སྤྱོད་ལམ་དང་ཁྲིམས་ལུགས།
སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25
སྤྱོད་ལམ་ནི་ཁྲིམས་ལུགས་ཀྱི་རྨང་གཞི་ཡིན་ལ་ཁྲིམས་ལུགས་ནི་སྤྱོད་ལམ་ལ་ཚོད་འཛིན་བྱེད་ཅིག་ཡིན་པས་དེ་གཉིས་ནི་འབྲེལ་མེད་ཁ་ཁ་ཞིག་མིན་ཏེ། ང་ཚོས་ཁྲིམས་ལུགས་བེད་སྤྱོད་ནས་རང་ཉིད་ཀྱི་འོས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆོག་ལ། ཁྲིམས་ལུགས་ཀྱིས་ཀྱང་ང་ཚོའི་ཚད་བརྒལ་གྱི་བྱ་སྤྱོད་ལ་གཅུན་འདོམས་བྱ་ཆོག་པ་རེད། སྤྱོད་ལམ་ནི་འཚོ་བའི་ཁྲོད་ང་ཚོ་རང་ཉིད་ཀྱི་ལུས་དང་གྲིབ་མ་གནས་པ་བཞིན་དུ། ཁྲིམས་ལུགས་ཀྱང་ང་ཚོ་དང་གཏན་དུ་འགྲོགས་ཤིང་ལྷན་དུ་གནས་ནའང་ང་ཚོས་དེ་ལ་མཐོང་ཆེན་དང་བརྩི་འཇོག་མི་བྱ་བར་སྣང་མེད་དུ་བཞག་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ང་ཚོ་འཇིག་རྟེན་མི་ཆོས་ཀྱི་སྤྱོད་པ་ལས་རིང་དུ་འདས་ཟིན་ལ། ཁྲིམས་འགལ་གྱི་ཉེས་པའང་ཆེ་ཆེར་བཟོ་བཞིན་པ་མིག་མཐོང་ལག་ཟིན་ད་སྣང་།
དེ་ཡང་རང་རེའི་མི་རིགས་འདི་ནི་དད་པས་སེམས་རྒྱུད་ཀུན་ནས་ཕྱུག་པའི་མི་རིགས་ཤིག་ཡིན་པས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མཆོད་མཇལ་ལ་འགྲོ་བ་ནི་སྡིག་པའི་ལས་བཤགས་ཤིང་དགེ་བའི་ལས་སྒྲུབ་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ་རྒྱུན་ལྡན་དུའང་སྣང་། བོད་ཁུལ་གྱི་ས་ཆ་སོ་སོར་རྟེན་འགངས་ཆེན་དང་དགོན་སྡེ་མང་པོ་ཡོད་པས་རང་ཡུལ་སོ་སོ་ནས་མཆོད་མཇལ་ཞུ་རྒྱུ་ནི་ཅུང་ཟད་སླ་ནའང་། དད་ལྡན་གྱི་མཇལ་བ་མང་བའི་ལྷ་སའི་གཙུག་ལག་ཁང་གཙོར་གྱུར་བའི་ལྷ་སའི་དགོན་སྡེ་ཆེ་ཁག་ཏུ། ས་ཆ་དེ་གའི་མཇལ་བ་མ་གཏོགས་ད་དུང་བོད་ཁུལ་གྱི་ས་ཕྱོགས་གཞན་སོ་སོ་ནས་ཡོང་བའི་མཇལ་བའང་ཤིན་ཏུ་མང་བས་མཆོད་མཇལ་ཞུ་རྒྱུའི་ལས་ནི་ཅུང་ཟད་དཀའ་བའི་ཚོད་དུ་གདའ། ཉིན་རེ་བཞིན་མཇལ་བ་མང་པོ་ཞོགས་པ་ནས་གྲལ་བསྒྲིགས་ཏེ་མི་རེ་རེ་བཞིན་དུ་མཇལ་དགོས་པས། དུས་ཚོད་འགའི་རིང་དུ་གྲལ་བསྒྲིག་རྒྱུ་ནི་མཆོད་མཇལ་ཞུ་བའི་གོ་རིམ་ཁྲོད་ཀྱི་ལས་ཚེགས་ཆེ་ཤོས་དེ་རེད། ཡིན་ནའང་དད་པའི་སྟོབས་ཀྱིས་མཇལ་བ་མང་ཆེ་ཤོས་ཀྱིས་དེ་ནི་དཀའ་ལས་ཤིག་ལ་གཏན་ནས་བརྩི་བཞིན་མེད་ནའང་། མཇལ་བ་ཁ་ཤས་ཤིག་གིས་རང་ཉིད་ཀྱིས་མྱུར་བར་མཆོད་མཇལ་ཞུ་བསམས་ནས་གྲལ་མི་བསྒྲིག་པར་འཚང་ཁ་རྒྱག་པའམ་གྲལ་གྱི་བར་དུ་གསེབ་པའི་ཚུལ་གྱིས་མཆོད་མཇལ་ཞུ་བཞིན་ཡོད་པ་དང་སྔ་མོ་ནས་གྲལ་བསྒྲིགས་པ་དེ་ཚོ་སྣང་མེད་དུ་འཇོག་བཞིན་ཡོད། དེ་ལྟར་གྲལ་བར་དུ་གསེབ་ཐུབ་ཚེ་གདོང་ལ་རྒྱལ་ཁའི་འཛུམ་མདངས་མངོན་ཞིང་། མཆོད་མཇལ་ཞུས་ཚར་རྗེས་དེ་རིང་མཆོད་མཇལ་ཡག་པོ་ཞིག་ཞུ་ཐུབ་སོང་ཟེར་བའང་དངོས་སུ་ཐོས་མྱོང་བས་ཞིབ་ཏུ་འདང་རེ་བརྒྱབ་ན་ཧ་ལས་པ་ཞིག་ཏུ་སྣང་སྟེ། འཚང་ཁ་རྒྱག་པ་དང་གྲལ་བར་ལ་གསེབ་ནས་ཞུས་པའི་མཆོད་མཇལ་ནི་མཆོད་མཇལ་ཡག་པོ་ཞིག་ཡིན་ནམ། མཆོད་མཇལ་ཡག་པོ་ཞེས་པའི་ཡག་པོའི་དོན་དེ་གང་ལ་ཟེར། ས་ཆ་ལ་ལའི་ཁ་དཔེར་ལན་རེར་མི་ཡི་སྤྱོད་པ་ནི་དུད་འགྲོ་ཟོག་ལས་ཀྱང་ཞན་ཞེས་པའང་འདིའི་རིགས་ལ་ཟེར་བ་མིན་ནམ་སྙམ་པའི་སྣང་བ་ཞིག་ཀྱང་བཅོས་མིན་ཤུགས་ཀྱིས་སྐྱེས་འོངས། གཞན་ཡང་མཆོད་མཇལ་གྱི་གྲལ་སྒྲིག་སར་ལྕགས་ཀྱི་ར་བསྐོར་ནས་ཡོད་ནའང་། འཛེམ་བག་མེད་པར་དེ་ལ་འཛེགས་ནས་གྲལ་གྱི་བར་དུ་གསེབ་པ་ལ་སོགས་བཤད་ན་སྣང་བ་མེད་ཅིང་བསྟན་ན་གོ་བ་མེད་པ་ནི་‘དད་ལྡན’ཁྱོད་ལ་སུ་ཡིས་བསླབས་ཤིང་གང་གིས་གསུངས་པ་ཡིན་ནམ། སྤྱོད་པ་དེས་སྤྱི་བའི་ཁྲོམ་གྱི་རྒྱུན་ལྡན་གྱི་སྒྲིག་སྲོལ་ལ་གཏོར་བརླག་བྱས་ཤིང་སྤྱི་བའི་རྒྱུ་ནོར་ལའང་གཏོར་སྐྱོན་བཟོས་པས་ཁྲིམས་འགལ་ཡིན་ཞིང་། ཁྲིམས་ཀྱི་ངོས་ནས་གཅུན་འདོམས་བྱས་ཚེ་སྤྱོད་པ་དེའི་རིགས་ཀྱི་གནོད་སྐྱོན་ཆེ་ཆུང་ལ་བལྟས་ནས་མི་བུ་གང་དེས་ཚད་ངེས་ཅན་ཞིག་གི་སྐྱིན་ཚབ་དང་ཉིན་འགར་བཀག་སྐྱིལ་བྱེད་པ་སོགས་དེར་བསྟུན་གྱི་ཁྲིམས་ཐག་གཅད་ངེས།
