བོད་ཀྱི་སྐད་ཡིག་སྦྱོང་བར་ཐོག་མར་བོད་ཀྱི་བརྡ་སྤྲོད་ཤེས་བྱ་སྦྱང་དགོས་པའི་གལ་ཆེན་རང་བཞིན་སྐོར་རོབ་ཙམ་གླེང་བ།
འཛོམས་ཕྲུག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25
དང་པོ། བོད་ཀྱི་བརྡ་སྤྲོད་རིག་པའི་སྦྱང་བྱ་དང་སྦྱང་དགོས་པའི་གལ་ཆེན་རང་བཞིན་སྐོར།
རང་རེའི་བོད་ཀྱི་བརྡ་སྤྲོད་རིག་པ་ནི་དུས་རབས་བདུན་པའི་འགོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། སློབ་དཔོན་ཐོན་མི་སམ་བྷོ་ཊས་སྐབས་དེའི་བོད་སྤྱིའི་ཕལ་སྐད་ལ་བརྟག་དཔྱད་ནན་ཏན་མཛད་པའི་རྨང་གཞིའི་ཐོག་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་སོགས་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་བརྒྱད་བརྩམས་པ་གནང་བ་ནས་ད་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འདས་ཟིན་ལ། ལོ་ངོ་སྟོང་ཕྲག་གི་དུས་ཡུན་སོང་ན་ཡང་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་པའི་མིས་ཀློག་ཐུབ་པ་མ་ཟད་གོ་བ་ཡང་ལོན་ཐུབ་ཀྱི་ཡོད་པ་རེད། སྤྱིར་རང་རིགས་བོད་ལ་རིག་གནས་བཅུ་ཕྲག་གཅིག་ཡོད་ལ། རིག་གནས་དེ་རྣམས་གང་སློབ་ནའང་དེ་ལ་ཐོག་མར་འཇུག་པའི་སྒོ་ནི་སྒྲ་རིག་པ་སྟེ་བརྡ་སྤྲོད་རིག་པ་ཡིན། བརྡ་སྤྲོད་རིག་པ་ལ་སྦྱོང་བ་སྔོན་དུ་སོང་བ་གཞི་བྱས། དེ་ནས་རང་ཉིད་གང་ལ་མོས་པའི་རིག་པའི་གནས་དེར་སྦྱོང་བ་བྱས་ན་དེ་ལ་འཇུག་བདེ་ཞིང་སློབ་སླ་བ་ཡིན་ཏེ། ཐོན་མིའི་སུམ་ཅུ་བའི་གཞུང་ལས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་པ་ལྟར། ཐུན་མོང་དང་ཐུན་མིན་གྱི་རིག་གནས། སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས། སྤྱི་ཚོགས་དང་ཚན་རིག་གི་ཤེས་བྱ་སོགས་ཤེས་རིག་གང་འདྲ་ཞིག་ལ་སློབ་སྦྱོང་བྱ་དགོས་ན་ཐོག་མར་བརྡ་དག་ལ་བྱང་ཆུབ་པ་ཞིག་དགོས་པ་ནི་ཡོངས་གྲགས་ཤིག་རེད། དེའི་ཕྱིར་ཐོག་མར་སྦྱོང་དགོས་པ་ནི་བརྡ་སྤྲོད་རིག་པ་ཡིན་པ་ཤེས་དགོས། འོ་ན་བརྡ་སྤྲོད་རིག་པ་ལ་སྦྱང་ན་གཞུང་གང་དག་ལ་སྦྱོང་དགོས་ཤེ་ན། དེ་ལ་སྦྱོང་དགོས་པ་གསུམ་ཡོད་དེ། ཕྲད་དང་རྣམ་དབྱེ། བྱ་བའི་ལས་ཚིག །མིང་རྐྱང་བ་བཅས་ཀྱི་འཇུག་ཚུལ་གསལ་པོར་སྟོན་པའི་གཞུང་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ། དག་ཡིག་གི་གཞུང་བཅས་གསུམ་ལ་ངེས་པར་དུ་སྦྱང་དགོས་པ་ཡིན། དེ་ཡང་སུམ་ཅུ་བའི་གཞུང་ལ་སྦྱངས་ན་ཕྲད་དང་རྣམ་དབྱེའི་འཇུག་ཚུལ་ཤེས་པ་དང་། རྟགས་ཀྱི་འཇུག་པའི་གཞུང་ལ་སྦྱངས་ན་བྱ་བའི་ཚིག་གི་འཇུག་ཚུལ་ཤེས་པ་དང་། དག་ཡིག་གི་གཞུང་ལ་སྦྱངས་ན་མིང་རྐྱང་བའི་འཇུག་ཚུལ་གསལ་པོར་ཤེས་པ་ཡིན། དེ་གསུམ་ག་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་བྱས་ན། བོད་ཀྱི་བརྡ་ཡང་དག་པར་སྦྱོར་ཚུལ་གསལ་བོར་ཤེས་པ་ཡིན་ཏེ། དེ་གསུམ་གྱིས་བོད་སྐད་ཀྱི་བརྗོད་པ་མཐའ་དག་ལ་ཁྱབ་པའང་ཡིན་ནོ། །
གཉིས་པ། རང་གི་ཉམས་མྱོང་ཏོག་ཙམ་ལས་སློབ་ཆུང་སློབ་མར་བརྡ་སྤྲོད་ཤེས་བྱ་ཁྲིད་སྟངས་སྐོར་གྱི་ལྟ་ཚུལ་ཉུང་བསྡུས།
བོད་ཀྱི་བརྡ་སྤྲོད་རིག་པའི་རྗོད་བྱེད་ཀྱི་གཞུང་གསུམ་ནི་རྟགས་འཇུག་དང་སུམ་ཅུ་བ། དག་ཡིག་བཅས་གསུམ་ཡིན་ལ། དེའི་བརྗོད་བྱའི་ཤེས་བྱ་གསུམ་ནི་ཚོགས་གསུམ་སྟེ་ཡི་གེའི་ཚོགས་དང་མིང་གི་ཚོགས། ཚིག་གི་ཚོགས་བཅས་གསུམ་ཡིན་པ། དེའང་བོད་སྐད་ཡིག་གི་གྲུབ་ཆ་བཞི་ནི་སུམ་རྟགས་དག་གསུམ་དང་སྙན་ངག་བཅས་ཡིན་ཕྱིར། སློབ་མ་ཚོར་བརྡ་སྤྲོད་སློབ་ཚན་འཁྲིད་སྐབས་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཤེས་བྱའི་བར་གྱི་འབྲེལ་བ་དང་། བརྡ་སྤྲོད་ཤེས་བྱ་སྟེ་སུམ་རྟགས་དག་གསུམ་སྦྱོང་བའི་དགོས་པ་དེ་གསལ་བོར་འཆད་དགོས་པར་འདོད། སྤྱིར་སློབ་ཆུང་གི་བོད་ཡིག་དགེ་རྒན་ཞིག་ཡིན་ཕྱིན་སློབ་མར་སློབ་ཚན་གང་ཞིག་འཁྲིད་ཚེ་སློབ་ཚན་དེའི་ནང་དོན་དང་