རིགས་དང་། དེ་ལྟར་མ་བྱུང་ནའང་ཤིང་དང་མཁར་དང་ཟངས་རག་ལྕགས་དང་ལི་ཐ་ན་ས་རྡོ་སོགས་ལས་བཟོས་པ་རྡོ་རྗེའི་གཟུགས་མཚན་ཉིད་པ་གྲུབ་པ་ཞིག་ཡོད་ན་ཡང་རུང་བས་འགལ་བ་ཡོད་པ་མ་ཡིན་ནོ། །དེ་ཡང་ཆེ་ཆུང་གི་ཚད་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དབུས་མ་རིང་བ་ཉིད་ཀྱིས་ནི། །ཆ་གསུམ་གྱི་ནི་ཚད་དག་བྱ། །ཞེས་གསུངས་པ་ལྟར། དབུས་རྭ་ཆ་གསུམ་བགོས་པའི་ཆ་གཅིག་གི་པདྨ་དང་ཆ་གཅིག་གི་རྡོ་རྗེའི་ལྟེ་བ་གྲུབ་པ་ཡིན། དེ་ལྟར་རྡོ་རྭ་དང་ཟླ་གདན་ཕུད་འཕྲོས་སྟེང་འོག་པདྨ་དང་རྡོ་རྗེའི་ལྟེ་བ་དབུས་རའི་ཆ་གསུམ་དུ་འགྱུར་བ་ནི་རྡོ་རྗེའི་ཚད་ཡིན་པ་གསུངས་སོ། ། དེ་ནས་དབུས་རྭའི་འོག་ནི་ཟླུམ་པོ་དབུས་རྭ་གྲུ་བཞི་དྲང་ལ་རྩེ་རྣོ་བ་ཅན་དང་། དབུས་རྭར་རྐེད་དཀྲིས་གསུམ་དང་ལྡན་པ་བྱས་ནས་རྭ་མཚམས་རྣམས་སུ་འབྲུའི་ཚད་དེ་སྟོང་ཆ་མཉམ་ཞིང་ནས་འབྲུའི་ཚད་ཙམ་བྱེ་དགོས་ལ། དབུས་རྭའི་སྐེད་པ་ཅུང་ཟད་སྦོམ་པ་དང་སྟེང་འོག་གཉིས་ཕྲ་བ། རྩེ་མོ་ཟླུམ་འབུར་ཅུང་ཟད་ལྷག་ཅིང་རྣོ་བ་ཅན། རྭ་གཞན་རྣམས་དབུས་སྦོམ་ཞིང་མཐའ་གཉིས་ཕྲ་བ་ཅན་ཏེ་རྩེ་རྣམས་དབུས་རྭར་ཟུག་པ་བཅས་དགོས་པར་གསུངས་སོ། ། དབུས་རྭའི་སྟོད་ཆ་ཟུར་བཞི་དགོས་པ་ཡིན་ཡང་གདན་དང་འཕྲད་མཚམས་སུ་རྩ་བ་ཟླུམ་པོ་དགོས་པར་གསུངས། ཟླ་གདན་གྱི་འོག་པད་འཁོར་རྣམས་རིམ་པ་བཞིན་རྩེ་མོ་ནས་རྩ་བའི་བར་རིམ་པ་བཞིན་རྒྱ་ཇེ་ཆེར་སོང་བ་ཞིག་དགོས་ལ། པདྨའི་ཁ་ཁྱེར་གྱི་རྩེ་ནས་ཟླུམ་པོ་བསྐོར་བར་ཟླ་གདན་ཡིན་ལ། རྡོ་རྗེ་ཆ་གསུམ་དུ་བགོ་བའི་ཚེ་ཟླ་བ་མུ་ཁྱུད་དབུས་ཀྱི་ཆར་བརྩི་དགོས་ལ་ལྟེ་བའི་གཡས་གཡོན་གཉིས་ཀྱི་མཐའ་འཁོར་དུ་རི་མོ་མུ་ཏིག་གི་ཕྲེང་བ་ལྟར་བསྐོར་ཞིང་ཁ་ཅིག་གི་ལྟེ་བར་ཧཱུྃ་ཡིག་འབྲི་དགོས་པ་ཡང་བཤད་དོ། ། དབུས་རྭ་མ་གཏོགས་རྭ་གཞན་རྣམས་ཆུ་སྲིན་གྱི་ཁ་ནས་འཐོན་པར་བྱ་དགོས་ཤིང་། དེ་ཡང་སམྦུ་ཊ་ལས། ཆུ་སྲིན་ཁ་ནས་བྱུང་བ་ཡི། །རྩེ་མོ་འོད་ཟེར་ཟླ་བར་གནས། །ཞེས་དང་མན་ངག་སྙེ་