དགུན་ཁ་སླེབས་པ་ནས་བཟུང་ཡུལ་ཁམས་ཐམས་ཅད་སྐམ་ཤས་ཆེ་བར་འགྱུར་བཞིན་ཡོད་པས། དེ་ནས་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་འབྱུང་པའི་ཉེན་ཁ་ཡང་ཆེ་བར་གྱུར་ཡོད།
མིའི་རིགས་ནི་ནགས་ཚལ་དང་ཁ་འབྲལ་ཐབས་མེད་དེ། ཚང་མས་མཁྱེན་གསལ་ལྟར་ནགས་ཚལ་གྱིས་རྒྱུན་མི་ཆད་པར་ང་ཚོར་དགོས་མཁོ་ཆེ་བའི་ཤིང་ཆ་དང་། ནུས་ཁུངས་དངོས་རྫས། རྩི་ཤིང་དང་སྲོག་ཆགས་ཀྱི་ཐོན་རྫས། རྫས་འགྱུར་བཟོས་རྫས། སྨན་རྫས་ལ་སོགས་ཐོན་རྫས་མང་པོ་ཞིག་སྦྱིན་བཞིན་ཡོད། དེ་དང་ཕྱོགས་མཚུངས་སུ་ནགས་ཚལ་ནས་ཆུ་འགོ་འབྱུང་བར། ཆུ་རྒྱུ་གཙང་མར་བཟོ་བ། ས་ཆུ་འཛིན་པ། དྲོད་ཚད་དང་གཤེར་ཚད་སྙོམ་པ། མཁའ་དབུགས་གཙང་མར་བཟོ་བ་ལ་སོགས་པ་ནུས་པ་ཆེན་པོ་ཐོན་བཞིན་ཡོད། དེ་བས་ནགས་ཚལ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་ཕྲག་དུ་ལྷུང་པའི་ལས་འགན་ཞིག་ཡིན།
1. མེ་སོན་ཁྱེར་ནས་ནགས་ཚལ་དང་རྩྭ་ཐང་དུ་སོང་ན་ཉེན་ཁ་ཆེ། ནགས་ཚལ་ནང་དུ་ཐ་མ་འཐེན་རྒྱུ་ནི་ཉེན་ཁ་ཧ་ཅང་ཆེན་པོ་རེད། ཐ་མག་ཐུང་ཐུང་ཞིག་གིས་ནགས་ཚལ་ཡོངས་རྫོགས་དེ་རྩ་མེད་གཏང་ཐུབ། ད་དུང་ནགས་ཚལ་དང་རྩྭ་ཐང་ནང་དུ་སྤྲོ་འཁྱམ་བྱས་ནས་ཇ་སྐོལ་པ་སོགས་བཟོས་རྒྱུ་ཡང་ཉེན་ཁ་ཆེ།
2. བསང་གཏོང་བདུག་སྤོས་སོགས་ཀྱི་མཆོད་འབུལ་བྱེད་པའི་ལུགས་སྲོལ་ང་ཚོས་རྒྱུན་འཛིན་བྱེད་ན་བཟང་པོ་རེད། འོན་ཀྱང་མེ་བདག་པོ་མ་བྱས་ན་མེ་སྐྱོན་འདྲ་བྱུང་ན་དཔེ་མི་སྲིད་པའི་ཆག་སྒོ་ཆེན་པོ་རེད། ཚང་མས་རི་འགོ་བསང་གཏོང་དུས་འདི་ལ་ཡིད་གཟབ་གནང་རོགས།
3. རི་ངོས་སྲེག་པ་དང་ས་རྒོད་བསྲེག་མི་རུང་། ས་རྒོད་བསྲེགས་ན་ནགས་རྩྭ་ལ་ལུད་བཏང་པ་དང་འདྲ་མོད། འོན་ཀྱང་དེ་ཡང་ཉེན་ཁ་ཆེན་པོ་ཞིག་རེད། སེམས་ཆུང་མ་བྱས་པར་མེ་ཤོར་ན་དེའི་མཇུག་འབྲས་ནི་དཔག་ཐབས་མེད་པ་ཞིག་རེད།
4. བྱིས་པ་རྣམས་ཀྱི་མེ་ཆ་སོགས་ཁྱེར་ནས་མེ་ཡིས་རྩེད་མོ་རྩེ་བ་ནི་ཉེན་ཁ་ཧ་ཅང་ཆེ་པའི་བྱ་བ་ཞིག་རེད། བྱིས་པ་ཆུང་ཆུང་ཚོ་མེ་ཟོན་གྱི་འདུ་ཤེས་ཅུང་ཞན་པའི་རྐྱེན་གྱིས། གལ་སྲིད་སྟབས་མ་ལེགས་བར་མེ་ཤོར་ན་རང་གཞན་གཉིས་ན་གནོད། དེ་བས་རྒན་པ་རྣམས་ཀྱིས་རང་རང་སོ་སོའི་བུ་ཕྲུག་ལ་བཀོད་པ་ཡག་པོ་བཏང་རོགས་གནང་། །