ལོ་གསར་འཆར་ཉེ་བའི་མཚམས་ལ་བོད་ཆས་བྲིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-07



    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉེ་བའི་མཚམས་འདིར། ལྷ་སའི་ཁྲོམ་ར་དང་སྲང་ལམ་དུ་རིམ་བཞིན་འཁྲུག་ཆ་དོད་པོ་འགྲོ་བཞིན་འདུག མི་མང་པོ་ཞིག་གིས་ངོས་ནས་བཤད་ན། བོད་ཆས་གསར་པ་ཆ་ཚང་ཞིག་བཟོ་རྒྱུ་ནི་གལ་ཆེན་པོ་ཞིག་རེད།    ཚང་མས་རྒྱུས་ཡོད་པའི་མཚོ་སྨན་གླིང་གི་བོད་ཆས་སྲང་ལམ་ནས་སྲང་ལམ་ཆེ་ཆུང་དུ་ཁྱབ་པའི་གཞི་རྒྱ་འདྲ་མིན་གྱི་བོད་ཆས་ཁང་ཚང་མར་ལོ་གཅིག་གི་བོད་ཆས་བཟོ་རྒྱུ་འབེལ་བའི་དུས་སླེབས་པ་རེད། དེ་རིང་གསར་འགོད་པས་ཁྱེད་ཉིད་དུས་ཆེན་སྔོན་དུ་བོད་ཆས་ཁྲོམ་རར་ལྟ་བ་ཁྲིད།
   གལ་ཏེ་བོད་ཆས་གསར་པ་ཞིག་བཟོ་འདོད་ན། མི་མང་པོ་ཞིག་པེ་ཅིང་ཤར་ལམ་གྱི་མཚོ་སྨན་གླིང་ཁུལ་དུ་བལྟ་བར་འགྲོ་སྲིད་རྒྱུ་རེད། མཚོ་སྨན་གླིང་ནས་ཐད་ཀར་ཧྲེན་ལི་དུས་རབས་ཚོང་རའི་ཉེ་འཁོར་གྱི་སྲང་ལམ་འགྲམ་གཉིས་ཀྱི་གཞི་རྒྱ་ཆེ་ཆུང་མི་གཅིག་པའི་བོད་ཆས་ཁང་དུ་སྐྱོད་ཚེ། ཕོ་མོ་རྒན་གཞོན་གང་ཡིན་རུང་ཚང་མས་རང་ཉིད་ལ་མཁོ་བའི་གོས་ཆས་དེ་ཉོ་ཐུབ་ཀྱི་ཡོད། 
   ཉེ་ཆར། གསར་འགོད་པ་ཧྲེན་ལི་དུས་རབས་ཚོང་རའི་བོད་ཆས་ཁང་666ལ་ཡར་འཛུལ་མ་ཐག་མིག་མདུན་གྱི་རས་ཆ་འདྲ་མིན་གྱིས་ཡིད་དབང་འཕྲོག་སོང་། ཚོང་ཁང་ནང་མཁོ་མཁན་མང་པོས་ཀྱང་རས་ཆ་དང་བཟོ་དབྱིབས་འདེམས་བཞིན་འདུག་ལ། ཚོང་བདག་གིས་ཀྱང་ངང་རྒྱུད་རིང་པོའི་ངང་མཁོ་མཁན་རྣམས་ལ་ད་ལོའི་བཟོ་དབྱིབས་དཔེ་གསར་དག་ངོ་སྤྲོད་བྱས་ནས་མཁོ་མཁན་ཚོར་འདེམས་གསེས་བྱེད་འཇུག་གིན་འདུག 
   ཉེ་བའི་ལོ་འགའི་རིང་། སྲོལ་རྒྱུན་གྱི་བོད་ཆས་ཚོང་ཁང་མང་པོས་ཀྱང་“དྲ་སྦྲེལ”བྱས་ནས་དྲ་ཐོག་གི་ཚོང་ལམ་དུ་བསྐྱོད་ཡོད། ཚོང་ཁང་གིས་རང་ཚོང་ཁང་གི་བོད་ཆས་གསར་པ་བརྙན་ཐུང་དུ་ཕབ་ནས་བརྙན་ཐུང་དེ་སྤྱི་སྟེགས་སུ་སྤེལ་ཡོད། འདི་ལྟར་བྱས་རྗེས་མཁོ་མཁན་མང་པོ་ཞིག་ཚོང་ཁང་དུ་ཡོང་ནས་མངགས་བཟོ་ཉོ་སྒྲུབ་བྱེད་བཞིན་འདུག བོད་ཆས་ཚོང་ཁང་666གི་ཚོང་བདག་སྐལ་བཟང་མཚོ་མོ་ཡིས། ཁོང་མོས་དུས་རྒྱུན་དུ་རང་ཚོང་ཁང་གི་བོད་ཆས་གོན་པའི་བརྙན་ཐུང་སྤྱི་སྟེགས་སུ་བཏང་ནས་ཉོ་ཚོང་རྒྱ་སྐྱེད་བྱས་མཐར་བསྔགས་བརྗོད་དང་དོ་ཁུར་མང་པོ་ཐོབ་བྱུང་ཞེས་ངོ་སྤྲོད་བྱས། 
   གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།ད་ལྟའི་ས་གནས་དེ་གའི་ན་གཞོན་ལོ་ཆུང་ཚོས་དར་གོས་རྒྱུ་ཆས་བོད་ཆས་བཟོ་རྒྱུར་དགའ་པོ་ཡོད་པ་དང་། ཚོས་གཞི་སྤམ་ཞིང་ཁམས་དྭངས་པ་ལ་དགའ་པོ་འདུག ལོ་ཅུང་ཙམ་ཆེ་བ་དག་གིས་ཚོན་གཞི་ཟབ་པོའམ་མདོག་རྐྱང་ཡིན་པའི་ཐེར་མའི་རྒྱུ་ཆ་ལ་དགའ་པོ་བྱེད་ཀྱིན་འདུག བོད་ཆས་གཅིག་བཟོས་ན་རིན་གོང་སྒོར་500ནས་སྒོར་1500ཡས་མས་རེད། ཞིབ་ཕྲའི་རིན་གོང་དེ་རས་ཆ་དང་བཟོ་སྟངས་ཞིབ་ཚགས་ཀྱི་ཚད་ལ་ཐུག་ཡོད། བོད་ཆས་བཟོ་བའི་དུས་ཡུན་ནི་སྤྱིར་བཏང་དུ་གཟའ་འཁོར་གཅིག་རེད།(http://tibet.people.com.cn/15837005.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1