གནམ་ལོ་གསར་ཚེས་ཀྱི་དུས་སུ་བོད་ལྗོངས་ཀྱི་དུད་ཁྱིམ་ཚང་མས་བསིལ་སྐམ་ཚགས་ཤ་ཉོས་ནས་ལོ་གསར་ལ་གྲ་སྒྲིག་བྱེད་ཀྱིན་ཡོད།
ཉེ་ཆར་གསར་འགོད་པ་ཁྲེང་ཀོན་ཆུས་ཚེ་སྲུང་ཐང་ནུབ་ལམ་དུ་སྐྱོད་སྐབས་ཁྲོམ་གཞུང་གི་གཡས་གཡོན་དུ་གུར་ཕུབ་ཡོད་པ་མཐོང་ཞིང་། དེར་འབྲོག་པ་ཚོས་ཚགས་ཤ་བཤམས་ནས་དེའི་ཐོག་གི་ཐལ་རྡུལ་ཕྱི་བདར་བྱས་ཏེ་ཕྱི་ཚོང་བྱེད་རྒྱུ་གྲ་སྒྲིག་བྱེད་བཞིན་མཆིས།
“ཤ་ཉོའམ། ངེད་ཚང་གི་ཚགས་ཤའི་དྲོ་བ་ཞིམ་ལ་རིན་གོང་ཁེ་པོ་ཡོད”ཅེས་བཀྲ་ཤིས་འཛུམ་དང་བཅས་དེ་ལྟར་བཤད། ཁོང་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གཉན་གྲོང་ཤང་ནས་ཡིན་ཞིང་། ན་ནིང་ཟླ11པའི་ཟླ་དཀྱིལ་ནས་བཟུང་གྲོགས་པོ་དང་མཉམ་དུ་ཕ་ཡུལ་ནས་ལྷ་ས་གྲོང་ཁྱེར་དུ་ཚགས་ཤ་འཚོང་བར་ཡོང་བ་རེད།
ཉོ་མཁན་རྣམས་ཀྱིས་བཀྲ་ཤིས་ཚང་གི་ཚགས་ཤ་ལ་དགའ་བསུ་ཆེན་པོ་བྱེད་པ་དང་། ཁོང་གིས་འཁྱེར་ཡོང་བའི་ཚགས་ཤ་རྒྱ་མ་ཁྲི་དྲུག་བདུན་དེ་ད་ཆ་རྒྱ་མ5000ཙམ་ལས་ལྷག་མེད། “ཚགས་ཤ་སྐམ་པོ་འདི་དག་ལས་ཁ་ཤས་ནི་ངས་ཕ་ཡུལ་ནས་བསིལ་སྐམ་བྱས་རྗེས་འཁྱེར་ཡོང་བ་ཡིན་ལ་ཁ་ཤས་ནི་འདི་གར་བསིལ་སྐམ་བྱས་པ་ཡིན། ངེད་ཚང་གི་ཚགས་ཤ་ཧ་ཅང་བྲིན་པོ་ཡོད་པས་བཙོངས་ཚར་རྗེས་ཕ་ཡུལ་ལ་ལོ་གསར་རོལ་དུ་འགྲོ་རྒྱུ་ཡིན”ཞེས་བཀྲ་ཤིས་ཀྱིས་འཛུམ་དང་བཅས་དེ་ལྟར་བཤད།
ད་ལོར་ལོ24ལ་སླེབས་པའི་བློ་ཚེ་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ནས་ཡིན་པ་དང་། ཁོང་གིས་གསར་འགོད་པར་ཆུང་དུས་དུད་ཁྱིམ་ཚང་མས་ཆུ་ཤུར་རྫོང་གི་ཁེར་གཉེར་དུད་ཚང་ནས་ཚགས་ཤ་ཉོ་དགོས་ཀྱང་། ད་ཆ་འབྲོག་པ་ཚུར་ཡོང་ནས་ཚགས་ཤ་གཅིག་སྡུད་ཐོག་འཚོང་གིན་ཡོད་པས་སྟབས་ཧ་ཅང་བདེ་པོ་ཡོད་ལ་ཤ་ཡི་སྤུས་ཚད་ཀྱང་ཧ་ཅང་ཡག་པོ་འདུག
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མདུན་སུག་གི་ཤ་རྒྱ་མ་རེར་གོང་སྒོར37ནས38བར་ཡིན་ལ་རྐང་ཤ་རྒྱ་མ་རེར་གོང་སྒོར45འམ་ཡང་ན46བར་ཡིན་པ་དང་། བསིལ་སྐམ་ཚགས་ཤ་རྒྱ་མ་རེའི་རིན་གོང་ནི་སྒོར230ནས250བྱས་ཏེ་འཚོང་གིན་ཡོད། གལ་སྲིད་དགོས་མཁོ་ཡོད་ཚེ་ཚོང་པས་ཁྱེད་ལ་ཤ་གཏུབ་རོགས་བྱེད་ཀྱིན་ཡོད།