འབྲེལ་ཡོད་ཀྱི་ཤེས་བྱའམ་ལོ་རྒྱུས་རྒྱབ་ལྗོངས་མདོར་བསྡུས་ཙམ་གསལ་བཤད་བྱེད་དགོས་པ་ཚང་མས་མཁྱེན་གསལ་ལྟར་རེད། དེ་བཞིན་དུ་བརྡ་སྤྲོད་སློབ་ཚན་ཞིག་འཁྲིད་སྐབས་ཀྱང་དེ་དང་འབྲེལ་ཡོད་ཀྱི་ཤེས་བྱ་འཁྲིད་དགོས་སྙམ་སྟེ། ཐོག་མར་བརྡ་སྤྲོད་ཅེས་པར་འགྲེལ་བཤད་ཁ་གསལ་དོན་བསྡུས་ཤིག་བྱེད་དགོས་པར་འདོད། དེ་ཡང་བརྡ་སྤྲོད་ཅེས་པ་གོ་བརྡ་སྤྲོད་པ་ལ་གོ་དགོས་ཤིང་བརྡ་སྤྲོད་ནས་འཕྲོད་དགོས་ན་བརྡ་སྤྲོད་སློབ་ཚན་དག་མ་སྦྱོང་ཐབས་མེད་ཡིན་ཞེས་བརྡ་སྤྲོད་ཤེས་བྱ་སྦྱང་དགོས་པའི་གལ་ཆེན་རང་བཞིན་གསལ་བཤད་བྱེད་དགོས་ལ། གོང་དུ་ཞེས་པ་ལྟར་བོད་ཀྱི་སྐད་ཡིག་དང་བོད་ཀྱི་བརྡ་སྤྲོད་རིག་པའི་བར་གྱི་འབྲེལ་བ་དེ་ལོ་རིམ་སོ་སོའི་རྨང་གཞིའི་ཆུ་ཚད་དང་བསྟུན་ནས་གསལ་བཤད་བྱེད་དགོས། དཔེར་ན་བརྡ་སྤྲོད་སློབ་ཚན་ལས་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས་པ་འཁྲིད་པའི་དབང་དུ་བཏང་ན། དགེ་རྒན་གྱིས་ཐད་ཀར་དུ་དེ་རིང་ང་ཚོས་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྦྱང་རྒྱུ་ཡིན་ཞེས་བརྗོད་ནས་ཁྲིད་འདྲེན་བྱས་ཏེ་འཁྲིད་པ་མ་གཏོགས་གཞན་འབྲེལ་ཡོད་ཤེས་བྱ་ཅི་ཡང་ངོ་སྤྲོད་མ་བྱས་ན། སློབ་མ་ཚོས་སྦྱང་བྱ་དེ་བོད་ཡིག་ཡིན་པ་ཙམ་ལས་དེར་བརྡ་སྤྲོད་སློབ་ཚན་ཟེར་དགོས་པའི་རྒྱུ་མཚན་ཅི་ཡིན་པ། རང་རེའི་བོད་སྐད་ཡིག་དང་འབྲེལ་བ་ཅི་ཞིག་ཡོད་པ། བོད་ཀྱི་བརྡ་སྤྲོད་རིག་པ་དང་འབྲེལ་བ་ཅི་ཞིག་ཡོད་པ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ལྟ་བུར་མཚོན་ན་དེ་སུམ་རྟགས་དག་གསུམ་ལས་གང་གི་ཁོངས་སུ་གཏོགས་པ། སུམ་ཅུ་བ་ཞེས་པའི་བརྗོད་བྱ་གཙོ་བོ་གང་ཡིན་པ་སོགས་གསལ་བོར་རྟོགས་དཀའ་བས། ལོ་རིམ་ཇི་འདྲ་དམའ་ནའང་བརྡ་སྤྲོད་ཤེས་བྱ་སྦྱོང་བའི་དུས་ལ་སླེབས་ཚེ་འབྲེལ་ཡོད་ཤེས་བྱ་ཚད་དང་རན་པ་ཞིག་གམ་བརྡ་སྤྲོད་ཤེས་བྱ་སྦྱང་དགོས་པའི་གལ་ཆེན་རང་བཞིན་དེ་ངེས་པར་དུ་གསལ་བཤད་བྱེད་དགོས་སྙམ། ཁྱད་པར་དུ་བྱིས་པའི་དུས་འདིར་བློ་ལ་གང་བཟུང་རྣམས་ཕལ་ཆེར་ཚེ་གང་བོར་བརྗེད་རྒྱུ་མེད་པས་ཅིས་ཀྱང་གོ་སྐབས་མ་ཤོར་བར་བྱེད་པ་གལ་ཆེ་ཞེས་གསུངས་པ་ལྟར། སློབ་བུ་ཚོར་རྩ་ཚིག་དག་བློར་འཛིན་དགོས་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ལ། ཁྱོད་ཚོ་ནི་རང་མི་རིགས་ཀྱི་མ་འོངས་རྒྱུད་འཛིན་ཡིན་པས་ཕྲག་སྟེང་དུ་མ་བཀལ་རང་བབས་ཀྱི་འོས་འགན་ལྗིད་ཏིག་ཏིག་ཅིག་ཡོད་པ་དེ་ནི་སློབ་ལ་བརྩོན་ནས་བོད་སྐད་ཡིག་གི་བདག་པོར་འགྱུར་དགོས་པ་དེ་ཡིན་ཞེས་པ་དང་། ཁྱོད་ཚོ་ཚང་མས་འབད་པ་བྱོས་དང་ངེས་པ་དོན་གྱིས་འབྲས་བུ་ཐོབ་ཐུབ་པར་ཡིད་ཆེས་ཡོད་སོགས་སྐུལ་མ་ཡང་ཡང་བཏང་། དེ་ལྟར་གཙོ་བོ་དངོས་ཡོད་འཚོ་བ་དང་འབྲེལ་ནས་སློབ་སྦྱོང་གི་སྤྲོ་བ་སློང་བ་དང་། རྩ་ཚིག་བློར་འཛིན་པ། དཔེར་བརྗོད་ངོས་འཛིན། དཔེར་བརྗོད་མང་ཙམ་འབྲི་བ་བཅས་བྱས་པ་ན། སློབ་བུ་ཚོས་སྦྱོང་འདོད་ཀྱི་རེ་བའི་མིག་ཟུང་ཁྲ་ཆིལ་ལེར་གྱུར་ལ་སྤྲོ་བ་རྒྱས་ཏེ་བརྡ་སྤྲོད་སློབ་ཚན་དག་སྦྱང་དགོས་པའི་གལ་ཆེན་རང་བཞིན་རྟོགས་པས། སློབ་ཁྲིད་ལ་སྔར་ལས་ནན་ཏན་སྒོས་ཉན་པ་དང་བསམ་བློ་ཞིབ་ཏུ་བཏང་ནས་ལན་འདེབས་པ། དཔེར་བརྗོད་རང་གིས་འབྲི་ཅི་ཐུབ་བྱེད་པ། བརྡ་སྤྲོད་ཤེས་བྱ་ནི་རང་རིགས་བོད་ཀྱི་ཕ་སྐད་མ་ཡིག་སྦྱོང་བྱེད་ཀྱི་མ་ཡོད་ཐབས་མེད་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་པས་ནན་ཏན་གྱིས་སྦྱངས་ན་ཤེས་སླ་བ་སོགས་གོ་ནས་སློབ་སྦྱོང་གི་དཀའ་ཁག་སེལ་ཞིང་ལས་བྱའི་ཁུར་བོ་སྔར་ལས་ཇེ་ཡང་དུ་སོང་སྟབས་སློབ་བུ་མང་པོར་ཡར་ཐོན་མངོན་གསལ་དོད་པོ་བྱུང་མྱོང་། དེ་ལས་སློབ་བུ་འགས་མཐར་ཕྱིན་རྗེས་སློབ་འབྲིང་འགྲིམས་པ་ན་བོད་ཀྱི་བརྡ་སྤྲོད་ཤེས་བྱའི་སྐོར་རང་རང་སོ་སོར་ཡར་ཐོན་ཆེ་ལ་གོ་སླ་བར་གྱུར་ཡོད་ཅེས་ཟེར་མཁན་ཡང་ཡོད་མྱོང་། མ་གཞི་ང་རང་ལ་ཆ་མཚོན་ན་བརྡ་སྤྲོད་ཤེས་བྱའི་ཐད་ས་གཞིའི་རྡུལ་ཕྲན་ཙམ་ཡང་ཤེས་རྟོགས་མེད་ལ་ཕྱིའི་རྫིག་ཉམས་དང་བཅས་ཁྲིད་སྟེགས་སུ་བུད་དེ་སློབ་བུ་ཚོར་སློབ་ཁྲིད་བྱེད་ཁུལ་བྱས་བྱེད་བཞིན་པ་དེ་ནི་དངོས་གནས་རང་རྒྱུད་མ་འདུལ་བར་གཞན་སེམས་འདུལ་བ་གད་མོའི་གནས་ལས་མ་འདས་མོད། འོན་ཀྱང་སློབ་བུ་གཅིག་ལའང་ཕན་པ་ཅུང་ཙམ་རེ་ཡོད་ན་ཆོག་པར་འདོད་པས། གོང་དུ་ཞུས་པ་ལྟར་བརྡ་སྤྲོད་ཤེས་བྱ་འཁྲིད་པའི་སྐབས་སུ་ལོ་རིམ་སོ་སོའི་ཆུ་ཚད་དང་བསྟུན་ནས་འོས་འཚམ་གྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་མདོར་བསྡུས་དང་ཁ་གསལ་རེ་བྱེད་རྒྱུ་ནི་སློབ་ཚན་ཞིག་གི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད་བྱེད་པ་ལས་ཀྱང་གལ་ཆེ་བར་སྣང་ངོ་། །
གསུམ་པ། སྤྱིར་བོད་ཀྱི་སྐད་ཡིག་སྦྱོང་མཁན་ཞིག་ཡིན་ཚེ་བརྡ་སྤྲོད་ཤེས་བྱར་བྱང་ཆ་མེད་པའི་ཞན་ཆའི་སྐོར།
བརྡ་སྤྲོད་ནི་རིག་གནས་ཀུན་ལ་འཇུག་པའི་རྨང་གཞི་སྟེ་ཁང་པར་ཞུགས་སའི་སྒོ་མོ་ཆེ་ལྟ་བུ་ཡིན་ལ། སྐད་ཡིག་ཆུ་ཚད་ཀྱི་མཐོ་དམན་ཡང་ཤེས་བྱ་འདི་ཉིད་དཔྱིས་ཕྱིན་པར་བསླབས་མིན་ལ་འབྲེལ་བ་ངེས་ཅན་ཞིག་ཡོད། སྤྱིར་སློབ་གྲྭ་འགྲིམས་བཞིན་པའི་སློབ་མ་མིན་རུང་རང་ཅག་བོད་ཀྱི་རྒན་དར་གཞོན་གསུམ་ལས་བོད་ཡིག་ཤེས་མཁན་མང་ལ། ཀ་ངོས་ར་ངོས་ཟིན་པ་ཙམ་དང་ཕྲད་ཀློག་སྦྱོར་ཀློག་ཤེས་པ་ཙམ་གྱིས་བོད་ཡིག་ཅེས་པ་དེ་ཤེས་ཚར་སྙམ་ནས་ངས་བོད་ཡིག་ཤེས་ཞེས་བརྗོད་མཁན་ཡང་མང་། ཡིན་ནའང་བོད་ཀྱི་བརྡ་སྤྲོད་ཤེས་བྱའི་སྐོར་བྱང་ཆུབ་པ་ཞིག་མ་སྦྱངས་པས་ལག་ལེན་ཁྲོད་དུ་ཞན་ཆ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་དེ། དཔེར་ན་རང་རང་སོ་སོའི་རུས་མིང་ཙམ་མམ་ཡང་ན་ཡིག་འབྲུ་འགའ་འབྲི་དགོས་ཚེ་ཡི་གེའི་སྨྱུག་རིམ་བཞིན་དུ་འབྲི་ཤེས་པ་ཕར་ཞོག