[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་བོད་བཙན་པོའི་དུས་ཀྱི་ལུགས་ཀྱི་བསྟན་བཅོས་དང་བཀའ་གཙིགས་ཀྱི་རྡོ་རིང་ཡི་གེ བཀའ་ཁྲིམས་ཀྱི་གཏན་འབེབས་སོགས་ལ་བརྟེན་ནས། ཏུན་ཧོང་བོད་ཡིག་ཤོག་དྲིལ་ཨང་རྟགསpe1. tib.0992ཏེ། 《མྱིའི་སྤྱོད་ལམ་བྱེ་བྲག་ཏུ་བསྟན་པ་》ཞེས་པ་ནི་བོད་བཙན་པོའི་དུས་སྨད་དུ་བོད་པ་རང་གིས་བརྩམས་པའི་མི་ཆོས་ལུགས་ཀྱི་བསྟན་བཅོས་ཤིག་ཡིན་ཚུལ་དང་། དེ་ལས་སྐབས་དེའི་བོད་མིའི་མི་ཆོས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་ཚད་གཞི བཀའ་ཁྲིམས་ཀྱི་གཏན་འབེབས། སྲིད་སྐྱོང་གི་ཐབས་ཇུས། སློབ་གསོའི་ལྟ་བ། འཚོ་བའི་གོམས་སྲོལ་སོགས་མཚོན་པས། བསྟན་བཅོས་དེ་ནི་སྐབས་དེའི་བོད་མིའི་ཤེས་རིག་གི་ཆུ་ཚད་དང་བསམ་པའི་འཁྱེར་སོ། མི་ཚེ་དང་རིན་ཐང་གི་ལྟ་བ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པའི་སྐོར་གླེང་བརྗོད་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།]《མྱིའི་སྤྱོད་ལམ་བྱེ་བྲག་ཏུ་བསྟན་པ་》བརྗོད་བྱའི་ནང་དོན། བརྗོད་བྱའི་མཚོན་དོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K870[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)01 -135-09
དང་པོ། བརྩམས་ཆོས་ངོ་སྤྲོད།
བརྩམས་ཆོས་འདི་ནི་ཧྥ་རན་སིར་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་ཨངpel. tib.0992ཞེས་པ་དེ་ཡིན་ཞིང་། འདིར་ཡིག་ཕྲེང་༩༤ཡོད་པ་དང་དོན་རྣམས་ཚན་པ་བཞིའི་སྒོ་ནས་བསྟན་ཡོད། བརྗོད་བྱའི་ནང་དོན་གཙོ་བོ་ནི་“མི་ཆོས་ཞིང་དང་འདྲ་བ་ལ་བརྟེན་ནས། ལྷ་ཆོས་འབྲས་བུ་འདྲ་བ་འབྱུང་བྱའི་ཕྱིར་”①དུ་མ་ཡིན་པར། འཇིག་རྟེན་མི་ཆོས་དམིགས་སུ་བཟུང་ནས་བསྟན་ཡོད། བརྩམས་ཆོས་འདིའི་ནང་དུ་མཛད་པ་པོའི་མཚན་དང་མཇུག་བྱང་བཀོད་མེད་པས། དུས་རབས་ནམ་གྱི་བརྩམས་ཆོས་ཡིན་པ་གསལ་པོ་ཤེས་དཀའ་མོད། བརྩམས་ཆོས་འདིར་བོད་སིལ་བུའི་དུས་ཀྱི་རྡོ་རིང་ཡི་གི་དང་འབྲེ་ཤེས་རབ་འབར་( ༡༠༡༡ལོ་) གྱིས་མཛད་པའི་《བརྒྱད་སྟོང་དོན་བསྡུས་ཀྱི་དཀར་ཆག་》བྲིས་མ་སོགས་ལྟར་གི་གུ་ཕྱིར་ལོག་ཅན་བྲིས་མེད་པ་སོགས་ལ་གཞིགས་ན། བརྩམས་ཆོས་འདི་བཤུས་པའི་དུས་ནི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་ལ་ཡིན་ངེས་སྙམ་པ་དང་། ཡང་འདིའི་ནང་བསྟན་པའི་མི་ཆོས་ཀྱི་ལྟ་བ་དང་ཀུན་སྤྱོད་ཀྱི་ཚད་གཞི་གང་ཡིན་ཡང་བོད་བཙན་པོའི་དུས་ཀྱི་ལུགས་ཀྱི་བསྟན་བཅོས་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》 དང་《སུམ་པ་མ་ཤགས་ཆེད་པོ་》སོགས་ཀྱི་བསྟན་དོན་དང་སྐབས་དེའི་བཀའ་ཁྲིམས་ཆེན་པོའི་གཏན་འབེབས་ཀྱི་ནང་དོན་དང་འདྲ་ས་མང་ལ། དབུ་ཁྱུད་ཀྱི་འབྲི་ཚུལ་དང་ཤད་ཀྱི་འགོད་སྟངས་སོགས་ནི་དུས་རབས་བཅུ་གཅིག་པའི་སྔོན་གྱི་ཡིག་སྲོལ་དང་ཡོངས་སུ་མཐུན་པ་ལ་གཞིགས་ན། བོད་བཙན་པོའི་དུས་སྨད་དུ་བོད་པ་རང་གིས་བརྩམས་པའི་ལུགས་ཀྱི་བསྟན་བཅོས་ཤིག་ཡིན་པར་འཁུམས།
གཉིས་པ། བརྗོད་བྱའི་ནང་དོན།
བརྩམས་ཆོས་འདིས་གཙོ་བོར་སྐབས་དེའི་སྤྱི་ཚོགས་ཧྲིལ་པོའི་སྣང་ཚུལ་དངོས་ལ་དམིགས་ནས་དེའི་ལེགས་ཉེས་དང་བླང་དོར་གྱི་གནད་དག་ཚན་པ་བཞིའི་སྒོ་ནས་བསྟན་ཡོད་པ་སྟེ།
གཅིག ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ།
དེ་ཡང་ཐོག་མར་དཔེར་ན། “ཡོང་འཇིག་རྟེན་པའི་ངང་ཚུལ་ནི། །འཕྱའ་བ་ལ་མཁས་ལ །བྱེད་པ་ལ་མྱི་མཁས །སྨྲ་བ་ལ་མཁས་ལ། དོན་ལ་མྱི་མཁས། །”ཞེས་འཇིག་རྟེན་པའི་རང་གཤིས་ནི་གཞན་ལ་བརྙས་སྨོད་བྱེད་པར་མཁས་ཤིང་རང་གིས་བསྒྲུབ་པར་མི་མཁས་པ་དང་། བཤད་པར་མཁས་ཤིང་ལག་ལེན་དུ་བསྟར་བར་མི་མཁས་པ་སྟེ། རང་གཤིས་ལ་གྲུབ་པའི་སྤྱོད་ལམ་ངན་པ་བྱེ་བྲག་ཏུ་བསྟན་པའི་རྗེས་སུ“དེ་བས་ན་སྤང་བ་ནི་སྡིག་པ། །བླང་བ་ནི་དགི་བ། །ཅི་ཉུས་སུ་ X Xབསྲུང་བ་ནི་སྲོག་མྱི་བཅད། །མ་བྱས་ཀྱང་བླ་བ་ནི་འདོད་ཆགས། །མ་འཐུངས་ན་ལེགས་པ་ནི་ཆང་། །མ་བྱས་འབའ་ཤིག་ན་ལེགས་པ་ནི་རྐུན་པོ །ཡོང་ལ་གནོད་པ་ནི་ཞང་ལོན་རྐུན་མའི་རྗེ་གོལ། །ཕྱི་ནང་ཐམས་ཅད་འཁྲུག་པར་བྱེད་པ་ནི། །བུད་མེད་མྱི་སྲུན་བ། བུད་མྱེད་ཀྱིས་དབང་བྱས་པ་ནི་ཕུང་སྲིན་ཞུགས་ཟིན་བ། །གཡོག་བྲན་མྱི་སྲུན་བ་ནི། །མ་རུང་བར་ངེས་པའ། །་' ཞེས་སྤང་དགོས་པ་ནི་སྡིག་པ་དང་། བསྒྲུབ་དགོས་པ་ནི་དགི་བ་ཡིན་ལ། ཅི་ནུས་ཀྱིས་བསྲུང་དགོས་པ་ནི་སྲོག་མི་གཅོད་པ་ཡིན་ལ། མ་བྱས་ཀྱང་ཆོག་པ་ནི་འདོད་ཆགས་ཡིན། མ་འཐུང་ན་ལེགས་པ་ནི་ཆང་ཡིན་ལ། མ་བྱས་པ་ཁོ་ན་ལེགས་པ་ནི་རྐུན་པོ་ཡིན། ཀུན་ལ་གནོད་པ་ནི་ཞང་བློན་རྐུན་མའི་འཁོར་གཡོག་ཡིན་ལ། ཕྱི་ནང་ཐམས་ཅད་འཁྲུག་པར་བྱེད་མཁན་ནི་བུད་མེད་མ་དུལ་བ་ཡིན། བུད་མེད་ཀྱིས་དབང་བསྒྱུར་བ་ནི་ཕུང་འདྲེ་ཞུགས་པ་དང་འདྲ་ལ། བྲན་གཡོག་རྒོད་བག་ཅན་ནི་མ་རུངས་ངན་པར་ངེས་སོ་ཞེས་པའི་སྐོར་དང་། “མི་འོས་པའི་ཆད་པ་ནི་བུས་ཀྱང་མྱི་བཟོད། །ཐོག་ཏུ་མ་བབ་པའི་བྱེད་ག་ནི་སུས་ཀྱང་མྱི་བསྔགས། །ཉེས་པའི་ཆད་པ་དམྱིགསུ་མ་བབ་དང་། །ལེགས་པའི་དམྱིག་འགགས། །ལེགས་པའི་བྱད་ག་ཐོག་དུ་མ་བབ་དང་། ཉེས་པའི་སྐྱོན་འཕེལ་ལོ །”ཞེས་མི་འོས་པའི་ཆད་པ་ནི་རང་གི་བུས་ཀྱང་མི་བཟོད་ལ། བསྟོད་མི་འོས་པར་བྱ་དགའ་བྱིན་ན་ནི་སུས་ཀྱང་བསྔགས་བརྗོད་མི་བྱེད། ཉེས་པའི་ཆད་པ་དམིགས་སུ་མ་བབ་ན་ལེགས་པ་བྱེད་པའི་དམིག་འགགས་ལ། ལེགས་པའི་བྱ་དགའ་གནད་དུ་མ་ཁེལ་ན། ཉེས་པ་བྱེད་པའི་སྐྱོན་འཕེལ་བ་བཅས་ལེགས་པའི་བྱ་དགའ་དང་ཉེས་པའི་ཆད་པ་གནད་དུ་མ་ཁེལ་བའི་ཉེས་སྐྱོན་བརྗོད་པའི་ཤུགས་ལས་དེ་དག་འོས་ཤིང་གནད་དུ་འཁེལ་བ་ཞིག་བྱ་དགོས་པའི་སྐོར་དང་། དེ་བཞིན་“ཕོ་འཛངས་པ་ནི་ནོར་དུ་མཁས་སློབ། །མོ་འཛངས་མ་ནི་སྲིད་དུ་བྲན་སྐྱོང་། །ཕོ་འཛངས་པ་ནི་ཡུན་ཀྱི་གཏམ་ཚོལ། །མོ་འཛངས་མ་ནི་ལུས་གི་སྐྱོན་སྲུང་། །”ཞེས་ཕོ་མཛངས་པས་ནོར་དུ་མཁས་པར་སློབ་པ་དང་། མོ་མཛངས་མས་ཁྱིམ་སྲིད་དུ་བྲན་གཡོག་སྐྱོང་བ། ཕོ་མཛངས་པས་ཡུན་གྱི་འབེལ་གཏམ་འཚོལ་བ་དང་། མོ་མཛངས་མས་ལུས་ཀྱི་སྐྱོན་འགེབས་པར་བྱེད་པའི་སྐོར “ཡོན་ཏན་མྱེད་པར་བསྟོད་པ་ལ་དགའ་བ་ནི་ངན་པའི་ལུགས་ཆེད་པོ། །སྐྱོན་མྱེད་ཀྱང་སྐྱོན་སེལ་པ་ནི་འཛངས་པའི་གཞུང་། །ཅི་ཙམ་བཤེས་ཤིང་འཁོར་བ་ལ་སྡང་བ་ནི། །སྤྱོད་པ་ངན་པའི་རང་བཞིན། །ཁྱིམ་ཁྱི་ངན་པ་ནི་ནང་དུ་ཆུད་པ་ལ་ཟའོ །”ཞེས་ཡོན་ཏན་མེད་པར་བསྟོད་པ་ལ་དགའ་བ་ནི་ངན་པའི་གཤིས་ལུགས་ཆེན་པོ་ཡིན་ལ། སྐྱོན་མེད་ཀྱང་སྐྱོན་བཙལ་ནས་སེལ་བ་ནི་མཛངས་པའི་གཞུང་རྒྱུད་དང་། ཅི་ཙམ་ཤ་ཚ་རུང་འཁོར་གཡོག་ལ་སྡང་བ་ནི་སྤྱོད་པ་ངན་པའི་རང་བཞིན་ཡིན་ལ། ནང་མི་ལ་རྨུག་པ་ནི་སྒོ་ཁྱི་ངན་པའི་ངང་ཚུལ་ཡིན་པའི་སྐོར “མོ་བོན་མང་པོར་བྱེད་པ་ནི་འདྲེ་འི་འདུན་ས །བྱ་བྱེད་མང་པོའི་མྱི་ནི་བྱུར་གི་སྔ་ལྟས །”ཞེས་མི་རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཞེས་པ་བཞིན་བོན་པོས་མོ་དང་གཏོ་ཆོག་མང་དུ་བྱེད་པ་ནི་འདྲེ་ཡི་འདུ་སར་འགྱུར་ལ། བྱ་བྱེད་མང་བའི་མི་ནི་ཆག་སྒོའི་སྔ་ལྟས་ཡིན་པའི་སྐོར།“བརྩོན་འགྲུས་ཆེ་ལ་སྐྱོན་ཡང་ཡོད། །ཡོན་ཏན་ཡང་ཡོད། །དངན་གཡོ་འི་ཁར་འདོར་བ་དང་། །ཁེའི་ཕྱིར་བརྩོན་འགྲུས་ཀྱིས་གཞི་འཇི་ན་པ་ཡང་ཡོད། །མ་ནོར་བ་ལ་འགྲུས་པ་ནི་ཡོན་ཏན་ཡིན། །ཕྲ་མ་ལ་ཡོན་ཏན་ཡང་ཡོད །སྐྱོན་ཡང་ཡོག །”ཅེས་བརྩོན་འགྲུས་ཆེར་བསྐྱེད་པར་ཡོན་ཏན་ཡོད་ལ་སྐྱོན་ཡང་ཡོད་པ་སྟེ། ངན་གཡོ་དང་འབྲེལ་ཆེ་ཞིང་ཁེ་སྤོགས་ཀྱི་ཆེད་དུ་བརྩོན་འགྲུས་བསྐྱེད་དགོས་པའང་ཡོད་ཅིང་། ཡང་དག་པའི་དོན་དུ་བརྩོན་འགྲུས་བསྐྱེད་པ་ནི་ཡོན་ཏན་ཡིན་ཞིང་། ཕྲ་མ་བྱེད་པ་ལ་ཡོན་ཏན་ཡོད་ལ། སྐྱོན་ཡང་ཡོད་པའི་སྐོར། “བཟོ་མ་བསླབས་དང་མཁས །གཙུག་ལག་གི་རྟེན་དུ་ཡིག་རྩིས་མྱེ་དུ་མྱི་རུང་། །ཡིག་རྩིས་གི་མཐར་ཞེན་པ་ནི་ཤེས་རབ་ཀྱི་འབྱུང་ཁུངས །”ཞེས་སྤྱང་པོ་བྱ་རྒྱུ་མ་བསླབས་ཀྱང་མཁས་ཤིང་། གསུང་རབ་ཀྱི་རྟེན་དུ་ཡིག་རྩིས་མེད་དུ་མི་རུང་བ་དང་། ཡིག་རྩིས་མཐར་ཕྱིན་པ་ཞིག་སྦྱངས་ན་ཤེས་རབ་ངང་གིས་རྒྱས་པའི་གནས་ལུགས་སྐོར། “བཀའ་བཞིན་དུ་སྲུང་དགོས་པ་ནི་ཁྲིམས །མྱི་ཞིམ་ཡང་བདུང་བ་ནི་སྨན། །”ཞེས་ཁྲིམས་བཙན་ཡང་བརྩི་དགོས་པ་དང་། སྨན་ཁ་ཡང་བཏུང་དགོས་ངེས་ཡིན་པའི་སྐོར། “ཕ་མ་ལ་སྲི་ཞུ་ཆེ་བ་ནི་དུས་བཟང་པའི་རྗེས །ཕུ་ནུ་ལ་སྲིད་བཟང་བ་ནི་ཡ་རབས་གི་གཞུང་དུ་ཆུད་པ། །བྲེ་སྲང་ཚད་མར་བྱེད་པ་ནི་ལུགས་བཟང་པོའི་གཞི །ཚོང་ཁེ་སོགས་མྱི་བྱེད་པ་ནི་གཞུང་དྲང་པོའི་སྤྱོད་པའ། །”ཞེས་ཕ་མ་ལ་གུས་འདུད་ཆེ་བ་ནི་དུས་བཟང་བའི་བྱས་རྗེས་ཡིན་ཞིང་། ཕུ་ནུ་ལ་ཁྱིམ་སྲིད་བཟང་བར་བྱེད་པ་ནི་ཡ་རབས་ཀྱི་ཚུལ་ལུགས་ཁོང་དུ་ཆུད་པ། བྲེ་སྲང་ཚད་མར་བྱེད་པ་ནི་ཚུལ་ལུགས་བཟང་པོའི་གཞི་མ། ཚོང་ཁེ་མི་གཉེར་བ་ནི་གཞུང་རྒྱུད་དྲང་པོའི་སྤྱོད་པ་བཅས་ཡིན་པར་བསྟན་ཡོད་པ་ལྟ་བུའོ།
གཉིས། ཕན་ཡོན་སྤྱི་ཆེད་དུ་བསྟན་པ།
དེ་ཡང་དཔེར་ན། “མྱི་ནི་དཔུང་མ་འཆའ། ། ཕྱུགས་ནི་ཁྱུ་མ་ཆེ ། མྱི་ཡུལ་གཅིག་དུ་མ་སྤུང་། །སྡེ་ནི་ཆ་གཅིག་དུ་མ་འདྲིལ །”ཞེས་མིས་དཔུང་མི་བསྒྲིག་པ་དང་ཕྱུགས་ནི་ཁྱུ་མི་ཆེ་བར་བག་ལྷོད་པར་འཚོ་སྐྱོང་བྱེད་པ་དང་། མི་དང་ཡུལ་སྡེ་གཅིག་ཏུ་མ་བསྡུས་པར་སོ་སོའི་ཡུལ་དུ་ཁོང་དལ་བག་ཕེབས་ངང་ནས་འཚོ་གནས་བྱ་དགོས་པའི་སྐོར་དང་། “མྱི་རྨུན་པའི་ཡུལ་ནི་སྐྱིད་གྱི་མཐའ་རིང་། །དལ་བུས་འབབ་པའི་ཆུ་ནི་ཡུན་དུ་གཞུང་བརྟན། །”ཞེས་དམུན་པོ་མིན་པ་སྟེ། ཤེས་རིག་འཕེལ་བའི་ཡུལ་ནི་སྐྱིད་ཀྱི་མཐའ་རིང་བ་དང་། དལ་བུས་འབབ་པའི་ཆུ་ནི་ཡུན་དུ་གཞུང་བརྟན་པ་ཇི་བཞིན་ཤེས་རིག་འཕེལ་བའི་ཕན་ཡོན་བརྗོད་པ་དང་། “ཕྱི་དགྲ་ཆེ་པོ་འདུལ་བ་ནི་ནང་ཆིས་ལེགས་པར་བསྡམ། །ལས་སྐོས་ལེགས་དང་ཆིས་ཁྲིམས་འབྲི་མྱི་དགོག །ཕྱི་སྲིད་བགྱིས་དང་རྩལ་གྱི་གཞུངས །ནང་ཆིས་མཐོན་དམན་སྙོམས་པར་སྦྱར། །གོ་མཚོན་བཟང་པོ་སྲོག་གི་སྐྱབས། །འོག་རྟ་མགྱོགས་པ་ཕོ་འི་རྐྱེན། །”ཞེས་ཕྱི་དགྲ་ཆེན་པོ་འདུལ་བ་ནི་ནང་གི་འཚོ་ཐབས་བདེ་པོ་ཡོང་བའི་ཕྱིར་ཡིན་ལ། ལས་ཀྱིས་བསྐོས་པའི་སྐལ་བ་ལེགས་ན་འཚོ་ཐབས་དང་བཀའ་ཁྲིམས་འབྲི་མི་དགོས ཕྱི་འབྲེལ་གྱི་སྲིད་དོན་ལེགས་པར་བསྒྲུབས་ན་མཁོ་བའི་ཡོན་ཏན་ངང་གིས་འཕེལ་ལ། ནང་གི་འཚོ་ཐབས་ཀྱི་མཐོ་དམན་སྙོམས་པར་བྱ་དགོས་པ། གོ་མཚོན་བཟང་པོ་སྲོག་གི་སྐྱབས་ཡིན་ལ། ཞོན་རྟ་མགྱོགས་པོ་ཕོ་ཡི་གྲོགས་ཡིན་པའི་སྐོར་བསྟན་པ། “རྐྱེན་དུ་འཚམ་པར་གཞག་པ་ནི་ཆས་ཀྱི་དམ་པ། ཉམས་དང་ལྡན་པའི་ཟས་མ་ནོར་པ་ནི་ལོངས་སྤྱོད། །ཟས་འཕྲོད་པར་བཟའ་ནི་སྨན་གྱི་དམ་པའ། །རང་གྱི་ཕྱོགས་མྱི་འཆའ་བ་ནི་རིགས་པའི་མཆོག་”ཅེས་རྒྱུ་ནོར་གྱི་ཆ་རྐྱེན་དང་འཚམ་པའི་རྒྱན་ཆས་སྤྲས་པ་དང་། རོ་བཅུད་ལྡན་པའི་ཟས་རྣལ་མ་ལ་རོལ་བ། ཁ་ཟས་གང་འཕྲོད་བཟའ་བ། རང་གི་ཕྱོགས་མི་འཛིན་པ་བཅས་ཀྱི་ཕན་ཡོན་བསྟན་པ། “གཞོན་སྐྱེས་གཙུག་ལག་ངན་པ་ལ་མྱི་བསྟེན། །འདོད་པ་ནོར་དང་དད་པ་ལ་མྱི་གཞག །”ཅེས་བྱིས་པ་གཞོན་སྐྱེས་རྣམས་གསུང་རབ་ངན་པར་མི་བསྟེན་པ་དང་། བསམ་བློ་ནོར་དང་ནོར་དད་ཀྱི་རྗེས་སུ་མི་བརྒྱུག་པར་གདམས་པ་ལྟ་བུའོ།
གསུམ། གཉེན་དང་གྲོགས་འདམ་ཚུལ་བསྟན་པ།
དེ་ཡང་དཔེར་ན། “སྤུ་དང་རིགས་སུ་ལྡན་བར་གཉེན་སྦྱར་ན་རྒྱུད་བཟང་། །གཞུང་བཟང་པོ་ལ་གཉེན་རྟགས་ན་སྲིད་བརྟན། །་་་་་་བཙན་ཕྱུག་ཆེས་ལ་གཉེན་བ་ནི་སྲིད་ཀྱི་དཀྲུགས་མོ་ལ་ཡོང་ལ་གནོད་པའི་རྩ་བའ། །སྨད་རིམས་དབུལ་པོ་མྱི་ཅིག་དང་གཉེན་བ་ནི་སྒོར་ཕམ་ལ་ཡོངས་ཀྱི་ཟླ་མི་སྲོགས །”ཞེས་བློ་རིག་བཀྲ་ཞིང་རིགས་རྒྱུད་ལྡན་པར་གཉེན་བསྒྲིགས་ན་རྒྱུད་བཟང་བ་དང་། གཞུང་རྒྱུད་བཟང་པོ་ལ་གཉེན་བྱས་ན་ཁྱིམ་སྲིད་བརྟན་པ། དབང་ཕྱུག་བཙན་ཞིང་འབྱོར་ཕྱུག་ལྡན་པར་གཉེན་བསྡེབས་ན་ཁྱིམ་སྲིད་ཀྱི་དཀྲུགས་མར་འགྱུར་ལ་ཀུན་ལ་གནོད་པའི་རྩ་བ་ཡིན་པ། རིགས་དམན་དབུལ་པོ་ཞིག་ལ་གཉེན་བྱས་ན་གཉེན་ཡ་བྱེད་མཁན་རང་ལ་ཕམ་ཉེས་ཐེབས་ཤིང་ཀུན་གྱི་ཟླ་གྲོགས་སུ་མི་འགྱུར་བ་བཅས་གཉེན་ཡ་ལེགས་མིན་དང་དེའི་དགེ་སྐྱོན་སྐོར་བསྟན་པ་དང་། “གྲོགས་བསྟེན་པར་འོས་པཱ། །གཅིག་དུ་དྲང་ཞིང་མདོད་ཆེན་ཆུང་བ། །གཉིས་སུ་གཞུང་བཟང་ཞིང་བྱ་བ་ཉུང་བ། །གསུམ་དུ་ང་རྒྱལ་ཆུང་ཞིང་དུས་ཀར་མྱི་འདོར་བའ། བཞིར་གྲོས་མཐུན་བའ། སྔར་ཡངས་པའ །དྲུག་དུ་ཆོས་ལ་དགའ་ཞིང་དོན་ལ་མཁས་པའ །གྲོགས་སུ་མྱི་བདམ་བ་ནི་འདི་ལས་བཟློགས་པའི་སྤྱོད་ལམ་ཅན་ནོ། །”ཞེས་གཤིས་རྒྱུད་དྲང་ཞིང་འདོད་སྲེད་ཆུང་བ་དང་གཅིག གཞུང་རྒྱུད་བཟང་ཞིང་བྱ་བྱེད་ཉུང་བ་དང་གཉིས། ང་རྒྱལ་ཆུང་ཞིང་དུས་ལ་མི་འགྱུར་བ་དང་གསུམ། གྲོས་མཐུན་པ་དང་བཞི བློ་ཁོག་ཡངས་པ་དང་ལྔ། ཚུལ་ལུགས་ལ་དགའ་ཞིང་ལག་ལེན་ལ་མཁས་པ་དང་དྲུག་བཅས་ནི་གྲོགས་སུ་བསྟེན་འོས་ཤིང་། དེ་ལས་ལྡོག་པའི་སྤྱོད་ལམ་ཅན་ནི་གྲོགས་སུ་བསྟེན་མི་འོས་པའི་སྐོར་བསྟན་པ་ལྟ་བུའོ།
