༄༅། །སྟོང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


 (ཞར་བཀོད་སྙན་ངག་བཞི།)
           
ལག་པའི་ངོས་ཀྱི་རི་མོ་ལ་ས་རྡུལ་འགོས་པས
གྲིབ་མའི་གམ་གྱི་རླུང་དང་འོད་རུལ་ནས་མྱགས་སོང
མི་ཚོགས་གཤར་ནས་ལམ་དུ་བུད་རྗེས
ཁྱོད་ཁོ་ན
འགུལ་མི་ཤེས་པའི་རྡོ་བ་ཆུང་ཆུང་དག་གི་གསེང་དུ་དགོད
              སྤྱི་ལོ༢༠༡༤ལོའི་ཟླ༢པའི་ཚེས༡༠ཉིན་ཕ་ཡུལ་དུ།


ཆབ་ཆ་རུ་རླུང་བུ་ཤི་འདུག
                  
ཉི་འོད་ཀྱི་ཟེར་མ་རེ་རེ
ས་གྲུ་བཞིའི་ལྷ་ཚོགས་ལ་བཅིབས་ནས་ལམ་དུ་ཤར
རྨི་ལམ་མ་ཡིན་པའི་གསང་བ་ཅི་ཞིག
མཐོ་དམའ་སྙོམས་པའི་ཉི་ཟླ་རི་བོའི་མགུལ་དུ་གསེག
རླངས་འཁོར་གྱི་འགྲུལ་བཞུད་ཀྱིས
སུན་སྣང་སྐྱེས་པའི་མི་རྣམས་ཁང་བར་བཅུག

གཏན་དུ་མི་བརྗེད་པ 
གྲང་ངར་དང་འོད་སྣང་ལ་འབྱར་བའི་རི་མོ
སྨྱོན་པའི་ཟིན་ཐོ་ལྟ་བུའི་ཡིག་འབྲུ་འདི་དག 
ང་རང་ནམ་ཡང་ཁེར་རྐྱང་མིན་པའི་བདེན་དཔང་ཡིན
གཏམ་གྱི་ཀློང་དུ་འཛུལ་བའི་ས་གྲུ་བཞིའི་རླུང
གནའ་དང་མའི་སྐྱོ་སྡུག་གི་ལག་པར
རུལ་ཞིང་མྱགས

ཆབ་ཆ་རུ་རླུང་བུ་ཤི་འདུག
ཁྱོད་རང་མེད་པའི་ཉིན་མཚན་དག
ནད་ཐོའི་ངོས་སུ་གཤར་བའི་ཡིག་ནོར་དག་གིས་གླེང

བཞུར་མ་ཐུབ་པའི་མིག་ཆུ་མཐའ་དག
ལག་མཐིལ་ནས་ཉི་མས་བསྐམས་སོང
ལྡེ་མིག་བཟུང་བའི་མི་ཞིག
གློ་བུར རྡོ་ལ་ཐོགས་ཏེ་ཐང་དུ་འགྱེལ

ཆབ་ཆ་རུ་རླུང་མ་ལྡང་བའི་ཡར་སྔོན
ས་རྡུལ་དང་རྡོ་ཟེགས་སྣོད་དུ་འཇུག་དགོས      

སྤྱི་ལོ༢༠༡༤ལོའི་ཟླ༣པའི་ཚེས༢༧ཉིན་ཆབ་ཆ་རུ།


ཟི་ལིང་གི་ས་སྲོད།

མཐོ་རུ་འཕགས་པའི་སྤྲིན་གྱི་མེ་ཏོག
སྟོན་ཀ་རུམ་པའི་རྒྱང་རིང་གི་ལམ་དང་འདྲེས
ས་རྡུལ་གཅིག་པུས
ལྷིང་འཇགས་ཀྱི་ས་སྲོད་དྲན་ཡོང

ཁྱོད་དང་འདྲ་བར  
བསིལ་ཞིང་འཇམ་པའི་རླུང་བུ་ཞིག་ག་ལེར་ལྡང་སྟེ
ང་ཡི་ཡ་ཆུང་དུ་ཟུག
མཚན་མོའི་རྨི་ལམ་གྱི་གསེང་ན
ཁྱོད་ཧ་ཅང་མཛེས

གནས་འདི་ནི
ཟི་ལིང་གི་དཀྱིལ་སྙིང་ཐང་ཆེན་ཡིན་པས
དེ་རིང་དང་དེ་རིང་མིན་པ་དག་ལ
མི་ཚོགས་ཀྱི་རྡོག་སྒྲར་ཆད་རྒྱུ་མི་འདུག་ཟེར

