པེ་ཅིང་ལ་མཚོན་ན་མིང་དུ་གྲགས་པའི་དགོན་སྡེ་མང་པོ་ཞིག་ཡོད་དེ། དཔེར་ན་དགའ་ལྡན་བྱིན་ཆགས་གླིང་(雍和宫)དང་། དུང་དམར་དགོན་པ(红螺寺)ལྟ་བུ། རེད་དེ། པེ་ཅིང་གྲོང་ཁྱེར་གྱི་ཉེ་འདབས་ན་དམིགས་བསལ་གྱི་དགོན་པ་ཞིག་ཡོད། དེར་དམངས་ཁྲོད་དུ“སྔོན་ལ་ཐན་ཀྲུ་དགོན་པ་ཡོད་ཅིང་། དེ་རྗེས་པེ་ཅིང་གྲོང་ཁྱེར་ཆགས་པ”ཞེས་པའི་ངག་རྒྱུན་འདུག །དེ་བཞིན་དུ་དགོན་པ་དེ་ཅིན་རྒྱལ་རབས་ནུབ་མའི་(西晋)སྐབས་ཀྱི་མིན་གོང་མའི་ཁྲི་ལོ་བཞི་པ་སྟེ་(愍帝建兴四年)སྤྱི་ལོ་316ལོར་ཕྱག་བཏབ་ཅིང་། ད་ལྟའི་བར་དུ་ལོ་ངོ་1700ལྷག་གི་ལོ་རྒྱུས་ལྡན་ཞིང་། ནང་བསྟན་ཆོས་ལུགས་པེ་ཅིང་དུ་དར་རྗེས་ཀྱི་ནང་བསྟན་དགོན་པ་ཐོག་མ་དེ་ཡིན། ལོ་རྒྱུས་ཐོག་དགོན་པ་དེར་ཐོག་མར་ཅཱ་ཧྥུའུ་དགོན་(嘉福寺)ཞེས་མཚན་གསོལ་ཞིང་། ཆིང་རྒྱལ་རབས་ཀྱི་སྐབས་སུ་གོང་མ་ཁང་ཞི་ཡིས་ཞིའུ་ཡུན་བསམ་གཏན་གླིང(岫云禅寺)ཞེས་མཚན་གསོལ་གནང་ཡོད། ཡིན་ཡང་དགོན་པའི་རྒྱབ་རོལ་ན་རྫིང་བུ་ཞིག་ཡོད་པ་དང་ཐན་ཀྲུ་རི་བོར་དར་ཤིང་སེར་པོ་ཤིན་ཏུ་མང་བས་དམངས་ཁྲོད་དུ་ཐན་ཀྲུ་དགོན་ཞེས་འབོད།
2019ལོའི་སྟོན་མགོར་གུས་མོ་པེ་ཅིང་དུ་འབྱོར་ཏེ་ལས་ཀའི་བར་གསེང་ནས་དགོན་པ་དེར་གནས་སྐོར་ཐེངས་གཅིག་ཕྱིན་པའི་གོ་སྐབས་རྙེད་དེ། གྲོང་ཁྱེར་གྱི་ལྟེ་བ་ནས་སྤྱི་ལེ་30ལྷག་བསྐྱོད་རྗེས་མུན་ཐུའོ་ཁུག་ཆུས་ཞེས་པར་འབྱོར་ཞིང་། གནས་འདི་ཐའེ་ཧང་རི་བོའི་རྒྱུད་ཡིན་པས། ཡུལ་ལྗོངས་མཛེས་ཤིང་སྡུག་པར་མ་ཟད་ལོ་རྒྱུས་ཐོག་རྒྱལ་རབས་སོ་སོས་འཕྲོག་རྩོད་བྱེད་ཆེ་བའི་ས་བབ་ཅིག་ཡིན་པར་སྐད། དགོན་པའི་སྒོ་ཆེན་ནས་རྡོ་སྐས་ཤིག་འཛེག་ནས་ཅུང་མ་འགོར་བར་སྤ་སེ་ཉོ་སར་སླེབས། ང་ཚོས་མི་རེས་སྒོར་50སྤྲད་དེ་སྤ་སེ་ཉོས་ཏེ་དགོན་པའི་ནང་དུ་ཕྱིན། དེ་ཡང་ཐོག་མར་གནམ་རྒྱལ་ལྷ་ཁང་གི་ནང་དུ་རྒྱལ་བ་བྱམས་པ་བཞུགས་ཡོད། ལྷ་ཁང་གི་མདུན་རོལ་ན་ཟངས་ཁོག་ཅིག་ཡོད་དེ། འདི་ནི་དགོན་པའི་རིན་པོ་ཆེ་གཉིས་ཀྱི་ནང་གསེས་གཅིག་རེད་འདུག།གནམ་རྒྱལ་ལྷ་ཁང་བསྐོར་ནས་སོང་བ་