མ་ལས། །བསྟན་པ་ཚིགས་སུ་བཅད་དེ་འཆད། །རྭ་རྣམས་ཆུ་སྲིན་སོ་བར་ན། །གནས་ཤིང་སྣ་ཡི་སྟེང་དུ་ནི། །འབྲས་སའི་ལྐོག་པོའི་ཕྱེད་ཚད་ཙམ། །ཆུ་སྲིན་གདོང་ནི་རྭའི་བཞི་ཆ། །ཞེས་ཆུ་སྲིན་གྱི་སྣ་གདོང་རྭ་ཡི་བཞི་ཆའི་ཚད་དུ་འདོད། ། སྐབས་འགའ་ཞིག་ཏུ་ཆུ་སྲིན་གྱི་སྣ་ལ་སེངྒེ་སྣ་ཞེས་མིང་རྗེས་ནས་སྣ་རྩེ་ཕྱི་ལ་འཕགས་ཚད་ནས་འབྲུའི་ཚད་ཙམ་དུ་དགོས་ཞེས་རྡོ་རྗེ་མཁའ་འགྲོའི་རྒྱུད་སོགས་ལས་གསུངས། དེ་དག་ནི་རྩེ་ལྔ་རྩེ་དགུ་སོགས་ཐུན་མོང་གི་གྲུབ་ཆ་གཙོ་བོར་བཀོད་པ་ཡིན།

ད་ནི་མཚོན་བྱ་དོན་གྱི་རྡོ་རྗེ་དེ་ཉིད་མཚོན་བྱེད་རྟགས་ཀྱི་སྒོ་ནས་ཇི་ལྟར་མཚོན་པའི་དོན་ཅུང་ཟད་བཤད་ན། དབུས་རྭས་རིགས་ལྔའི་ནང་ཚན་དབུས་ཀྱི་མི་སྐྱོད་པ་མཚོན་ཞིང་དེ་བཞིན་དུ་ཤར་གྱི་རྭས་རྣམ་པ་སྣང་མཛད། ལྷོ་རྭས་རིན་ཆེན་འབྱུང་ལྡན། ནུབ་རྭས་འོད་དཔག་མེད། བྱང་རྭས་དོན་ཡོད་གྲུབ་པ་སྟེ་རྒྱལ་བ་རིགས་ལྔ་མཚོན་པར་གསུངས་ལ། རྭ་རྣམས་ཆུ་སྲིན་གྱི་ཁ་ནས་ཐོན་པ་དེས་སྙིང་རྗེའི་སེམས་ཅན་མི་བཏང་བར་མཚོན་པ་ཡིན་ནོ། །པདྨ་འདབ་བརྒྱད་དེ་ཤར་ཕྱོགས་ཀྱི་པད་འདབ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་སའི་སྙིང་པོ་གཉིས། དེ་བཞིན་དུ་ལྷོ་ཕྱོགས་ཀྱི་པད་འདབ་གཉིས་ཀྱིས་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་གཉིས། ནུབ་ཕྱོགས་ཀྱི་པད་འདབ་གཉིས་ཀྱིས་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་གཉིས། བྱང་ཕྱོགས་ཀྱི་པད་འདབ་གཉིས་ཀྱིས་བྱམས་པ་དང་སྒྲིབ་པ་རྣམ་སེལ་གཉིས་ཏེ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་ཆེན་བརྒྱད་མཚོན་པར་གསུངས་ལ། གཞན་ཡང་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་ཡང་དག་པའི་ལྟ་བ་དང་ཡང་དག་པའི་རྟོགས་པ། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ་དང་ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་ཀྱང་མཚོན་པར་བཞེད་དོ། །