ཆར་བ་བབས་རྗེས་ཀྱི་དྭངས་གཙང
འཆི་མི་སྲིད་པའི་བརྩེ་དུངས་ཀྱི་གཙང་བོར་འཁྱིལ
ལག་པ་ཡར་ལ་འགྱོགས་ཁར
ངས་ཅིས་ཀྱང་ཁྱོད་ཀྱི་མིང་ནས་འབོད་འོས

ཁུར་མོང་གི་སྙིང་གར་བཞག་པའི་གདུང་བས
མཚན་ལྗོངས་ཀྱི་མཚར་སྡུག་དང་ཁྱོད་རང་ཡུག་གཅིག་ཏུ་གླེང
སྐབས་འདིར    སྐོར་བྲོའི་སྟངས་སྟབས་ཁོ་ནས་ཀྱང
ང་ཡིས་སྒྱུ་རྩལ་གྱི་གླིང་བུ་ཁེར་བུར་བུས་ཆོག

ད་ལྟ    ངས་ཁེར་རྐྱང་དྲན་མི་ཕོད
རྒྱང་རིང་གི་མནོ་བསམ་ངོས་སུ་བཞུར་བ
ཁེར་རྐྱང་དང་འབྲེལ་བ་མེད་དེ
ལམ་འགྲམ་གྱི་གློག་སྒྲོན་གསལ་དུས
ང་རང་ཁྱིམ་དུ་ལོག་དགོས
        ༢༠༡༤།༠༨།༡༠ཉིན་ཟི་ལིང་དུ།


གྲོང་ཁྱེར་གྱི་ཁ་བ།

མེ་སྟག་མཆེད་པའམ་ཞི་བ་ལྟ་བུའི་དུས་བཞིའི་མཛེས་སྡུག་གི་ཀློང་ནས
ཁྱོད་ཀྱིས    སྐད་གསེང་མཐོན་པོས
ཁ་བ་ལ་ལྷ་ཡི་བདུད་རྩི་ཞེས་འབོད་པ་ཐོས

ཞོགས་པར    ཁ་བ་བབས་རྗེས
ང་རང་སླར་ཡང་གཉིད་དུ་ཡུར
ཁ་པར་ཐོན་པའི་བརྡ་གཏོང་བྱེད་ཀྱི་རོལ་དབྱངས
གཏན་ནས་མ་ཐོས   
ཕྱི་རོལ་གྱི་ཁོར་ཡུག་དཀར་ཞིང་གཙང
དཀར་ཞིང་གཙང་བས
གྲང་ཤུར་ཤུར་གྱི་སྣང་བ་ཞིག་ཀྱང་སྦྱིན་ཡོང
དེས་ནི
མི་རྣམས་ཕྱིར་རང་གི་སྡོད་ཁང་དང་གཞུང་ལས་ཁང་དུ་ཟློག་པར་བྱེད

ཨར་འདམ་གྱི་སྲང་ལམ་དག་ན་རླངས་འཁོར་གྱི་ཆོ་ངེ་ཉུང
གློ་བུར་ཆག་པའི་ཡལ་ག་དང་ས་རུ་ལྷུང་བའི་འདབ་ལོས
ཁ་གཏད་ཀྱི་ཁང་བརྩེགས་མཐོན་པོར་ཞུ་བ་འཐེན་ཞིང
གྲང་རླུང་ཁོག་ཅེས་པ་ནི་རྒྱང་ལ་ཕྱོགས་པའི་མིག་ཟུང་མིན

ཡང་བསྐྱར་ཁ་བ་འབབ་ཀྱིན་འདུག
ཕྱི་རོལ་དུ
དེ་རིང     ང་ཁོ་ན་ཧ་ཅང་གྲང
ཡང་ན     སྙིང་ཉེ་བའི་མི་རྣམས་ཧ་ཅང་གྲང
སྒེའུ་ཁུང་ཕྱེས་ཏེ་ནམ་མཁར་ཅེར་དུས
རང་དབང་དང་རྨི་ལམ་གྱི་བར་ན
མཛེས་སྡུག་གི་བར་ཐག་གཅིག་པུས་ང་རང་གླེང