ཐ་ན་ཡིག་འབྲུ་དེ་དག་འཁྱག་འཁྱོག་ཅིག་བྲིས་ཡོད་པ་དེའང་ཡིག་ནོར་ཡིན་པ་དང་། ཚིག་འབྲུ་ཁ་ཤས་སམ་འཕྲིན་ཐུང་ཙམ་སོགས་སུ་ཡིག་ནོར་དང་ཚིག་སྐྱོན། ཕྲད་སྦྱོར་སྟངས་དང་ཚེག་ཤད་སྦྱོར་ཚུལ་ནོར་བ་སོགས་ཀྱི་ཞན་ཆ་ཡོད་པ་ནི་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད། དེ་མིན་ཚོང་ཁང་དང་ཇ་ཁང་། མགྲོན་ཁང་སོགས་ཀྱི་སྒོ་བྱང་ངོས་སུ་ཡིག་ནོར་ཆེས་ཆེ་བ་རེ་བྲིས་ཡོད་པའང་ཚང་མས་ཤེས་གསལ་ལྟར་སྣང་། ད་ལྟ་ཤེས་རིག་འཕྲུལ་གྱི་རྟ་མཆོག་གིས་བང་རྩལ་འགྲན་བཞིན་ཡོད་པའི་དུས་རབས་གསར་བ་འདིར། ཁ་པར་ཞེས་པ་འདི་ནི་ཚང་མའི་ལུས་དང་གྲིབ་མ་བཞིན་འགྲོགས་པའི་གྲོགས་མཆོག་ཅིག་ཏུ་གྱུར་ཡོད་ལ། དེ་ལས་སྐད་འཕྲིན་ངོས་སུ་རང་གིས་རང་ལ་གཅེས་མིང་རྫིག་པོ་རེ་བཏགས་པ་དེ་ཡང་ཡིག་ནོར་རྟ་ཙམ་རེ་བྲིས་ནས་ཚོགས་པ་སོ་སོའི་ནང་ནས་བོད་ཀྱི་སྐད་ཡིག་གམ་རང་རེའི་སྐྱིད་སྡུག་གླེང་བ། ཡང་ན་གྲོགས་ཚོམས་སུ་ཚིག་སྐྱོན་ཡིག་ནོར་ལ་སོགས་པའི་བརྒྱན་པའི་ཚིག་དུམ་རེ་བྲིས་ཏེ་ན་ཆུང་བྱིས་པའི་གོས་རྒྱན་ངོམ་པ་ལྟར་བཟའ་བཏུང་གྱོན་གོས་སྐོར་དག་དག་ངོམ་ངོམ་བྱེད་པ། ད་དུང་ལག་ལེན་སྤུ་ཙམ་མེད་པར་ཁ་ཕོ་ཆེན་པོས་མི་རིགས་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་དགོས་རབས་དག་བཤད་ཁུལ་བྱེད་པ་སོགས་ཁ་བཤད་ལག་སྟོང་མགོ་ཡོད་ཀླད་མེད། གཡོ་སྒྱུ་ཁྲམ་གསུམ་གྱིས་གཡོགས་ཡོད་མཁན་ཚོའང་བོད་ཡིག་ཤེས་མཁན་གྱི་གྲས་སུ་ཚུད་དམ། དེས་མ་ཟད་རྣམ་དག་བརྡ་སྤྲོད་གཞུང་ལུགས་ལ་མ་སྦྱངས་རྨོངས་པའི་ཕོ་ཚོད་ཀྱིས་འཆད་རྩོད་རྩོམ་པའི་ཁུར་འཁྱེར་མཁན་མང་སྟེ། གངས་ཅན་བརྡ་སྤྲོད་གཞུང་ལ་བརྩོན་པ་མི་བྱེད་པར་ཡིག་ནོར་ཚིག་སྐྱོན་དག་གིས་བཀང་བའི་རྩོམ་ཡིག་རེ་བྲིས་ཏེ་མཁས་མདོག་སྟོན་མཁན་ཡང་གང་མང་མང་མ་རེད་དམ། དེ་ནི་བོད་མིའི་ཁ་དཔེ་ལ། འགྲོ་མ་ཤེས་གོང་ནས་བརྒྱུགས། ཞེས་པ་ལྟར་བོད་ཡིག་འབྲི་ཀློག་ཙམ་ཡང་མ་ཤེས་པར་རྩོམ་པར་ཞུགས་ན་གད་མོའི་གནས་ལས་མ་འདས་སོ། །