བཞི། ལེགས་ཉེས་ཀྱི་མཚན་མ་བསྟན་པ།
དེ་ཡང་དཔེར་ན། “རྒྱལ་པོ་མྱི་ལ་དགྱེས་ཤིང་འདམ་མཁས་། །བློན་པོ་དྲང་དཀན་ཆེ་ཞིང་འཛངས་སྐྱོང་། །མྱི་ཁོང་དྲང་ཞིང་ཕུར་མྱི་ལ་བྱམས། །མྱི་ནི་ངང་དལ་། ཕྱུགས་ནི་ཁ་ཡངས་། །མྱི་ནི་འདུན་སར་མྱི་འདུ་། །ཕྱུགས་ནི་ར་བར་མྱི་སྡུད། །མྱི་ཆེད་པོ་ནི་ཡུལ་ན་འཁྱམ། །འདུ་ས་ནི་བུས་བ་སྲུང། །ཡུལ་མྱི་ནི་བྲོ་རྡུང་། །བྱེས་མྱི་ནི་རྩེད་མོ་བྱེད། །ཁྱིམ་མྱི་ནི་ལྟད་མོ་ལྟ། །རྒན་རྒོན་ནི་ཕྱང་མོ་ཉུག། །གཞོ་ནུ་ནི་མྱེ་ལོང་ཕྱི། །ལྷ་ལ་ནི་གུས། འདྲེ་ལ་ནི་གཡེལ་། །ཁྱིམ་བདག་ནི་ཡངས་། །མྱི་མོ་ནི་འདུད་། །བུ་ནི་མཁས། །བྲན་གཡོག་ནི་བགྲུངས། །འཁོར་ནི་མྱི་རྐུ། །ཁྱེའུ་ནི་མྱི་སྨྲ་ལ་ཡངས། །ཕ་མ་ལ་ནི་སྲི་ཞུ་ཆེ། །བུ་ཚ་ལ་ནི་སློབ་མཁས་། །བྲན་ལ་ནི་རྗེད་གཤིན་། །ཁྱིམ་ཚེས་ལ་ནི་འོ་བྱམས། །ཁྱིམ་ནི་མཁར་བུར་མྱི་རྩིག། །ར་བ་ནི་ཆེར་ཐགས་ཀྱིས་མྱི་བསྐོར། །རྩེད་མོ་ནི་དལ། །ཆ་ལུགས་ནི་ཡངས། །ཁ་བརྡའ་ནི་སྙན། །ཟས་ནི་སྣུམ་། །སྤྱོད་ཡུལ་ནི་དམ། །ཡུལ་ནི་བག་དྲོ། །དགེ་སློང་ལ་ནི་གུས། །སློངས་མོ་པ་མཐོང་ན་ནི་ལག་རྐྱོང་། །ཡུལ་མྱི་ནི་ནས་ཀྱི་གཡུལ་མྱི་སྲུང་། །བྱེས་མྱི་ནི་མེལ་ཙེ་མྱི་བྱེད། །ཡུལ་མྱི་ནི་ལྷ་ཡུལ་ན་གནས་། །བྱེས་མྱི་ནི་ཁྱིམ་དུ་འགྲོ་བ་དང་འདྲའོ། །”ཞེས་མཐོ་བ་རྒྱལ་པོ་དང་བློན་པོ་ནས་དམའ་བ་འབངས་མི་དང་འཁོར་གཡོག་སོགས་ཀྱི་རང་གཤིས་དང་ཤེས་ཡོན། འདོད་མོས། སྤྱོད་ལམ། ལོངས་སྤྱོད། འཚོ་སྟངས་བཅས་ཀྱི་སྐོར་ལས་སྐབས་དེའི་སྤྱི་ཚོགས་ཧྲིལ་པོའི་ལེགས་པའི་མཚན་མ་བཞི་བཅུ་ཙམ་བསྟན་པ་དང་། “རྒྱལ་པོ་དུད་འགྲོ་ལ་དགྱེས་ཤིང་མྱི་མྱི་བདམ། །བློན་ཕོ་ཡོ་མལ་ལ་གནས་ཤིང་ཕྱོགས་ཆེ། །འབངས་གཡོ་སྒྱུས་འཚོ་ཞིང་ཁོ་ཕུར་མྱི་ལ་སྡང་། །མྱི་ནི་ཁོང་བྲེལ། །ཕྱུགས་ནི་གཟས་དོག་། །མྱི་ནི་འདུན་སར་འཕུངས། །ཕྱུགས་ནི་ར་བར་མྱི་ཚུད་། །ཡུལ་མྱི་ནི་ཁྲལ་ཀ་རྩི། །བྱེས་མྱི་ནི་དགྲའ་ཆོས་སྟོན། །ཕོ་ནི་འདྲོན་ལ་རྒས་། །མོ་ནི་ཟར་ཕྲག་ཀྱིས། །དེངས་། །ཕྱུགས་ནི་ཉི་མ་མྱི་ནུབ་པར་སྡུད། །མྱི་ནི་ནམ་མྱི་ནངས་པར་ལངས། །ཁྱིམ་ནི་མཁར་བུར་ཞུགས་། །ར་བ་ནི་ཚེར་ཐགས་ཀྱིས་བསྐོར། །འཕོངས་པ་ལ་ནི་སློང་ཡང་མྱི་སྟེར། །རེག་ལུས་པ་ལ་ནི་བྲན་དུ་ཡང་ཁས་ལེན་། །ནོར་ཡོད་ན་ནི་ཤི་སར་ཡང་འགྲོ། །ཆང་མཐོང་ན་ནི་ཁྲི་མོན་དུ་ཡང་འཇུག། །ཁེ་ཡོད་ན་ནི་བུ་ཡང་འཚོང་། །རྩེད་མོ་ནི་ཐབ་མོར་བྱེད། །ཁན་ངགས་སུ་ནི་དམད་མོ་རྔོ། །ཕོ་ནི་ཤེས་པ་ཆུང་ལ་གྱོང་། །མོ་ནི་ངན་ལ་མྱི་སྲུན། །ཕོ་ནི་བདག་ངན་ལ་གཞན་ལ་འཕྱའ། །མོ་ནི་བདག་སྤྱར་ལ་འཕྱོན་མ་ལ་སྡང་། །གོས་ནི་དོག། །ཟས་ནི་སྐྱའ། །སྤྱད་ཡུལ་ནི་གནག། །ཡུལ་ནི་བག་གྲང། །དགེ་སློང་མཐོང་ན་ནི་སྒོ་གཅོད། །སློངས་མོ་པ་མཐོང་ན་ནི་ཁྱི་འབོད་། །ཆོས་ལུགས་ངན་པ་ལ་ནི་མ་བརྟགས་པར་རྒྱུག། །གཙུག་ལག་བཟང་བོ་ལ་ནི་ཆ་མྱེད་པར་ཁ་ཟེར། །”ཞེས་མཐོ་བ་རྒྱལ་པོ་དང་བློན་པོ་ནས་དམའ་བ་འབངས་མི་དང་འཁོར་གཡོག་སོགས་ཀྱི་རང་གཤིས་དང་མོས་པ། ཤེས་ཡོན། སྤྱོད་ལམ། སེམས་ཁམས། ལོངས་སྤྱོད། འཚོ་སྟངས་སོགས་སྐོར་ལས་སྐབས་དེའི་སྤྱི་ཚོགས་ཧྲིལ་པོའི་ཉེས་པའི་མཚན་མ་སུམ་ཅུ་སོ་བཞི་ཙམ་བསྟན་ཡོད་པ་ལྟ་བུའོ།
གསུམ་པ། བརྗོད་བྱའི་ནང་དོན་ལ་དཔྱད་པ།