ཟླ་བའི་གདན་གྱིས་རིགས་ལྔའི་སངས་རྒྱས་ཀྱི་གདན་མཚོན་ཞིང་། རྡོ་རྗེའི་ལྟེ་བས་རྒྱལ་བ་རྡོ་རྗེ་འཆང་མཚོན་ཞིང་གཡས་གཡོན་གྱི་དཀྲིས་གཉིས་སངས་རྒྱས་ཀྱི་མཚན་དཔེའི་སྐུའི་ཕྲིན་ལས་གྱི་གདུལ་བྱའི་རྒྱུད་ལ་ཕན་བདེ་ཟད་མི་ཤེས་པའི་འོད་ཟེར་མུ་མཐའ་མེད་པ་འཕྲོ་བར་མཚོན། དབུས་རྭའི་སྐེད་དཀྲིས་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མཚོན་པ་དང་། ཡང་རྭ་ལྔས་མཁའ་འགྲོ་སྡེ་ལྔ་མཚོན་བྱེད་དུ་བཤད་པར་ཡང་སྣང་ངོ་། ། དེ་ལྟར་རྡོ་རྗེའི་མཚོན་དོན་རགས་རིམ་ཙམ་ཞུས་ཟིན་ཏོ། །

དེ་ཡང་རིམ་ལྔ་སྙིང་པོ་ལས། རྡོ་རྗེས་ཐབས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྐུ་མཚོན་ཞིང་། དྲིལ་བུའི་ཤེས་རབ་སྟོང་པ་ཆེན་པོ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྐུ་མཚོན་པ་ཡིན་ཞེས་གསུངས་སོ། །སྤྱིར་དྲིལ་བུ་ནི་དཀྲོལ་བྱའི་རོལ་མོའི་བྱེ་བྲག་ཅིག་ཡིན་ལ། དེའང་ཞིབ་ཏུ་བཤད་ན། མཁའ་འགྲོ་རྒྱ་མཚོ་ལས། དྲིལ་བུ་རྟག་ཏུ་ཆ་གསུམ་ཅན། །ལྷ་ཡིས་ཡང་དག་བརྒྱན་པར་བྱས། །ཞེས་དང་། རྒྱུད་ཆེན་རྡོ་རྗེ་མཁའ་འགྲོ་ལས། །ཀུན་ལ་འཁར་བའམ་ཡང་ན་ནི། །ལྕགས་གསུམ་ལ་ནི་དྲིལ་བུ་སྟེ། །ཆ་གསུམ་ལས་ནི་ལྡན་པར་བྱ། །ཞེས་གསུངས་ཏེ་དྲིལ་བུའི་རྒྱུ་ལྕགས་གསུམ་ནི་གསེར་དངུལ་ཟངས་གསུམ་བཞུས་ནས་བླུག་པ་ཞིག་བཤད་ཀྱང་། འདིར་དམིགས་བསལ་ཅན་ཡིན་མ་གཏོགས་ཡོངས་གྲགས་སུ་དྲིལ་རྒྱུ་མཁར་བ་ལྕགས་དང་ལི་སོགས་བཞུས་པ་དངོས་སུ་ལག་ལེན་དུ་བསྟར་བ་ཡོད་དོ། །ཚད་ནི་སྟོད་སྨད་སྟེང་འོག་བར་ཏེ་ཆ་གསུམ་དུ་བགོས་པའི་རང་གཟུགས་ཀྱི་གྲུབ་ཆ་དང་ལྡན་པར་ཞིག་དགོས་པར་གསུངས་ལ། དྲིལ་བུ་ཆེ་ཆུང་གི་ཚད་ནི་དྲིལ་བུའི་ཁོག་པའམ་ཟོ་བ་ཆ་གཅིག་དང་། བུམ་གདན་བུམ་པ་ཞལ་དང་བཅས་ཆ་གཅིག་དང་། པད་ཟླ་རྡོར་ཕྱེད་བཅས་ཆ་གཅིག་ཏུ་བྱས་ཏེ་ཆ་གསུམ་དུ་བགོ །དེ་ཡང་དྲིལ་བུའི་སྤྱི་ཚད་ལ་ཆ་དྲུག་བྱས་ཏེ་ཆ་གཉིས་ཁོག་པའམ་ཟོ་བ་དང་། ཆ་གཉིས་བུམ་གདན་ནས་ཤེས་རབ་ཀྱི་ཞལ་དང་། ཆ་གཉིས་པད་ཟླ་རྡོར་ཕྱེད་ལ་བྱེད་པ་ལེགས་པར་གསུངས་ཏེ། རྡོ་རྩེའི་པདྨའི་འདབས་རྣམ་སྣང་གི་ཞལ་སྐྱིན་འོག་ཏུ་བུམ་པའི་གདན་བྱས་པའི་སྟེགས་བུ་གྲུ་བཞིའི་དབྱིབས་དང་། དེའི་འོག་ཏུ་ཕྲེང་བ་སུམ་རིས་བརྩེགས་མ་ཅན་དབུ་རྩེའི་སྦྲེལ་མཚམས་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་བྱེད་དབྱུ་གུ་སྟེ་སྦུབས་གུའི་འོག་པདྨ་དང་ཁོག་པའི་ཡ་ཕུབ་ཡིན་ལ། དེ་ཡང་དབུ་རྩེ་ལྔ་པ་དང་དགུ་པ་གང་ཡིན་ཀྱང་། །རྣམ་སྣང་ཞལ་གྱི་གདན་འོག་བུམ་པ་ཁོ་ན་མ་གཏོགས། །ཕྲད་དུ་ཨ་ལོང་གི་བུག་པ་གསར་མའི་རྒྱུད་རྣམས་ལས་གསུང་པ་མ་མཐོང་བས་རྙིང་རྒྱུད་ཕུར་པའི་རྒྱུད་ལས་ཡོད་ཅེས་གྲགས་ཀྱང་དེ་དོན་ཐོས་པ་ཙམ་དུ་ཟད་དོ། །

དེ་ཡང་མཚོན་དོན་ནི་དྲིལ་བུའི་ཁོག་སྟོང་པས་ཟབ་མོ་སྟོང་ཉིད་མཚོན་བྱེད་ཡིན་ཏེ། རྒྱུད་ཆེན་རྡོ་རྗེ་མཁའ་འགྲོ་ལས། །དབུས་ཀྱི་ཁོག་པ་ཟབ་པ་དང་། །ཐམས་ཅད་དག་བྱེད་བཅུད་ཀྱི་གནས། །ཞེས་དང་གདན་བཞིའི་འགྲེལ་པ་ལས། །གསུངས་པའི་ཚིགས་སུ་བཅད་དེ་བྲི། །ཆོས་ཀྱི་ཞེས་པ་ཆོས་ཐམས་ཅད། །སྟོང་པ་ཉིད་དོ་ཞེས་བྱ་བའི། །སྒྲ་དེ་དྲིལ་བུས་སྒྲོག་པར་བསམ། །སྒྲ་ཡི་དག་པ་ཡིན་གསུངས་ཏེ། །ཐམས་ཅད་ནམ་མཁའི་མཚན་ཉིད་ཅན། །ནམ་མཁའ་མཉམ་པར་སྦྱོར་བ་ཡི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་པའང་དྲིལ་བུས་ཁོག་སྟོང་ལས་གྲགས་པའི་སྒྲ་དེས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཟབ་མོ་སྟོང་ཉིད་ཀྱི་རང་སྒྲ་མཚོན་པ་གསུངས་ལ། དྲིལ་བུའི་ནང་དྲིལ་ལྕེ་ལ་ཡེ་ཤེས་དབྱུག་གུ་ཞེས་བརྗོད་དེ། དེ་ཡང་ཡུལ་ཆོས་ཀྱི་དབྱིངས་འདུས་མ་བྱས་དང་། ཡུལ་ཅན་བདེ་ཆེན་པོའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབྱེར་མེད་དུ་མཚོན་པ་སྟེ། ཡུལ་དུས་གནས་སྐབས་ཀུན་ཏུ་སྟོང་ཉིད་ཀྱི་རང་སྒྲ་སྒྲོག་པ་བྱེད་པོར་དྲིལ་ལྕེས་མཚོན་ཞེས་རྡོ་རྗེ་གདན་བཞིའི་རྒྱུད་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་སམྤུ་ཊའི་རྒྱུད་སོགས་ལས་ནང་གི་ཡེ་ཤེས་མཚོན་བྱེད་དུ་དབྱུག་གུ་ནི་ཐམས་ཅད་སྤྲོ་ཞིང་སྡུད་པའོ་ཞེས་མཐུན་པར་གསུངས་པ་དང་། དེ་ཡང་དྲིལ་བུའི་ཁོག་སྟོང་གིས་འདོད་པའི་ཁམས་མཚོན་ཞིང་། ཡར་ཁེབས་ཀྱི་པདྨས་གཟུགས་ཀྱི་ཁམས་དང་། བུམ་པ་ནས་རྣམ་སྣང་གི་ཞལ་བར་གྱིས་གཟུགས་མེད་ཀྱི་ཁམས་མཚོན་པར་གསུངས་སོ། །

དེ་ལྟ་བུའི་དྲིལ་བུའི་སྒྲ་དེ་ཡིས་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་དབྱེར་མེད་ཀྱི་ཤེས་རབ་རང་ཞལ་ལྟ་བའི་ངང་སྲིད་པའི་སྡུག་བསྔལ་དྲུང་ནས་འབྱིན་ཞིང་ཡེ་ཤེས་བདུད་རྩིའི་གཏམ་པའི་བུམ་པའི་བཅུད་ཀྱིས་ཁམས་གསུམ་ཆོས་སྐུ་གདོད་མའི་ས་ལ་འགོད་པར་མཚོན་པ་ཡིན་ནོ། ། དྲིལ་བུ་ཡ་ཁེབས་ཀྱི་པད་འདབ་བརྒྱད་ཀྱི་ཤར་ནས་གཡོན་དུ་བསྐོར་ཏེ་ཡུམ་ལྔ་སྟེ། ཤར་དུ་ལཾ་ལས་ལོ་ཙ་ན་སངས་རྒྱས་སྤྱན་མ་དཀར་མོ་དང་། ལྷོར་མཾ་ལས་མ་མ་ཀི་སྔོན་མོ་དང་། ནུབ་ཏུ་པཾ་ལས་པནྜ་རཱ་ཝ་སི་ནི་གོས་དཀར་མོ། བྱང་དུ་ཏཾ་ལས་ཏཱ་རེ་མ་སྟེ་དམ་ཚིག་སྒྲོལ་མ་ལྗང་གུ་དང་། ཤར་ལྷོ་ནས་བརྩམས་གཡས་བསྐོར་གྱིས་ཟླ་བའི་སྟེང་དུ་བཾ་ཡིག་ས་བོན་ལས་ནོར་རྒྱུན་མ་སྐུ་མདོག་སེར་མོ་ལང་ཚོ་དར་ལ་བབ་པའི་རིན་པོ་ཆེའི་རྒྱན་དང་དར་ཟབ་ཀྱི་ན་བཟའ་གསོལ་བ། གཡས་ཕྱག་འབྲས་བུ་སོ་མའི་སྙེ་མ་དང་། ཕྱག་གཡོན་བུམ་པ་འཛིན་ཞིང་དགོས་འདོད་ནོར་གྱི་ཆར་རྒྱུན་འབེབས་ཤིང་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ལྷོ་ནུབ་ཏུ་ཙུཾ་ཡིག་དཀར་པོའི་ས་བོན་ལས་ཙུནྡ་དཀར་མོ་སྐུལ་བྱེད་མ་ཞལ་གཅིག་ཕྱག་བཞི་གཡས་པ་མཆོག་སྦྱིན་དང་གཡོན་པས་པུ་སྟི་དང་པདྨ། རྩ་ཕྱག་གཉིས་ཀྱི་ལྷུང་བཟེད་འཛིན་ཞིང་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། ། ནུབ་བྱང་དུ་བྷྲི་ཡིག་སེར་པོའི་ས་བོན་ལས་ཁྲོ་གཉེར་ཅན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་དང་ལྡན་ཞིང་། ཕྱག་གཡས་པ་དང་པོའི་མཆོག་སྦྱིན་དང་གཉིས་པས་བགྲང་ཕྲེང་འཛིན་པ། ཕྱག་གཡོན་དང་པོའི་དབྱུག་གུ་དང་གཉིས་པས་རིལ་བ་སྤྱི་བླུགས་འཛིན་པ། སྣང་མཐའི་དབུ་རྒྱན་ཅན་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གི་བཞུགས་པའོ། ། བྱང་ཤར་དུ་མཾ་ཡིག་ལྗང་གུའི་ས་བོན་ལས་མ་ལེ་མ་སྟེ་ཕྲེང་བ་མ་སྐུ་མདོག་སེར་མོ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་བཀླུབས་ཤིང་ཕྱག་གཉིས་ཀྱིས་པུལླ་དང་རྡོ་རྗེ་ཕྲེང་བ་འཛིན་ཞིང་སྒེག་མཛེས་ཞི་བའི་ཉམས་དང་ལྡན་ཞིང་གཡོན་ཕྱོགས་སུ་དབུ་དུད་པ་དང་བཅས་དོན་ཡོད་གྲུབ་པས་དབུར་རྒྱན་ཞིང་སེམས་མའི་སྐྱིལ་མོ་ཀྲུང་སྟེ་ཀུན་ཀྱང་ཟླ་བའི་གདན་ལ་བཞུགས་པའོ། །དེ་ལྟ་བུའི་སྟེང་གི་པདྨ་དང་ལོགས་ཀྱི་དྲ་བ་བརྒྱད་ཀྱི་ནང་དུ་ཕྱག་མཚན་འགོད་པར་གསུངས་པས། དྲིལ་བུའི་ཁོག་པའི་སྟོད་དུ་མུ་ཏིག་གི་ཕྲེང་བ་ཉིས་རིམ་གྱི་བར་དུ་རྡོ་རྗེ་ཕྲེད་ཉལ་གྱི་ཕྲེང་པའི་རི་མོའམ་སྐ་རགས་ཡོད་པ། དེ་འོག་ཏུ་ཙི་མགོ་བརྒྱད་ཀྱི་ཁ་ནས་རིན་པོ་ཆེ་དྲ་བ་དང་དྲ་བ་ཕྱེད་པ་དཔྱངས་པ། དྲ་བའི་ནང་དུ་ཤར་དུ་རྣམ་སྣང་མཚོན་བྱེད་འཁོར་ལོ་དང་། ལྷོར་རིན་འབྱུང་མཚོན་བྱེད་རིན་པོ་ཆེ་དང་། ནུབ་ཏུ་འོད་དཔག་མེད་མཚོན་བྱེད་པདྨ་དང་། བྱང་དུ་དོན་ཡོད་གྲུབ་པ་མཚོན་བྱེད་རལ་གྲི། ཤར་ལྷོར་སྤྱན་མ་མཚོན་བྱེད་སྤྱན་དང་། ལྷོ་ནུབ་ཏུ་མ་མ་ཀི་མཚོན་བྱེད་རྡོ་རྗེ་དང་། ནུབ་བྱང་དུ་གོས་དཀར་མོ་མཚོན་བྱེད་སྣ་ཚོགས་རྡོ་རྗེ། བྱང་ཤར་དུ་སྒྲོལ་མ་མཚོན་བྱེད་ཨུཏྤལ་སོགས་རིགས་ལྔ་མཚོན་པའི་ཕྱག་མཚན་གྱི་རི་མོས་མཛེས་པ། དེའི་འོག་ཏུ་འདབ་གཡེར་བའི་སྟེང་དུ་མུ་ཏིག་སོགས་ཀྱི་སྐ་རགས་ཉིས་གཤིབ་ཀྱི་བར་དུ་རྡོ་རྗེའི་ཕྲེང་པ་གྱེན་འགྲེང་ཟླུམ་པོས་བསྐོར་བ། ནང་དུ་དབྱུག་གུ་མཁའ་འགྲོ་གདོང་ངམ་དྲིལ་ལྕེ་ཟུར་བརྒྱད་ཅན་གྱིས་རྩ་འདབ་བརྒྱད་མཚོན་ཞིང་དཔྱངས་པ། ཁོག་པ་དང་། བུམ་ཞལ། རྡོར་རྩེ་བཅས་གོང་དུ་ཞུས་པའི་ཆ་གསུམ་པའི་དྲིལ་བུ་ལས་མ་འདས་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1