བོད་ཀྱི་ལོ་རྒྱུས་ཐོག་གི་ཁྲིམས་ཡིག་ཐོག་མ་ལ་དཔྱད་པ།

དངོས་གྲུབ་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


ཡིག་ཚང་གི་རིན་ཐང་ལ་དཔྱད་པ།

ཡིག་ཚང་འདིའི་མིང་ཆ་ཚང་ལ། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱི་མཛད་པ། ཞེས་དང་། བསྡུས་མིང་ལ་ལྡེའུ་ཆོས་འབྱུང་ཟེར། ཆོས་འབྱུང་འདི་བརྩམས་པའི་དུས་རབས་སྐོར་ལ། དཔེ་སྐྲུན་གསལ་བཤད་ལས། ཆོས་འབྱུང་འདི་ཉིད་ཀྱི་མཛད་པ་པོ་དུས་སྐབས་གང་ཞིག་དུ་བྱོན་པའི་སྐོར་མ་ཡིག་ནང་དུ་མ་གསལ་བ་དང་། འབྲེལ་ཡོད་ཀྱི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་བྱོན་པ་ཡན་ཆོད་ལས་མན་ཆད་ཀྱི་ལྷ་ཁང་དང་། དགོན་པ། མཁས་པ། ལོ་ཙཱ་བ་སོགས་ཀྱི་ལོ་རྒྱུས་གང་ཡང་འཁོད་མེད་པ་དེ་ལ་བརྟགས་ན་རྩོམ་པ་པོ་ལྡེའུ་ཇོ་སྲས་ཞུ་བའི་དམ་པ་དེ་ཉིད་ནི་བོད་ཀྱི་རབ་བྱུང་གཉིས་པའི་ས་གླང་སྟེ་སྤྱི་ལོ་1109ལོའི་གོང་རོལ་དུ་བྱོན་པའི་མཁས་པའི་དབང་པོ་ཞིག་ཡིན་པར་མངོན་པས་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ། ཞེས་གསལ་བ་ལ་བརྟག་ན་ཡིག་ཚང་འདི་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་ཤོས་དང་། ཁུངས་བཙན་ཤོས་ཤིག་ཡིན་པ་ར་སྤྲོད་བྱུང་ཡོད་འདུག འོ་ན་ཁྲིམས་ཡིག་འདི་གཏན་འབེབས་བྱས་པའི་དུས་རབས་ནམ་ཞིག་ཡིན་ཞེ་ན། བོད་ཀྱི་ལོ་རྒྱས་ཡིག་ཚང་རྣམས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོ་འཁྲུངས་དུས་ཀྱི་ལོ་ཚིགས་ལ་མི་འདྲ་བ་བརྒྱད་ཙམ་ཡོད་འདུག་པ་དེ་དག་ལས་འདིར་བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེའུ་མིག་ཏུ་དྲངས་པའི་སུམ་པའི་བསྟན་རྩིས་ལྟར་ན། རྒྱལ་པོ་གཉའ་ཁྲི་བཙན་པོ་འཁྲུངས་དུས་ནི་སྤྱི་ལོའི་གོང་གི་417པའི་ཤིང་བྱི་ལོ་དེར་ཡིན་པ་ངོས་འཛིན་བྱས་འདུག །དེ་ལྟར་ན་གཉའ་ཁྲི་བཙན་པོས་བོད་ཁམས་གཅིག་གྱུར་བྱས་པའི་དུས་ནི་ཧ་ལམ་སྤྱི་ལོའི་གོང་གི་ལོ་ངོ་360ཡས་མས་ཙམ་ཡིན་དགོས། དེས་ན་བོད་ཡུལ་ཁྲིམས་ཀྱི་ས་བོན་འདི་བྱུང་བ་ནས་ད་ལྟ་སྤྱི་ལོ་2020ལོའི་བར་ལོ་ངོ་2380ཙམ་སོང་ཡོད་འདུག །


ཁྲིམས་ཡིག་གི་ནང་དོན་ལ་དཔྱད་པ།

ཡེ་ནས་མཐོ་བ་ལ། ཞེས་པའི་དོན་ནི་རྒྱལ་པོ་རང་ཉིད་མཐོ་ཤོས་ཡིན་པའི་དོན། ཕྱག་ཚང་ལྷོ་དང་སྙགས། ཞེས་པ་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོས་བོད་ཁམས་དབང་དུ་བསྡུས་པ་དང༌། རང་གི་མཆན་ཁེབ་དཔུང་རོགས་ལ་ཡིད་ཆེས་པའི་མི་གཉིས་བསྐོ་གཞག་མཛད་པ་ལ་ཕྱག་ཚང་ཞེས་པའི་གོ་གནས་གནང༌། ཕྱག་ཚང་གང་ཞེ་ན། རུས་མིང་ལྷོ་དང་། རུས་མིང་སྙགས་གཉིས་པ་བསྟན་པས་སྐབས་དེར་བོད་ཡུལ་དུ་འཛམ་གླིང་སྤྱི་ལུགས་ལྟར་རུས་མིང་སྤྱོད་བཞིན་ཡོད་པའང་ཤེས་ཐུབ། དེ་ནས་ཕྱིང་པ་སྟག་རྩེར་བྱོན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ནས། བླ་ཡི་སྐུ་ལ་ཡ་རབས་རྣམས་ཀྱིས་བསྐོར་ནས། ཞེས་པའི་དོན་ནི། བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེའུ་མིག་ལས། དེ་ནས་རྒྱལ་སྲིད་སྐྱོང་བ་ལ་མེད་དུ་མི་རུང་བའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅའ་བའི་དགོས་པར་གཟིགས་ནས་རང་གི་ནང་བློན་ཆེ་རྒུ་རྣམས་དང་ལྷན་ཅིག་ཏུ་ཕྱིང་པ་སྟག་རྩེར་ཕེབས། ཕྱིང་པའི་གུར་ནང་དུ་བློན་ཆེན་ཆེ་རྒུ་རྣམས་འཚོགས་ཤིང༌། ཕྱི་ནས་སྐུ་སྲུང་དང༌། བྱ་ར་བ་རིམ་པ་མང་པོས་བསྐོར་ནས་བོད་ཀྱི་རྒྱལ་སྲིད་སྐྱོང་ཐབས་ཀྱི་ཁྲིམས་དང་ལས་ཀའི་ཁྲིམས་རྣམས་གཏན་འབེབས་གནང༌། ཞེས་འགྲེལ་བཤད་གནང་ཡོད་འདུག ། བླ་ཡི་སྐུ་ལ་ཡ་རབས་རྣམས་ཀྱིས་བསྐོར་ནས། ཞེས་པའི་དོན་ནི། བླ་ནི་གོང་གི་དོན་རྒྱལ་པོ་གཉའ་ཁྲི་བཙན་པོ་རང་ཉིད་དང་། དེ་ལ་ཡ་རབས་ཞེས་པ་བློན་ཆེན་པོ་ཡོན་ཏན་དང་ཐོབ་ཐང་ཡོད་པའི་བློན་པོ་རྣམས་ཀྱིས་བསྐོར་བའི་དོན་ཡིན། གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས། སྒྲུང་དང་ལྡེའུ་ནི་བྱུང་། གཙུག་ལག་ནི་རིག་གནས་ཡིན་པ་དེའི་ལམ་ལུགས་ནི་སྔར་བོན་གྱི་གཤེན་སྟོན་རྣམས་ཀྱི་ལུགས་ལྟར་བཅས་བཅོས་མེད་པ་རང་སོར་བཞག །སྐབས་དེར་ལོ་རྒྱུས་ཀྱི་ས་བོན་སྒྲུང་དང་། བློ་རིག་འཕེལ་སྐྱེད་ཀྱི་ཐབས་ལམ་ལྡེའུ་བཅས་ཀྱི་རིག་གནས་ལ་དར་རྒྱས་བཏང་། དགོངས་པ་འཕྲུལ་གྱི་རས་ཆགས་པས། གསང་གྲོས་རྣམ་གསུམ་གྱིས་ཕྱི་ནང་གི་དམིགས་ཕྱེ། ཞེས་པའི་དོན་ནི། དུས་གསུམ་ས་ལེར་གཟིགས་པ་ལྟ་བུའི་རིག་པའི་འཕྲུལ་འཁོར་གྱིས་དཔྱད་པས། བློ་རིག་དང་འཇོན་ཐང་ཆེ་བའི་བློན་པོའི་ཚོགས་པ་ཁག་སོ་སོས་ཕྱི་ནང་གི་སྲིད་དོན་ཆེ་ཕྲ་མཐའ་དག་ལ་རྗེས་དཔག་གི་སྒོ་ནས་ཞིབ་ཏུ་དཔྱད་པའི་ཚོགས་པ་གསང་གྲོས་རྣམ་གསུམ་ཞེས་པའི་སྒྲིག་འཛུགས་ཤིག་བཙུགས། ཞེས་པའི་དོན་ཡིན། མི་ལ་ཆད་གཉིས་དང་བཞེད་རྣམ་ལྔས་བོད་ཀྱི་ཁྲིམས་བཅས། ཡིག་ཚང་སྡེ་དགུ་དང་། དཔའ་ཚན་རྣམ་བརྒྱད་བཀའ་རིམ་པར་གནང་ཏེ་འཛམ་བུ་གླིང་ན་མཐའ་བཞིའི་རྒྱལ་པོ་བཞིས་ཀྱང་དཔྱ་འབུལ་ལོ། །ཞེས་པའི་དོན་ནི། དེ་ལྟར་གསང་གྲོས་རྣམ་གསུམ་གྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་ནི། ཆད་གཉིས་ཞེས་པ་བཟང་པོ་ལ་བྱ་དགའ་དང་ངན་པ་ལ་དམའ་འབེབས་ཀྱི་བཀའ་ཡིས་བཅད་པ་རིགས་གཉིས། བཞེད་ལྔ་ཞེས་པ། སྤུ་རྒྱལ་བཙན་པོའི་སྲིད་ཀྱི་ལམ་ཕྱོགས་བཞེད་པ་ལྔ་རྒྱུན་འཁྱོངས་བྱེད་དགོས་པའི་དོན་ཡིན། འོན་ཀྱང་བཞེད་པ་ལྔ་གང་ཡིན་ད་བར་ལོ་རྒྱུས་ཡིག་ཚང་གང་ལས་ཀྱང་མ་མཐོང་། ཡིག་ཚང་སྡེ་དགུ། བློན་པོ་རྣམས་ཀྱི་སོ་སོའི་བྱས་རྗེས་ལྟར་གཏན་ལ་ཕབ་པའི་གོ་གནས་ཀྱི་རིམ་དགུ་གཏན་འབེབས་གནང་བའི་དོན་ཡིན། དཔའ་ཚན་རྣམ་བརྒྱད། སྤུ་རྒྱལ་བཙན་པོའི་དམག་གི་གཡུལ་འགྱེད་པའི་སྐབས་སུ་སོ་སོའི་དཔའ་རྟགས་དང་བསྟུན་པའི་དམག་དཔོན་ཆེ་ཆུང་རིམ་པ་སོ་སོའི་གོ་གནས་མཚོན་བྱེད་ཀྱི་ལས་རྟགས་ཀྱང་གཏན་འབེབས་བྱས་པ་ཞིག་ཡིན། འཛམ་བུ་གླིང་ན་མཐའ་བཞིའི་རྒྱལ་པོ་བཞིས་ཀྱང་དཔྱ་འབུལ། ཞེས་པ་བོད་ཀྱི་ཉེ་སྐོར་ན་ཡོད་པའི་རྒྱལ་ཕྲན་དག་གིས་ཀྱང་དཔྱ་ཁྲལ་ཕུལ་དགོས་པའི་སྟོབས་ཤུགས་ཡོད་པའི་དོན་ཡིན། །