དེ་ལྟར་རང་དོན་གཅིག་པུ་བསམས་པའི་དད་ལྡན་གྱི་མཇལ་བ་ཁྲིམས་འགལ་ཅན་དེའི་རིགས་ནི་མཆོད་མཇལ་ཞུ་ས་ཆེ་གྲས་ཁག་ཏུ་རྒྱུན་དུ་མཐོང་རྒྱུ་འདུག་སྟེ། གསོལ་འདེབས་དང་སྨོན་ལམ་རྒྱག་དུས་ཁ་ནས་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་བཞིན་དོན་དུ་རང་དོན་ཁོ་ན་བསམས་པའི་ལས་དེའི་རིགས་ནི་གཞན་གྱིས་བོད་མི་རྨོངས་དད་པ་ཟེར་བའི་གཞི་འཛིན་ས་ཞིག་ཀྱང་མ་ཡིན་ནམ། རང་རེའི་བོད་ཀྱི་ཁ་དཔེར་ཁ་བཤད་ཆུ་ཡི་ཝུ་ང་དང་ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་དོན་ཡང་དེ་ཡིན་ཏེ། ལྷག་པར་དུ་མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་པའི་སྨོན་ལམ་འགྲུབ་དགོས་ན། དེ་ལྟའི་བསམ་པ་དང་སྤྱོད་པ་རྒྱབ་འགལ་དུ་གྱུར་ནས་ཁྲིམས་འགལ་གྱིས་ལས་ཀྱིས་མི་གཞན་ལ་མངོན་ལྐོག་གང་རུང་ནས་གནོད་པ་བཟོས་པས་ནི་ག་ལ་འགྲུབ།
ད་དུང་བོད་ཁུལ་གྱི་ས་ཆ་ལ་ལར་ལུང་གནང་བའི་དུས་དང་དགོན་པའམ་རྟེན་རྫས་བྱིན་རླབས་ཅན་བཞེངས་ནས་ལེགས་པོར་གྲུབ་སྟེ་སྒོ་ཕྱེ་བའི་སྐབས་སུ། མཇལ་བ་མང་པོ་འཚང་ཁ་བརྒྱབ་ནས་མི་ལ་ལ་གཅིར་ལ་ཁད་བྱེད་པ་སོགས་ཀྱི་དོན་དག་ཀྱང་ནམ་རྒྱུན་ཐོས་རྒྱུ་དང་མཐོང་རྒྱུ་མང་པོ་འདུག །སྣང་ཚུལ་དེ་ལས་ང་ཚོའི་ཁྲིམས་ཀྱི་འདུ་ཤེས་མེད་པའི་སྤྱོད་པ་རྩིང་པོ་དག་གསལ་ལེར་མངོན་ཡོད་དེ། གལ་སྲིད་སྐབས་ཐོག་དེ་འདྲར་རང་ཉིད་ཀྱིས་འཚང་ཁ་བརྒྱབ་ནས་མི་གཞན་གྱི་ཚེ་སྲོག་གམ་རྒྱུ་ནོར་ལ་གནོད་སྐྱོན་བྱུང་ཚེ་ད་ནི་མཇལ་ཁ་ཐེངས་གཅིག་བླངས་ནས་ཉེས་པ་རུམ་གང་བསགས་པ་རེད། གོང་དུ་བཤད་པ་བཞིན་སྤྱི་བའི་ཁྲོམ་གྱི་སྒྲིག་སྲོལ་ལ་གཏོར་བརླག་བཟོས