བརྩམས་ཆོས་འདིའི་མགོར། “དགེ་བ་བྱེད་ཅིང་དགི་སྡུག་ལ་ཡིད་མྱི་ཆེས་པ་ནི། །འགྲེ་ཀྱང་དགུས་དང་འདྲ་འོ། །དེ་བས་ན་སྤང་བ་ནི་སྡིག་པ། །བླང་བ་ནི་དགེ་བ། །ཅི་ཉུས་སུ་X X བསྲུང་བ་ནི་སྲོག་མྱི་བཅད། །མ་བྱས་ཀྱང་བླ་བ་ནི་འདོད་ཆགས། །མ་འཐུངས་ན་ལེགས་པ་ནི་ཆང་། །མ་བྱས་འབའ་ཤིག་ན་ལེགས་པ་ནི་རྐུན་པོ། །་་་་་་་'ཞེས་བཀོད་ཡོད་པ་ལ་བལྟས་ན། བརྩམས་ཆོས་འདི་ཉིད་ནི་དམ་པའི་ལྷ་ཆོས་གཙོར་སྟོན་པའི་བརྩམས་ཆོས་ཤིག་ཡིན་པའི་སྣང་བ་སྟེར་མོད། ཞིབ་ཏུ་བརྟགས་ན། འདིའི་ནང་དུ་ནང་ཆོས་ལས་བསྟན་པའི་མི་དགི་བ་བཅུའི་ཁྲོད་ནས་དགི་སྡུག་བླང་དོར་དང་། སྲོག་མི་གཅོད་པ་དང་། རྐུན་པོ་མི་བྱེད་པ་ཞེས་པ་ཙམ་ལས་བསྟན་མེད། དེས་ན་གོང་དུ་བསྟན་པའི་བརྩམས་ཆོས་འདིའི་བརྗོད་བྱའི་ནང་དོན་གཙོ་བོ་ཁག་དང་། ཁྱད་པར་བརྩམས་ཆོས་འདི་ལས་བྱུང་བའི་“ཕྲ་མ་ལ་ཡོན་ཏན་ཡང་ཡོད་”“བརྩོན་འགྲུས་ཆེ་ལ་སྐྱོན་ཡང་ཡོད་” ཅེས་པ་སོགས་ལ་གཞིགས་ན། བརྩམས་ཆོས་འདི་ནི་སྐབས་དེར་བོད་ལ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་ཕྱེས་ཀྱང་བོད་མི་ཡོངས་ཀྱི་བསམ་སྦྱོར་ལ་ཁྲིད་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་སུ་མ་གྱུར་བའི་གནས་སྐབས་སུ། བོད་རང་གི་སྔར་ནས་གྲུབ་ཟིན་པའི་མི་ཆོས་ཀྱི་ལྟ་བ་དང་ཀུན་སྤྱོད་ཀྱི་ཚད་གཞིར་རྨང་གཞི་བྱས་པ་དང་བཙན་པོའི་དུས་ཀྱི་སྤྱི་ཚོགས་ཧྲིལ་པོའི་སྣང་ཚུལ་དམིགས་སུ་བཟུང་ནས་བརྩམས་པའི་མི་ཆོས་སྐོར་གྱི་བསྟན་བཅོས་ཤིག་ཏུ་མཐོང་བས། འདི་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་བོད་མིའི་ལྟ་སྤྱོད་སྐོར་ལ་རྒྱུས་ལོན་དང་ཞིབ་འཇུག་བྱ་རྒྱུར་ཕན་རླབས་ཆེ་བའི་དཔྱད་གཞི་གལ་ཆེན་ཞིག་ཏུ་ངེས།
གཅིག མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་དང་བཀའ་ཁྲིམས་ཀྱི་ནང་དོན་མཚོན་པ།
དེ་ཡང་བོད་བཙན་པོའི་དུས་ཀྱི་ལུགས་ཀྱི་བསྟན་བཅོས་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》 ལས།“མྱིའི་ཆོས་ནི། །དྲང་ཞིང་སྲི་ཞུ་དང་། དེས་ཤིང་མཉེན་བ་དང་། སྙིང་རྗེ་འེ་ཞིང། དངན་ཆན་མྱེད་རྗེས་དང་ཁྲེལ་ཡོད། སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ། །འཛངས་ཡིད་མྱུར་མྱེད་གྱང་། །འདི་རྣམས་ལུས་ལ་ཡོད་ན། །ཀུན་གྱི་སྙིང་དུ་འོང་ཞིང་སྲིད་བརྟནད་ནོ །མྱི་ཆོས་མ་ཡིན་པ་ནི་ལོ་ཞིང་གཐུམ། ཡང་ཞིང་ཁྲེལ་དང་རྗེས་མྱེད། །སྙིང་རྗེ་མྱི་ཤེས་ཞིང་དངན་ཆན་ཆེ་བླ་ཁྱད་བྱེད་ཆིང་ལེ་ལོ་ཆེ་བ་ཡིན་ཏེ། །འདི་རྣམས་ལུས་ལ་ཡོད་དང་། ཀུན་གྱི་ཡིད་དུ་མྱི་འོང་བ་ཡིནོ །”②ཞེས་མི་དང་མིའི་དབར་འབྲེལ་བ་བྱེད་སྐབས་མི་ཆོས་དང་མཐུན་མིན་གྱི་བྱ་སྤྱོད་ལས་འབྲས་བུ་མི་འདྲ་བ་འབྱུང་བར་བསྟན་པ་དང་། དེང་གི་མི་ཆོས་རིག་པའི་བསྟན་བཅོས་སུ།“མི་ཆོས་རིག་པ་ནི། མི་དང་མིའི་དབར་གྱི་འབྲེལ་བ་དང་འབྲེལ་བའི་ཤེས་བྱ་ལ་བྱ་” ③ཞེས་བྱུང་བ་སོགས་ལྟར། བརྩམས་ཆོས་འདིའི་བསྟན་དོན་ཕལ་ཆེ་བ་ནི་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ་དང་ཚད་གཞིའི་སྐོར་ཡིན་པ་དཔེར་ན། སྲོག་གཅོད་པ་དང་འདོད་ཆགས་ཀྱི་དབང་དུ་འགྲོ་བ། ཆང་འཐུང་བ། མ་བྱིན་ལེན་པ་བཅས་ཀྱི་ལས་བྱས་ན་མི་ལེགས་པའི་ཚུལ་དང་། ཕ་མར་སྲི་ཞུ་ཆེ་བ་དང་ཕུ་ནུ་ཁྱིམ་སྲིད་བཟང་བ། བྲེ་སྲང་ཚད་མར་བྱེད་པ། ཚོང་ཁེ་མི་གཉེར་བ་སོགས་ནི་ལེགས་པའི་ཚུལ་ཡིན་སྐོར་བསྟན་པ་ལྟ་བུ། གཞན་ཡང་གཉེན་ཡ་ལེགས་མིན་གྱི་ཚད་གཞི་བཞི་དང་། གྲོགས་སུ་བསྟེན་པར་འོས་པའི་ཚད་གཞི་དྲུག་སོགས་ནི་བོད་བཙན་པོའི་དུས་ཀྱི་མི་ཆོས་ཀྱི་ལྟ་བའམ་ཀུན་སྤྱོད་ཀྱི་ཚད་གཞི་ཡིན་པ་སྟེ། 《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》ལས་ཀྱང་། “རྗོ་བོ་དང་དཔོན་པོ་དང་ཕ་མ་མན་ཆད། །གཉེན་གྲོགས་དང་། །བྲན་ཡན་ཆད་བསད་པ་དང་། །འབྱེ་འཐབ་པ་ཡོད་དོ། འདི་ལྟ་བུའི་མྱི་ནི། །མཐོང་ངོ་ཆོག་གིས། །འདྲེ་དང་མཚུངས་བར་བྱ་བའི་རིགས་སོ། །”④ཞེས་དོན་མེད་དུ་སྲོག་གཅོད་པ་ནི་འདྲེ་དང་མཚུངས་པར་བརྗོད་པ་དང་། “ཕ་མ་དང་བླ་མ་ལ། སྲི་ཞུ་མྱེད་ན། དེ་ནི་ཕྱུགས་དང་མཚུངས་གྱིས། །མྱི་ཞེས་མྱིང་མ་གདགས་ཤིག །”⑤ཅེས་ཕ་མ་དང་བླ་མ་སྟེ། གོང་རིམ་ལ་སྲི་ཞུ་མི་བྱེད་པའི་མི་ནི་དུད་འགྲོ་དང་འདྲ་བར་བསྟན་པ། “གཡོ་ཅན་ཕྱུག་པོ་ལས་ལ་ནི། དྲང་ལྡན་དབུལ་པོ་བཟང་བར་བརྩིའོ །རྐུན་པོ་ལས་ནི་་་་་་་ཕོངས་པ་བཟང་བར་བརྩིའོ་”⑥ཞེས་མ་བྱིན་ལེན་མཁན་ནི་དབུལ་ཕོངས་ལའང་མི་དོ་བར་བརྗོད་པ་སོགས་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ་དང་ཚད་གཞི་མང་དུ་བསྟན་ཡོད་པ་ལས་རྟོགས་ཐུབ། དེས་མ་ཟད་བཙན་པོའི་དུས་གཏན་ལ་ཕབ་པའི་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ཀྱི་ཡ་གྱལ་ཏེ། “སྲོག་མི་གཅོད་པའི་ཁྲིམས་གཤིན་སྟོང་གསོན་སྟོང་དང་། མ་བྱིན་ལེན་པའི་ཁྲིམས་དཀོན་ནོར་བརྒྱ་འཇལ། རྒྱལ་ནོར་བརྒྱད་ཅུ། འབངས་ནོར་བརྒྱད་འཇལ་”སོགས་ཁྲིམས་ཆེན་བདུན་དང་།“ཕ་མ་ལ་དྲིན་དུ་གཟོ་ཞིང་བཀུར་སྟི་བྱ་བ་དང་། དྲིན་ཅན་གྱི་ཡིད་མི་གཅོད་པ། ཟས་ཆང་ལ་ཚོད་ཟིན་ཅིང་ཁྲེལ་ཡོད་པ་”སོགས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་དང་། དེ་མིན་བྲེ་སྲང་ཕུལ་ཁྱོར་སོགས་འཇལ་བྱེད་ཚད་གཞིའི་སྐོར་གྱི་“འབུམ་གྱི་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་”ལ་སོགས་པའི་ནང་དོན་ཡང་ཇི་བཞིན་མཚོན་ཡོད། དེས་ན་བརྩམས་ཆོས་འདིའི་བསྟན་དོན་ཁག་གཅིག་བོད་བཙན་པོའི་དུས་ཀྱི་མི་ཆོས་ཀྱི་ལྟ་བ་དང་ཀུན་སྤྱོད་ཀྱི་ཚད་གཞི། བཀའ་ཁྲིམས་ཀྱི་ནང་དོན་སོགས་དང་ཀུན་ནས་འདྲ་བ་ལ་བལྟས་ན། སྐབས་དེར་བརྩམས་ཆོས་འདི་ལས་མཚོན་པའི་མི་ཆོས་ཀྱི་ལྟ་བ་དང་ཀུན་སྤྱོད་ཀྱི་ཚད་གཞི་དེ་དག་ཆེས་ཆེར་དར་ཞིང་བོད་མིའི་བསམ་སྦྱོར་ལ་ཁྲིད་སྟོན་གྱི་ནུས་པ་ཆེན་པོ་ཐོན་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ།
གཉིས། སྲིད་སྐྱོང་གི་ཐབས་ཇུས་མཚོན་པ།
བརྩམས་ཆོས་འདི་ལས་བསྟན་པའི་ལེགས་པ་ལ་བྱ་དགས་བསྟོད་པ་དང་། ཉེས་པ་ལ་ཆད་པ་གཅོད་པ། བྱ་དགའ་དམིགས་སུ་འབབ་པ་དང་ཆད་པ་གནད་དུ་འཁེལ་བའི་སྐོར་གྱི་ནང་དོན་དག་ནི་མི་ཆོས་ཙམ་མ་ཟད། ཆབ་སྲིད་ཀྱི་ལམ་ལུགས་སམ་ཁྲིམས་སྲོལ་གྱི་གཏན་འབེབས་གལ་ཆེན་ཞིག་ཡིན་པར་ངེས། དེ་ཡང་ཏུན་ཧོང་བོད་ཡིག་ཡིག་རྙིང”P. T.1287《བཙན་པོ་རིམ་བྱུང་གི་ལོ་རྒྱུས་》སུ་འཁོད་པ་ལྟར་ན། ལམ་ལུགས་དེ་ནི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་རིང་ནས་ཡོད་ཅིང།⑦ སྲོང་བཙན་སྒམ་པོའི་སྐུ་རིང་ལ་“ལེགས་པ་བྱ་དགས་བསྟོད་དགོས། ལེགས་པ་ལ་བྱ་དགས་མ་བསྟོད་ན་ལེགས་པ་བྱེད་པའི་རུ་མ་མེད་”⑧ཅེས་པ་སོགས་བསྟོད་པ་གསུམ་གྱི་ཁྲིམས་དང་། “ཉེས་པ་ལ་ཆད་པ་གཅོད་དགོས། ཉེས་པ་ལ་ཆད་པ་མ་བཅད་ན་ལང་(ཤོར་)རེངས་ལ་འགྲོ་”⑨ཞེས་པ་སོགས་སྨད་པ་གསུམ་གྱི་ཁྲིམས་གཏན་འབེབས་བྱས་པས། སྐབས་དེར་ལམ་ལུགས་དེ་འཐུས་ཚང་ཅན་དང་ཚད་གཞི་ཅན། ཡིག་ཚང་ཅན་བཅས་སུ་འགྱུར་ཡོད་པ་མ་ཟད། ཁྲིམས་སྲོལ་གྱི་གཏན་འབེབས་གཙོ་བོ་ཞིག་ཏུའང་འགྱུར་ཡོད། བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་དེའི་སྐོར་ལ་བོད་བཙན་པོའི་དུས་ཀྱི་ལུགས་ཀྱི་བསྟན་བཅོས་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》ལས་ཀྱང། “ཆད་པ་ནི། །ཉེས་པ་བྱེད་དུ་མྱི་གཞུག་པའི་སྡིགས་མོ །བྱ་དགའ་ནི། །ལེགས་པའིཿཞོ་ཤཿ། ཁོང་ན་མ་ལུས་པའི། །མྱིག་འདྲེན་པ་སྟེ། །འདི་ནི། ཐོག་ཏུ་ཕེབས་པ་དང་། མདོང་རྩོལ་ཆེར་བྱ་བའི་རིགསོ །”⑩ཞེས་ཆད་པ་ནི་ཉེས་པ་བྱེད་དུ་མི་འཇུག་པའི་དྲན་བསྐུལ་དང་། བྱ་དགའ་ནི་ལེགས་པའི་ནུས་པ་ཁོང་ན་མ་ལུས་པར་འདོན་དུ་འཇུག་པའི་མིག་དཔེ་འཛུགས་པའི་ཆེད་དུ་ཡིན་པས། དེ་དག་ནི་གནད་དུ་འཁེལ་བ་དང་མངོན་གསལ་ཆེས་ཆེར་བྱ་བའི་རིགས་ཡིན་པར་བསྟན་པ་དང་། དེ་བཞིན་ཏུན་ཧོང་བོད་ཡིག་ཡིག་རྙིང་《བཙན་པོ་རིམ་བྱུང་གི་ལོ་རྒྱུས་》སུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་རྗེས་སྐོར་བརྗོད་སྐབས “ལེགས་ཀྱི་བྱ་དགའ་ནྀ་རངས་པར་བྱིན། ཉེས་ཀྱྀ་ཆད་པ་ནྀ་དམྱིགས་སུ་ཕོག་པར་མཛད་” ⑾ཅེས་ལེགས་པའི་ལས་བྱེད་མཁན་ལ་བྱ་དགའ་ཡིད་ཚིམ་པ་བྱིན་པ་དང་། ཉེས་པའི་ལས་བྱེད་མཁན་ལ་ཆད་པ་དམིགས་སུ་བཀར་ནས་བཅད་པ་དེ་བཙན་པོའི་མཛད་རྗེས་གཙོ་བོ་ཞིག་ཏུ་བརྩིས་ནས་བསྟོད་ཡོད། དོན་དངོས་ཀྱང་དེ་འདྲ་ཡིན་པ་ནི་དཔེར་ན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བློན་པོ་ངན་ལམ་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་ལ་དམིགས་ནས་ཁོང་གི་བུ་རབས་ཚ་རྒྱུད་ལ་དངུལ་གྱི་ཡི་གི་ཆེན་པོ་གཅིག་དང་། ཕ་ཟླ་གོང་གི་བུ་རབས་ཚ་རྒྱུད་གཞན་གཅིག་ལ་ནང་འཁོར་ཡན་ཆད་ཀྱི་དཔོན་གནས་སོགས་བདག་རྐྱེན་གྱི་བྱ་དགའ་གནང་བ་ལྷ་སའི་ཞོལ་རྡོ་རིང་ཕྱི་མའི་ངོས་སུ་གསལ་ལ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་བན་དེ་ཏིང་ངེ་འཛིན་གྱི་ཆོས་སྲིད་ཀྱི་མཛད་རྗེས་ལ་དམིགས་ནས་ཁོང་ལ་བློན་གྱི་ཡི་གི་གཡུང་དྲུང་དུ་གནང་བ་དང་། མེས་པོའི་བུ་རབས་ཚ་རྒྱུད་ལ་ཞང་ལོན་གྱི་ཡི་གི་ཅན་གྱི་དབང་ཐང་གནང་བ་སོགས་བྱ་དགའི་བདག་རྐྱེན་གནང་བ་ལྷ་སའི་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་ཀྱི་ངོས་སུ་གསལ་བ་ལས་རྟོགས་ཐུབ། དེས་ན་གོང་དུ་དྲངས་པའི་མི་ཆོས་ཀྱི་གཏན་འབེབས་དང་། ཆབ་སྲིད་ཀྱི་ལམ་ལུགས་སམ་ཁྲིམས་སྲོལ་གྱི་གཏན་འབེབས་རྣམས་ཡོངས་སུ་མཐུན་པར་བྱུང་བ་ལ་གཞིགས་ན། ལེགས་པ་ལ་བྱ་དགའ་དམིགས་སུ་སྤྲོད་པ་དང་། ཉེས་པ་ལ་ཆད་པ་གནད་དུ་འཁེལ་བར་གཅོད་པ་ནི། རྩོམ་པ་པོ་གང་ཞིག་གི་བསམ་ཚུལ་ལམ་ལྟ་བ་ཙམ་མ་ཡིན་པར། དུས་ཡུན་རིང་པོའི་སྤྱི་ཚོགས་ཀྱི་ལག་ལེན་ལས་ཐོན་པའི་མི་ཆོས་ཤིག་དང་མི་ཆོས་དེ་ཉིད་རྨང་གཞིར་བྱས་ནས་གྲུབ་པའི་ཆབ་སྲིད་ཀྱི་ལམ་ལུགས་སམ་ཁྲིམས་སྲོལ་ཞིག་སྟེ། བཙན་པོའི་དུས་སྐབས་སུ་བོད་ཀྱི་སྤྱི་ཚོགས་སྟེང་རྒྱ་ཁྱབ་ཏུ་ལག་བསྟར་དང་བརྩི་སྲུང་བྱེད་པའི་སྲིད་སྐྱོང་གི་ཐབས་ཇུས་གཙོ་བོའི་གྲས་ཤིག་ཡིན་པར་མཐོང་ཐུབ་པ་མ་ཟབ སྲིད་སྐྱོང་གི་ཐབས་ཇུས་དེས་སྐབས་དེར་བོད་ཀྱི་མངའ་ཁོངས་རྒྱ་སྐྱེད་དང་རྒྱལ་ཁམས་ཞི་བདེ། སྤྱི་ཚོགས་གོང་དུ་འཕེལ་བ་སོགས་ལ་ནུས་པ་གལ་ཆེན་ཐོན་པ་དང་། བློན་འབངས་ཚང་མར་ལེགས་པའི་ལས་ལ་འབད་ཅིང་ཉེས་པའི་ལས་ལ་འཛེམ་པར་རྟིང་སྐུལ་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་ནི་བློ་ལྡན་རྣམས་ཀྱིས་དཔྱད་ན་ཤེས་ཐུབ།
གསུམ། སློབ་གསོའི་ལྟ་བ་མཚོན་པ།
བརྩམས་ཆོས་འདིས་གསུང་རབ་ཀྱི་རྟེན་དུ་ཡིག་རྩིས་མེད་དུ་མི་རུང་བ་དང་། ཡིག་རྩིས་མཐར་ཕྱིན་པ་ཞིག་སྦྱངས་ན་ཤེས་རབ་མ་ལུས་ངང་གིས་རྒྱས་ཚུལ། ཁྱད་པར་བྱིས་པ་གཞོན་སྐྱེས་རྣམས་གསུང་རབ་ངན་པར་བསྟེན་མི་རུང་བར་གདམས་པ་སོགས་ནི་རྩོམ་པ་པོ་གང་ཞིག་གི་ལྟ་བ་ཙམ་བརྗོད་པ་མ་ཡིན་ཏེ། ཏུན་ཧོང་བོད་ཡིག་ཡིག་རྙིང་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》ལས་ཀྱང་། “བུས་བ་གཞོ་ནུ་། རྩེ་བའི་གོར། ཡིག་རྩིས་ལ་སྩོགས་པ། །འཛངས་གྱི་སྣོད་དུ་འགྲོ་བ་དང་། ཕོང་རྩལ་ལ་སྩོགས་པ། །དཔའ་བའོ་སྣོན་དུ་འགྲོ་བ། ལོབ་པར་བསླབས་པའི་རིགས་སོ། །” ⑫ཞེས་བྱིས་པ་གཞོན་ནུ་རྩེད་དགར་རོལ་བའི་སྐབས་ནས་ཡིག་རྩིས་ལ་སོགས་པ་སློབ་པ་ནི་མཛངས་པའི་ཁ་གསབ་ཏུ་འགྲོ་བ་དང་། ཕོང་རྩལ་ལ་སོགས་པ་སློབ་པ་ཡང་དཔའ་བའི་ཁ་སྣོད་དུ་འགྲོ་བས་དེ་དག་བྱང་ཆུབ་པར་བསླབ་དགོས་པར་བསྟན་ཅིང།“སྟན་(སྙན་) ངག་ལ་སྩོགས་པ། ཡི་གེ་བཟང་པོ་འཆང་ཞིང་། གློག་ཏུ་བཆུག་ན། འཛངས་གྱི་རྣོན་དུ་རུང་ངོ། །” ⑬ཞེས་སྙན་ངག་ལ་སོགས་པའི་གསུང་རབ་བཟང་པོ་འཆང་ཞིང་ཀློག་ཏུ་བཅུག་ན་མཛངས་པའི་ཁ་སྣོན་དུ་འགྱུར་པར་བསྟན་པས། ལྟ་བ་འདི་འདྲ་ནི་སྐབས་དེའི་བོད་ཀྱི་ཐུན་མོང་གི་སློབ་གསོའི་ལྟ་བ་ཞིག་ཡིན་པར་ངེས་ཤེས་རྙེད་ཐུབ།
བཞི། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཀུན་སྤྱོད་ལེགས་ཉེས་མཚོན་པ།
བརྩམས་ཆོས་འདིར་ལེགས་པའི་མཚན་མ་བཞི་བཅུ་དང་ཉེས་པའི་མཚན་མ་སུམ་ཅུ་སོ་བཞི་བསྟན་པ་ནི། སྤྱི་ཚོགས་ཐོག་གི་ཀུན་སྤྱོད་ལེགས་ཉེས་ཀྱི་མཚན་མ་བྱེ་བྲག་པ་ངོས་འཛིན་དང་དེ་དག་བླང་དོར་བྱེད་དགོས་པ་ཁོ་ནའི་ཆེད་དུ་བསྟན་པ་ཞིག་མ་ཡིན་པར། གཙོ་བོ་མཐོ་བ་བཙན་པོ་དང་བློན་པོ་ནས་དམའ་བ་འབངས་མི་དང་འཁོར་གཡོག་སོགས་ཀྱི་རང་གཤིས་དང་། ཤེས་ཡོན། མོས་པ། སེམས་ཁམས། སྤྱོད་ལམ། ལོངས་སྤྱོད། འཚོ་སྟངས་སོགས་དང་འབྲེལ་བའི་མི་ཆོས་ཀྱི་བསླབ་བྱ་བྱེ་བྲག་པ་བརྗོད་པའི་ཆ་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཀུན་སྤྱོད་ལེགས་ཉེས་བླང་དོར་ཇི་ལྟར་བྱ་དགོས་ཀྱི་སྐོར་བསྟན་པ་ཞིག་ཡིན། དེ་ཡང་བླ་ན་རྗེ་སྒམ་ཞིང་འོག་ན་བློན་མཛངས་པ། མཐའ་ན་དཔུང་བཙན་པ། བར་ན་འབངས་མི་རྣམས་མི་ཆོས་སོག་མའི་ཕོན་ཐག་དམ་ཞིང་མཛའ་འབྲེལ་ཟབ་པ་ཞིག་ཡོད་ཕྱིན། ཕྱི་དགྲ་དང་ནང་ཇག་རྐུན་གྱིས་མི་ཐུབ་པ་དང་། གཞིས་བྱེས་ཐམས་ཅད་རང་རང་གི་གནས་སུ་སོས་དལ་བག་ཕེབས་ཀྱིས་བདེ་སྐྱིད་དཔལ་གྱི་ལོངས་སྤྱོད་ལ་མངོན་པར་རོལ་ཐུབ་པར་བསྟན་པ་དང། དེ་ལས་ལྡོག་པའི་ཉེས་པའི་ཕྱོགས་རྣམས་ཀུན་ནས་ལྡང་ན། སྤྱི་ཆོགས་ཁྱོན་ཡོངས་བདེ་འཇགས་བརྟན་ལྷིང་ལྟ་ཅི། ཟང་ཟིང་འཁྲུག་ལོང་གི་ཁྲོད་དུ་གནས་རྒྱུ་ཡིན་པའི་ཚུལ་བསྟན་ཡོད། དེ་དག་ནི་བོད་བཙན་པོའི་དུས་ཀྱི་སྤྱི་ཆོགས་ཀྱི་དོན་དངོས་ལས་ཐོན་པའི་མྱོང་ཚོར་རམ་ཕྱོགས་སོ་སོའི་སྣང་ཚུལ་ཕྱོགས་བསྡོམས་བྱས་པའི་འབྲས་བུ་ཡིན་ལ། རྩོམ་པ་པོ་གང་ཉིད་ཀྱི་སྨོན་འདུན་བཟང་པོ་དང་རེ་བའང་ཡིན་ངེས།
ལྔ། འཚོ་བའི་གོམས་སྲོལ་མཚོན་པ།
རྩོམ་རིག་ནི་སྤྱི་ཆོགས་འཚོ་བ་མཚོན་པའི་མེ་ལོང་ཡིན་ཟེར་བ་བཞིན། བརྩམས་ཆོས་འདིའི་བསྟན་དོན་ཁག་གཅིག་གིས་སྐབས་དེའི་བོད་མིའི་འཚོ་བའི་གོམས་སྲོལ་ཁག་གཅིག་མཚོན་ཐུབ་པ་དཔེར་ན། ཕྱུགས་ནི་ཁྱུ་མི་ཆེ་བར་བག་ལྷོད་པོས་འཚོ་སྐྱོང་དང་། མི་དང་ཡུལ་སྡེ་གཅིག་ཏུ་མི་བསྡུ་བར་སོ་སོའི་ཡུལ་དུ་ཁོང་དལ་གྱིས་འཚོ་གནས་བྱ་དགོས་པར་བསྟན་པ་དེས། སྐབས་དེའི་བོད་ཀྱི་འབྲོག་པའི་ཕྱུགས་ཟོག་འཚོ་སྐྱོང་དང་འཚོ་གནས་བྱེད་སྟངས་སོགས་རགས་ཙམ་མཚོན་ཏེ། ཏུན་ཧོང་ཡིག་རྙིངP. T.1287ལས་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀའི་ཚད་གཞི་གཏན་ལ་ཕབ་པར་བརྗོད་པས།⑭ སྐབས་དེ་ཤེད་ནས་ཕྱུགས་ཁྱུའི་སྐོར་ལ་ཁྲིམས་ཀྱི་གཏན་འབེབས་ཡོད་པ་ལྟར། བརྩམས་ཆོས་འདིའི་“ཕྱུགས་ནི་ཁྱུ་མ་ཆེ་”ཞེས་པའང་གཏན་འབེབས་དེ་ལས་ཆེས་ཆེར་མ་བརྒལ་བར་འཚོ་སྐྱོང་བྱ་དགོས་པའི་དོན་ཡིན་པར་སྙམ་པ་ལྟ་བུ་དང། ཡང། རྒྱུ་ནོར་གྱི་ཆ་རྐྱེན་དང་འཚམས་པའི་རྒྱན་ཆས་སྤྲོས་དགོས་ཚུལ་དང། རོ་བཅུད་ལྡན་པའི་ཟས་རྣལ་མར་རོལ་དགོས་ཚུལ། ཁ་ཟས་གང་འཕྲོད་དུ་བཟའ་དགོས་ཚུལ་སོགས་བསྟན་པ་དེས། སྐབས་དེའི་རྒྱན་ཆས་ཀྱི་སྤྲོས་ལུགས་དང་། ཁ་ཟས་ལ་རོལ་སྟངས་མཚོན་པ་དང་། དེ་བཞིན་ཕོ་མཛངས་པས་ནོར་དུ་མཁས་པར་སློབ་པ་དང་། མོ་མཛངས་མས་ཁྱིམ་སྐྱོང་བ། ཕོ་མཛངས་པས་ཡུན་གྱི་འབེལ་གཏམ་འཚོལ་བ་དང་། མོ་མཛངས་མས་ལུས་ཀྱི་སྐྱོན་འགེབས་པར་བསྟན་པ་དེས། སྐབས་དེའི་ཕོ་མོ་གཉིས་ཀྱི་ལས་བགོས་ཏེ། ཕོས་ཕྱི་ཕྱོགས་ཀྱི་ལས་ཀ་དང་དོན་ཆེན་པོར་འབད་པ་དང་། མོས་ནང་ལས་ཙག་ཅིག་དང་ཁྱིམ་སྐྱོང་བའི་ལས་ལ་བརྩོན་ཚུལ་གང་ལེགས་མཚོན་ཡོད།
མདོར་ན་བརྩམས་ཆོས་འདི་ནི་ལེགས་ཉེས་བླང་དོར་དང་འཇུག་ལྡོག་གི་གནས་སྟོན་པའི་ལུགས་ཀྱི་བསྟན་བཅོས་ཤིག་ཡིན་པ་མ་ཟད། བོད་བཙན་པོའི་དུས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྣང་ཚུལ་མངོན་པར་གསལ་བའི་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན་པར་འདོད། །
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①གུ་རུ་ཨུ་རྒྱན་གླིང་པས་གཏེར་ནས་བཏོན། 《བཀའ་ཐང་སྡེ་ལྔ་》 མི་རིགས་དཔེ་སྐྲུན་ཁང། ༡༩༩༠ལོ། ཤ་༤༧༡ན་གསལ།②④⑤⑥⑩⑫⑬ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། 《ཏུན་ཧོང་གི་གནའ་ཡིག་<ཕུ་བོས་ནུ་བོར་གཏམས་ཤིང་བསྟན་པའི་མདོ་>ཞེས་པའི་རྩ་འགྲེལ་》 མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོ། ཤ་༢༥ ༤༣ ༤༤ ༡༨ ༤༢ ༦༡ ༦༤བཅས་སུ་གསལ།③何怀宏:《伦理学是什么》北京大学出版社.2004年, P8。
⑦⑪⑭ཝང་ཡའོ། ཁྲིན་ཅན། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས་》 ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༠༨ལོ ཤ་༣༠ ༣༦ ༣༩བཅས་སུ་གསལ།
⑧⑨མཁས་པ་ལྡེའུ། 《ལྡེའུ་ཆོས་འབྱུང་རྒྱས་པ་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང། ༡༩༨༧ལོ། ཤ་༢༧༦ན་གསལ།