ན་ཚོམས་ཆེན་འདུ་ཁང་དུ་སླེབས་ཅིང་། བར་སྒོའི་ཐོག་གོང་མ་ཆའེན་ལུང་གི་ཕྱག་བྲིས་“福海珠轮”ཞེས་མཐོང་། ལྷ་ཁང་གི་སྒལ་གཞུང་གི་སྣེ་གཉིས་ན་བཻཌཱུརྱ་ལྗང་ཁུའི་ཁྱུང་གཤོག་ཆ་གཅིག་ལ་གསེར་གྱི་ཕྲེང་བ་རེ་བཏགས་ཡོད་པ་ལ། དེས་ཐོགས་འགོག་ཐུབ་པའི་བཤད་སྲོལ་ལྡན་ཟེར། ལྷ་ཁང་ནང་རོལ་དུ་དཀྱིལ་ན་སྟོན་པ་སངས་རྒྱས་ཀྱི་སྐུ་བཞུགས་ཤིང་གཡས་གཡོན་ན་བཙུན་པ་གཉིས་བཞུགས། ཤར་ནུབ་ཀྱི་སྣེ་གཉིས་སུ་གནས་བརྟན་བཅོ་བརྒྱད་ཀྱང་བཞུགས་འདུག
ཚོམས་ཆེན་འདུ་ཁང་བསྐོར་ནས་ཐོག་ཁང་གཉིས་ཅན་གྱི་ལྷ་ཁང་ཞིག་མཇལ་ཡོང་། འདི་ནི་རྣམ་པར་སྣང་མཛད་ཀྱི་ལྷ་ཁང་སྟེ། འོག་ཁང་དུ་རྒྱལ་བ་རིགས་ལྔའི་སྐུ་བཞུགས་པར་དཀྱིལ་དུ་བེེ་རོ་ཙ་ན་བཞུགས་འདུག །དེ་ཡང་ལྷ་ཁང་འདི་སྔོན་རྒྱལ་རབས་རིམ་བྱུང་གི་གོང་མ་རྣམས་ཀྱིས་བསྩལ་བའི་ཆོས་དཔེ་ཉར་ས་ཡིན།
སྟོན་ཁར་གནས་འདིར་ཡུལ་སྐོར་མཆོད་མཇལ་བྱེད་དུ་འོང་བའི་དད་ལྡན་མང་ཚོགས་ལ་མཚོན་ན། ལྟད་མོ་གཙོ་བོ་ཞིག་ཡོད་པ་ནི་ལྷ་ཁང་འདིའི་མདུན་རོལ་གྱི་མཐོ་ཚད་སྨི་40ཅན་གྱི་ཁམ་དཀར་སྡོང་པོ་དེ་ཡིན། སྡོང་པོ་དེ་ཐང་རྒྱལ་རབས་ཀྱི་སྐབས་སུ་བཙུགས་པ་དང་ད་ལྟའི་བར་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་ཞིང་། གོང་མ་ཆན་ལུང་གིས་སྡོང་པོ་དེར“གོང་མའི་སྡོང་པོ”ཞེས་མཚན་གསོལ། བཤད་སྲོལ་ལྟར་ན། ཆིང་རྒྱལ་རབས་ཀྱིས་སྐབས་སུ། གོང་མ་རེ་ཁྲི་རུ་འཁོད་སྐབས་སྡོང་པོ་དེར་ཡལ་ག་སྦོམ་པོ་རེ་སྐྱེས་པ་དང་། གོང་མ་རེ་སྐུ་གྲོངས་སྐབས་ཡལ་ག་རེ་ཆག་སྲིད་ཅེས་སྐད།
ང་ཚོས་ལྷ་ཁང་རེ་རེ་བཞིན་མཆོད་མཇལ་བྱས་ནས་སོང་སྟེ་སྤྱན་རས་གཟིགས་ཀྱི་ལྷ་ཁང་དུ་འབྱོར་སོང་། ལྷ་ཁང་འདི་ནས་སེ་ཆེན་རྒྱལ་པོ་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ཅན་ཞིག་ཤེས། ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་ལ་སྲས་བཅུ་དང་སྲས་མོ་བདུན་ཡོད་ཅིང་། སྲས་མོ་མིའོ་ཡན་ནི་ཆུང་དུས་ནས་དྲག་རྩལ་ལ་སྦྱངས་པ་དཔྱིས་ཕྱིན་ཏེ་ནས་སོན་རྗེས་ཡབ་གོང་མ་དང་མཉམ་དུ་ཕྱོགས་བཞིར་དཔུང་འཇུག་དམག་འཐབ་བྱེད་པར་ཕྱིན། དེ་ཡང་དམག་འཁྲུག་ཁྲོད་ཚེ་སྲོག་མང་པོ་ཤོར་བའི་ཡ་ང་བའི་གནས་ཚུལ་མང་པོ་མྱོང་བ་དང་། རྗེས་ནས་ནང་བསྟན་ཆོས་ལུགས་ཀྱིས་ཤུགས་རྐྱེན་འོག ། འཇིག་རྟེན་པའི་ལུགས་ལྟར་གནས་འགྲོ་མ་བྱས་པར་རབ་ཏུ་བྱུང་སྟེ། ཡབ་གོང་མ་དང་ཁོང་རང་ཉིད་ཀྱི་ཉེས་བསགས་ལ་འགྱོད་བཤགས་བྱས་པ་རེད། དེ་བཞིན་ཁོང་ཉིད་རབ་ཏུ་བྱུང་སའི་དགོན་པ་ཏག་ཏག་ཐན་ཀྲུ་དགོན་པ་ཡིན་པ་དང་། ཁོང་ཉིད་ཀྱིས་ཉིན་མཚན་རྟག་ཏུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ནས་པུས་མོ་གཉིས་སར་བཙུགས་ཏེ་ཁ་འདོན་དགེ་སྒྲུབ་བྱས་པས།མདུན་སའི་རྡོ་ལེབ་ཐོག་ཞབས་རྗེས་གསལ་པོ་དོད་ཡོད་ཅིང་། རྡོ་ལེབ་དེ་ད་ལྟའི་བར་དུ་ལྷ་ཁང་དེར་བཞུགས་ཡོད། གོང་མའི་སྲས་མོ་ཁོང་ཉིད་སྐུ་མྱ་ངན་ལས་འདས་རྗེས་གདུང་མཆོད་མཆོད་རྟེན་གླིང་དུ་བརྩེགས་ལྔ་ཅན་གྱི་སོ་ཕག་གི་སྐུ་གདུང་མཆོད་རྟེན་ཞིག་བཞེངས་པ་རེད།
ཐན་ཀྲུ་དགོན་པར་དགོན་པ་གཞན་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་གདུང་མཆོད་མཆོད་རྟེན་གླིང་ཡིན། རེད་དེ་ད་ཆ་ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་མེད་རྐྱེན་མཇལ་སྐོར་བྱས་མ་ཐུབ། དེའི་སྐོར་གྱི་ལོ་རྒྱུས་གནས་ཚུལ་ཐད་ནས་ཐེངས་འདིའི་འགྲུལ་བཞུད་ཁྲོད་ཅུང་རྒྱུས་ལོན་བྱུང་། དགོན་པ་འདི་ཕྱག་བཏབ་ནས་ད་ལྟའི་བར་རི་ཁྲོད་པ་བགྲང་ལས་འདས་པ་ཞིག་བྱུང་ལོས་ཡོད་དེ། ལྷག་པར་དུ་ཆོས་དཔོན་མིའོ་ཡན་ལྟ་བུའི་སྒྲུབ་པ་ཅན་ཀྱང་མི་ཉུང་བ་ཞིག་ཡོད་པས་རྒྱལ་རབས་རིམ་བྱུང་གི་སྐུ་གདུང་མཆོད་རྟེན་བཅུ་ཕྲག་འགའ་བཞེངས་འདུག །དགོན་པར་སྐོར་བ་ཐེངས་གཅིག་བྱས་ནས་རྒྱ་སྒོར་སླེབས་དུས་ཉི་འོད་ཀྱང་ནུབ་ཕྱོགས་སུ་དལ་བ་དལ་བུར་བཞུད་འགྲོ་བཞིན་འདུག་ལ། གནས་མཇལ་དུ་འོང་བའི་དད་ལྡན་མང་ཚོགས་ཀྱང་ཕལ་ཆེར་ཕྱིར་ལོག་སྟེ་དགོན་པའི་མཐའ་འཁོར་ན་ང་ཚོ་དང་འདྲ་བའི་ལྟ་སྐོར་བྱེད་བཞིན་པའི་མི་ཐར་ཐོར་མ་གཏོགས་ལུས་མེད་དོ། །