་པས་དེར་བསྟུན་གྱི་ཉེས་པ་འཁུར་དགོས་པར་མ་ཟད། འཚང་ཁ་རྒྱག་མཁན་གྱིས་གཞན་གྱི་རྒྱུ་ནོར་ལ་ཐེབས་པའི་གནོད་སྐྱོན་དང་ཚེ་སྲོག་གི་བདེ་ཐང་ལ་བཟོས་པའི་ཉེས་པ་ཡོངས་རྫོགས་ལ་འགན་འཁུར་དགོས། གཞན་ཡང་གནོད་པ་ཐེབས་མཁན་གྱིས་ཀྱང་ཁྲིམས་མཐུན་ངང་རང་ཉིད་ལ་གནོད་པ་གང་ཞིག་ཐེབས་པ་དང་གནོད་པ་གཏོང་མཁན་དུ་ཡིན་པ་སོགས་འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་ལ་ཞུ་གཏུག་བྱས་ནས། རང་གི་བདེ་ཐང་དང་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་ཆོག །མ་གཞིར་དེར་འདུས་ཀྱི་མི་ཚང་མའང་དད་པ་ཡོད་ཟེར་མཁན་དང་ཆོས་ལ་དགའ་མོས་བྱེད་མཁན། ལས་དགེ་སྡིག་གི་རྣམ་གཞག་ལ་ཡིད་ཆེས་མཁན་རྐྱང་རྐྱང་ཡིན་ནའང་། དོན་དངོས་སུ་སྡིག་པའི་ལས་འབའ་ཞིག་དོན་དུ་གཉེར་བཞིན་ཡོད་པས་དེས་ནི་ཕན་གང་ལ་འཐོག་ལྷ་ཆོས་དགེ་བ་ཕར་ཟད་མི་ཆོས་ཀུན་སྤྱོད་ལས་ཀྱང་རིང་དུ་འདས་ཤིང་ཁྲིམས་འགལ་གྱི་ཁྱབ་ཁོངས་སུ་ཚུད་པའི་ལས་དེ་ནི། གཤིས་འཇམ་སྤྱོད་བཟང་གི་ང་ཚོའི་མི་རིགས་འདིའི་སྟེང་དུ་བྱུང་དང་འབྱུང་མུས་སུ་མཆིས་པས། རང་སྟེང་ལ་འདང་རེ་བརྒྱབ་ནས་གཞན་སྟེང་དུ་དཔེ་རེ་བླངས་ན་མི་དགའ་འམ།
གང་ལྟར་དེ་ལྟའི་སྤྱོད་པ་ནི་དད་ལྡན་གྱི་མི་བུ་ཞིག་གི་བསྒྲུབ་བྱ་མ་ཡིན་པས། སེམས་ངན་བཅངས་ནས་མ་ཎི་བགྲང་བ་ལས་སེམས་བཟང་བཅངས་ནས་གླུ་ཆུང་བླངས་ན་དགའ་ལ། ཁྲིམས་འགལ་གྱི་སྤྱོད་པ་དེས་ནི་རང་གཞན་གཉིས་འཕུང་བར་བྱ་བས་དེའི་དགོས་པ་ནི་ཤིན་ཏུ་ཉག་ཕྲ། དེ་ལྟར་ང་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་གཞན་དོན་ཁོ་ནར་འབད་པ་ནི་མི་ནུས་ནའང་། མ་རབས་ཐ་ཤལ་གྱི་སྤྱོད་པ་དག་དང་རིང་དུ་གྱེས་ནས། ཁྲིམས་མཐུན་གྱི་སྤྱོད་པས་ཀུན་མཐུན་གྱི་ལས་བྱ་བ་ནི་ང་ཚོས་རང་ཉིད་ཀྱི་ལས་ལམ་ལེགས་པོ་ཞིག་ཏུ་གཏོད་པའི་རྒྱུའོ། །