༄༅། །ལག་ཁྱེར་ཁ་པར་དང་འབྲེལ་བའི་རྒྱུན་ཤེས་གལ་ཆེན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


 

       ལག་ཁྱེར་ཁ་པར་གྱིས་བརྡ་འཕྲིན་སྐྱེལ་ལེན་བྱེད་སྐབས་བརྡ་རྟགས་སྐྱེལ་ལེན་ས་ཚིགས་ཀྱིས་བསྟུད་མར་སྐྱེད་བཞིན་པའི་རྡུལ་ཕྲན་འོད་རླབས་ལ་བརྟེན་གྱི་ཡོད།དེ་བས་ལག་ཁྱེར་ཁ་པར་དང་བརྡ་རྟགས་སྐྱེལ་ལེན་ས་ཚིགས་གཉིས་བར་གྱི་སྤྱི་མཐུན་བརྡ་སྤྲོད་སྐད་རིགས་ནི་གློག་རྡུལ་འོད་རླབས་ཡིན།ལག་ཁྱེར་ཁ་པར་གྱིས་རྡུལ་ཕྲན་འོད་རླབས་དེ་ང་ཚོས་ཁ་པར་གཏོང་སྐབས་ཁོ་ནར་སྐྱེད་པ་ཙམ་མིན།ཁ་པར་གྱིས་ང་ཚོར་ཚུར་སླེབས་པའི་འཕྲིན་ཐུང་དང་ཁ་པར་སོགས་དུས་ལྟར་ལེན་ཐུབ་ཆེད།རྒྱུན་ཆད་མེད་པར་རྡུལ་ཕྲན་འོད་རླབས་སྐྱེད་ཀྱི་ཡོད།སྐབས་འདིར་བསྐྱེད་པའི་རྡུལ་ཕྲན་འོད་རླབས་ང་ཚོས་ཁ་པར་གཏོང་བཞིན་པའི་སྐབས་སུ་བསྐྱེད་པའི་འོད་རླབས་ནང་བཞིན་གྱི་ནུས་ཤུགས་མེད་ཀྱང་།འདིས་བསྐྱེད་པའི་འོད་རླབས་ལ་བདེ་ཐང་ཐད་ཉེན་ཁ་མེད་པ་མིན།

        འཕྲོད་བསྟེན་ཚན་རིག་མཁས་པས་ཁུངས་སྐྱེལ་བྱས་པ་ལྟར་ན།གལ་སྲིད་ཁྱེད་ཀྱིས་ཁ་པར་བྲང་ཁུག་ཏུ་བཅུག་ན།དེས་སྙིང་གི་འཕར་ཚད་ལ་ཤུགས་རྐྱེན་ཐེབས་ཏེ།སྙིང་གཟེར་གྱི་ན་ཚ་སྐྱེད་པའི་ཉེན་ཁ་ཡོད་ལ།དེ་བཞིན་ཁྱེད་ཀྱིས་གློ་ཁུག་ཏུ་བཅུག་ན་མཁལ་མའི་ན་ཚ་སྐྱེད་པ་སོགས་མདོར་ན་ང་ཚོའི་གཟུགས་པོའི་དོན་ལྔ་གང་དང་ཉེ་སར་ཡུན་རིང་ལ་བཞག་ན་དེ་ལ་ན་ཚ་བཟོ་བའི་ཉེན་ཁ་ཚད་མཐོ་ཚུལ་བཀོད་ཡོད།ལྷག་པར་དུ་གཞོན་སྐྱེས་ཚོས་དོ་སྣང་བྱེད་དགོས་ས་ཞིག་ནི།བུད་མེད་ལ་མཚོན་ན་འདི་ནུ་མའི་སྟེང་དུ་ཉར་མི་རུང་ལ།གལ་ཏེ་དེ་ལྟར་བྱས་ན་ནུ་མར་གན་ཌིའི་ན་ཚ་སྐྱེད་པ་དང་།སྐྱེས་པར་མཚོན་ན་ཕོ་མཚན་དང་ཉེ་སར་ཉར་མི་རུང་།གལ་ཏེ་དེ་ལྟར་བྱས་ན་ས་བོན་སྐེམ་པར་བྱེད་ལ།དེ་ལས་ཀྱང་ཚབས་ཆེ་བ་ནི་མཚན་མའི་ཁྱད་ནུས་རྦད་དེ་འགོག་སྲིད་པ་དེ་རེད།

         སྤྱིར་འཕྲོད་བསྟེན་ལས་རིགས་པ་ཚོས་ཁ་པར་གྱིས་ཀླད་པ་གཙོ་བྱས་པའི་ང་ཚོའི་གཟུགས་གཞིར་སྐྱོན་བཟོ་བའི་སྐོར་གྱི་སྙན་ཐོ་དང་བཅས་ལོ་སྣེར་ལོ་བསྟུད་དེ་ཁྲིམས་གཏུགས་བྱས་ཀྱང་།དེང་གི་འཛམ་གླིང་འདིར་དངུལ་གྱིས་མི་འགྲུབ་པའི་བྱ་བ་ཕལ་ཆེར་སྲིད་མཐའ་ཙམ་ཡིན་ ལ།ནང་སྒོས་སུ་ལག་ཁྱེར་ཁ་པར་གྱི་བཟོ་ཚོང་སྡེ་ཁག་རྣམས་ཧ་ཅང་རྒྱུ་སྟོབས་ཆེ་བས།ད་བར་གནད་ལ་འཁེལ་བའི་ཐག་གཅོད་བྱེད་ཐུབ་མེད།ནུབ་ཕྱོགས་སུ་ལག་ཁྱེར་ཁ་པར་གྱིས་སྤྱོད་མཁན་གྱི་ཀླད་པར་སྐྱོན་བཟོས་རྐྱེན།འབྲེལ་ཡོད་བཟོ་ཚོང་སྡེ་དག་ནས་ཨ་སྒོར་ས་ཡ་མང་བོའི་གྱོང་གསབ་སྤྲོད་དགོས་བྱུང་བའི་གནས་ཚུལ་ཡོད་མོད། གཞུང་འབྲེལ་གྱི་ཐོག་ནས་གནས་ཚུལ་དེ་དག་ཚད་འཛིན་སར་ངོས་འཛིན་བྱེད་ཀྱི་མེད།

        ཡང་ གཅིག་བཤད་ན། ང་ཚོ་ནི་འཕྲུལ་རིག་གི་དུས་རབས་སུ་སྐྱེས་པ་ཡིན་པས་འཕྲུལ་ཆས་འདི་རིགས་ཡོངས་ སུ་སྤོང་ཐུབ་པ་དཀའ་མོ་རེད། འོན་ཀྱང་ང་ཚོར་མཚོན་ན། རང་ཉིད་ཀྱི་བདེ་ཐང་ལ་གནོད་འཚེ་ཐེབས་ཚེ། ཨ་སྒོར་ས་ཡ་འགའ་ཕར་ཞོག་ཚུར་དགོངས་སེལ་ཞུ་མཁན་ཡང་མེད་ལ་དེ་འདྲ་ཡོད་པའི་དབང་ དུ་བཏང་ཡང་མི་ལུས་འདི་གང་གིས་ཀྱང་སླར་ཉོ་ཐབས་མེད། དེ་བས་ཐབས་ཤེས་ལེགས་ཤོས་ནི་ལག་ཁྱེར་ཁ་པར་འདི་ལོགས་སུ་ཁུག་མ་ཞིག་གི་ནང་དུ་ འཁྱེར་ན་གོང་བཀོད་ཀྱི་ཉེན་ཁ་དག་ལས་གཡོལ་སྲིད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1