མདོར་བསྡུས་ནས་ཁྲིམས་ཡིག་འདིའི་ནང་དོན་ལ་དཔྱད་པ།

བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་ལས་འདིའི་ནང་དོན་ལ་སྒྲིག་གཞིའི་སྐོར་དང་། ཁྲིམས་ཀྱི་སྐོར་ཏེ་སྡེ་ཚན་གཉིས་སུ་ཕྱེས་ནས་དཔྱད་པ་གཏོང་ཡོད་དེ།

(1) ལས་ཁུངས་ཀྱི་སྒྲིག་གཞིའི་སྐོར་ལ།

སྲིད་ཀྱི་ཇུས་གཞི་བཀོད་པའི་སྒྲིག་གཞི་མཐོ་ཤོས་ལ “གསང་གྲོས་རྣམ་གསུམ” ཟེར། དེའི་ལས་འགན་གཙོ་བོ་ནི་རྒྱལ་ཁམས་ཡོངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན། ཆོས་ལུགས། རིག་གནས་བཅས་ཀྱི་ཐད་ལ་འགྱུར་བ་གལ་ཆེན་བྱུང་ཚེ། དེ་ལ་དཔྱད་པ་དང་གྲོས་མོལ་གནང་ཞིང་གནས་ལུགས་གཏན་ལ་ཕབ་སྟེ་ཕྱི་ནང་གི་དམིགས་དབྱེ། དེའང་གནད་དོན་གྱི་ངོ་བོ་གལ་ཆེ་ཆུང་དང་བསྟུན་པ་སོགས་ཀྱི་དབྱེ་བས་གསང་གྲོས་ལས་ཁུངས་ལའང་མཐོ་དམན་རིམ་པ་གསུམ་དུ་ཕྱེས་ཡོད་པ་ལ་གསང་གྲོས་རྣམ་གསུམ་ཟེར། །ཆོས་དང་རིག་གནས་ཀྱི་ལས་ཀ་བྱེད་ས་ལ “གཙུག་ལག་ཁང”ཟེར། དེའི་ནང་གཙོ་བོ་བོན་གྱི་རིག་གཞུང་རྣམས་སློབ་སྦྱོང་བྱེད་ཅིང༌། ལྷ་གསོལ་བ་དང༌། གཡང་སྒྲུབ་པ། གཏོ་འཕེན་པ། ཡས་རྫོང་བ་བཅས་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་ཡོད་པ་མ་ཟད། རྒན་པོ་ཚོས་སྔར་བོད་མིའི་འགྲོ་བ་བྱུང་ཚུལ་དང༌། མངའ་མཛད་དཔོན་པོ་བྱུང་ཚུལ། ཆོས་དང་རིག་གནས་དར་ཚུལ་སོགས་ཀྱི་སྒྲུང་གཏམ་བཤད་ནས་བྱིས་པ་དང༌། ལོ་གཞོན་རྣམས་ལ་རིག་གནས་ཀྱི་རྒྱུན་སྤེལ་ཞིང་ཡོད་པ་དང་། ལྡེའུ་ཞེས་པ་བློ་རིག་འཕེལ་ཐབས་སུ་གབ་ཚིག་འདྲི་བ་དང༌། ཁེད་འཇོག་པ་སོགས་རིག་པ་མང་པོ་རྩེ་སྲོལ་བྱུང་ཡོད། །