ཕྱིར་མིག་གི་དྲན་པ་བོར་མཁན་ནི
མིག་ཆུ་ཐེངས་མང་ཕུལ་མྱོང་བའི་ཁྱོད་རང་ཡིན་པས
དགའ་སྐྱོ་ཆགས་སྡང་གི་འཚོ་བའི་ཟུར་རེར
དེ་རིང་བབས་པའི་ཁ་བ་འདིས
ན་ཟུག་དང་བརྩེ་དུང་རུམ་ནས་སྡོད་དགོས་སམ

ཕྱི་རོལ་གྱི་ཁ་བ་དྭངས་ཤིང་གཙང
སྒོ་གླེགས་འཐེན་ཏེ་ཕྱི་རུ་འབུད་དུས
ཇེ་འཁྱག་ཏུ་སོང་བའི་གནམ་གཤིས་རྩུབ་མོ
གྲོང་ཁྱེར་གྱི་འུར་ཟིང་དང་འགྲོགས
རྐང་ཐང་གིས་གཅིག་པུར་ལམ་དུ་སྐྱོད་དུས
ཞོགས་པའམ་ས་སྲོད་ལྟ་བུའི
ཡང་ན་ཁ་བ་ལྟ་བུའི
ངས་ཅིས་ཀྱང་རང་ཉིད་ཀྱི་མི་ཚེ་བཀླག་འོས

                 ༢༠༡༤།༡༠།༡༡ཉིན།

 

དྲག་བཙན་རང་གྲོལ་དྲན་པ།

གཞི་རིམ་ན་དྲག་ཏུ་འབར་བའི་མེ་ལྕེ་སེར་པོས
ཁྱེད་ཀྱི་ན་ཆུང་གི་མཛེས་སྡུག་དྲོད་ཀྱིས་བསྐྱངས
ལང་ཚོ་གླེང་སྟེ་ཡུན་རིང་མ་འགོར་བར
སུ་ཡི་ཁྲག་དང་རུས་པ
གློ་རྡེག    རྡུལ་ལ་འདྲེས་ཏེ་མི་མཐོང་བར་གྱུར

གང་ལྟར   རླུང་ལྟར་འཚུབ་པ
ཁྱེད་ཀྱི་ཚེ་སྲོག་གིས་བཏང་བའི་འབོད་པ་རེ་རེ་སྟེ
གདུང་བ་བཏེགས་ཏེ་ལམ་ལ་ཆས་དུས
ང་ཚོས་མིག་ཆུ་ལྟ་བུའི་སྙིང་གཏམ་གླེང་ཆོག
ཧམ་དྲི་འཐུལ་བའི་ལྷ་འདྲེ་གདོན་བགེགས་ཀྱི་མཆེ་བ
ང་ཚོ་བཞིན་ཁེར་རྐྱང་དུ་ལུས་པར་བྱ

དོ་ནུབ    ཕྱི་རོལ་ན་མུན་པ་ལས་ཅི་ཡང་མེད
མུན་པའི་གསེང་གི་ལྷིང་འཇགས
ངའི་ལག་ཟུང་དང་ཇི་འདྲའི་ཉེ་ཨང
ཀྭ་ཡེ    བྲག་ཅར་རྩེན་པའི་སྒྲ་དེ་ཅི་རེད
སྟུག་ཅིང་རྣོ་བའི་ཚེར་མ་དང་སྡེར་མོའི་ཚོགས
ཅིས་ཀྱང་གློག་འོད་ཀྱིས་བཞུ་ཐབས་བྱོས

རྒྱང་རིང་གླེང་མཁན་དག་ཆང་གིས་བཟི་ན་འོས

དོ་ནུབ    ངས་ཁྱེད་གཅིག་པུ་དྲན་དུས
རང་ཉིད་གསོན་མ་མྱོང་བའི་ལོ་ཟླ་དེ་ཉིད
ཁང་བའི་གྱང་ངོས་སུ་བཞུར་ཞིང
རྒྱུ་འབྲས་མེད་པའི་ཡིག་འབྲུ་རྙིང་བ་འགའ
ལྕགས་ཐབ་དུ་ཙོག་སྟེ་སྨྱོས་འདུག

ཀོག་ནས་ནུར་བའི་སྐར་མདའ་ཆག་པོ་ཞིག
ས་རུ་མ་ལྷུང
ང་ཡི་མལ་ཁྲིར་ཉལ་ཏེ་རྨི་ལམ་ལས་ལྡོག་མཁན
ཁྱེད་ཀྱི་འཕུར་ཤེས་པའི་མིག་མདངས་སོ

               ༢༠༡༤།༡༡།༣༠ཉིན་ཟི་ལིང་དུ།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1