རླངས་འཁོར་བརྐུས་རྗེས་འགྲིམ་འགྲུལ་དོན་རྐྱེན་བཟོས་ན་སྐྱིན་ཚབ་སུས་གཞལ་དགོས་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25
གྱོད་དཔེ།
ན་ནིང་གི་ཟླ་12པའི་ཚེས་12ཉིན། རྡོ་རྗེ་ཡིས་རང་གི་འབད་བརྩོན་ལ་བརྟེན་ནས་རླངས་འཁོར་གསར་པ་ཞིག་ཉོས་པ་དང་། ཉིན་འགའ་འགོར་རྗེས་སྟབས་མ་ལེགས་པར་རྐུས་ལ་ཤོར། དེ་བས་ཁོས་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུས་ཀྱང་ད་རག་བར་དུ་གྲག་འགུལ་ཅི་ཡང་མ་བྱུང་། ཕྱིས་སུ་རྐུན་མས་ཁོའི་རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་བསླངས་ཏེ་ཚེ་རིང་ཞེས་པའི་མི་ཞིག་ལ་རྨས་སྐྱོན་བཟོས་པའི་གནས་ཚུལ་རྡོ་རྗེ་ལ་འབྱོར།
རྐུན་མས་འགྲིམ་འགྲུལ་དོན་རྐྱེན་བསླངས་རྗེས་བྲོས་བྱོལ་བྱས་པ་དང་། ཚེ་རིང་གིས་རླངས་འཁོར་གྱི་བདག་པོ་སྟེ་རྡོ་རྗེ་ཁྲིམས་ཁང་དུ་ཞུ་གཏུག་བྱས་པ་མ་ཟད། འབྲེལ་ཡོད་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་པ་ན། རྡོ་རྗེ་ཡིས་རང་ཉིད་ཀྱང་གནོད་འཚེ་ཕོག་མཁན་ཡིན་སྙམ་སྟེ་སྐྱིན་ཚབ་གཞལ་རྒྱུར་འཐད་པ་མ་བྱུང་།
ཕྲན་དཔྱད།
རང་རྒྱལ་གྱི《 དབང་གནོད་འགན་འཁྲིའི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། “རྐུ་དང་འཕྲོག་བཅོམ་མམ་ཡང་ན་བཙན་འཕྲོག་བྱས་པའི་རླངས་འཁོར་གྱིས་འགྲིམ་འགྲུལ་དོན་རྐྱེན་བསླངས་ཏེ་མི་གཞན་ལ་གནོད་སྐྱོན་བཟོས་ཚེ། རྐུ་འཕྲོག་བྱེད་མཁན་ནམ་ཡང་ན་བཙན་འཕྲོག་བྱེད་མཁན་གྱིས་སྐྱིན་ཚབ་གཞལ་འགན་འཁུར་དགོས་ལ། ཉེན་སྲུང་སྤྱི་གཉེར་ལས་ཁུངས་ཀྱིས་རླངས་འཁོར་གྱི་བཙན་ཤུགས་ཉེན་སྲུང་འགན་འཁྲིའི་ཚད་བཀག་གི་ཁྱབ་ཁོངས་ནང་མྱུར་སྐྱོབ་བྱས་པའི་འགྲོ་སོང་སྤྲད་དགོས་ཚེ། འགྲིམ་འགྲུལ་དོན་རྐྱེན་འགན་འཁུར་མི་ལ་བདའ་འདེད་བྱེད་དབང་ཡོད”ཅེས་བཀོད་ཡོད།
དེ་བས་གོང་གི་གྱོད་དོན་འདིར་གཞིགས་ན། རླངས་འཁོར་རྐུ་མཁན་གྱིས་སྐྱིན་ཚབ་གཞལ་འགན་འཁུར་དགོས་པ་དང་། རྡོ་རྗེ་ནི་མ་གཞི་ནས་གནོད་འཚེ་ཕོག་མཁན་ཡིན་ལ། འགྲིམ་འགྲུལ་དོན་རྐྱེན་བྱུང་བར་ནོར་འཆུག་ཅི་ཡང་བཟོས་མེད་པས་སྐྱིན་ཚབ་གཞལ་འགན་འཁུར་མི་དགོས། །