(2) ཁྲིམས་ཀྱི་སྐོར་ལ།

ཆོས་ལུགས་བྱེད་སྒོ་དང༌། རིག་གནས་དར་སྤེལ་བྱེད་ཚུལ་རྣམས་སྔར་བོན་གྱི་སྟོན་པ་གཤེན་རབ་ཀྱི་ལུགས་ལྟར་ལག་ལེན་མཛད། བྱ་བ་ཡག་པོ་བྱེད་མཁན་ལ་བསྟོད་བསྔགས་དང་དཔའ་དར་གནང་དགོས་པ་དང༌། མི་དགེ་བའི་བྱ་བ་སྡུག་པོ་བྱེད་མཁན་ལ་དམའ་འབེབས་དང༌། ལུས་ལ་གཅོད་རྡུང་དང༌། ནོར་ལ་འཕྲོག་ལེན་བྱ་རྒྱུའི་ལུགས་སྲོལ་གཏན་འབེབས་གནང་བ་ལ་“ཆད་གཉིས” ཞེས་གྲགས། “ཡིག་ཚང་སྡེ་དགུ”ཞེས་པ། རྒྱལ་པོའི་གཞུང་ལ་བྱས་རྗེས་ཆེ་བའི་མི་དེའི་ཁྱིམ་ཚང་ལ་གོ་གནས་སྤྲོད་པ་དང༌། བྱས་རྗེས་ཆེ་ཆུང་ལྟར་གོ་གནས་ཀྱི་རིམ་པ་དགུ་ཕྱེས་ཡོད། དེ་དག་ཞིབ་ཕྲའི་མིང་མི་འདུག་ཀྱང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཁྲིམས་ཡིག་ནང་དུ་ཡོད་པའི་གསེར་ཡིག་དང༌། གཡུ་ཡིག །དངུལ་ཡིག །ཕྲ་མན་ཡི་གེ། ཟངས་ཡིག །ལྕགས་ཡིག་སོགས་རིམ་པ་དགུ་གཏན་འབེབས་གནང་བ་དེ་དག་དང་གཅིག་ཡིན་ངེས། དམག་དང་གཡུལ་ལ་ཐུན་མོང་མ་ཡིན་པའི་དཔའ་རྟགས་ཅན་གྱི་དཔའ་བོ་རྣམས་ལ་གཟེངས་བསྟོད་བྱ་བའི་ཆེད་དུ་“དཔའ་ཚན་རྣམ་བརྒྱད” ཅེས་པའང་། སྟག་སྟོད་སྟག་སྨད་གཉིས། ཟེར་ཆེན་ཟེར་ཆུང་གཉིས། གམ་རས་སྟག་སློག་གཉིས་ཟེར་བ་སྲོང་བཙན་སྐབས་སུ་དཔའ་ཚན་དྲུག་གཏན་འབེབས་བྱས་ཡོད་པ་དེ་དག་ཡིན་པར་ངེས། མདོར་ན་གཉའ་ཁྲི་བཙན་པོས་བོད་ཁམས་བདག་ཏུ་བཟུང་རྗེས། སྲིད་སྐྱོང་ལམ་ལུགས་ཀྱི་ཁྲིམས་དང༌། སྒྲིག་གཞི་གསར་དུ་གཏན་འབེབས་གནང་ངོ་། ། 

རྩོམ་པ་པོ། དངོས་གྲུབ་སྒྲོལ་མ། སི་ཁྲོན་མི་རིགས་སློབ་གླིང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1