ལོ་གསར་ལ་སླེབས་གྲབས་ཡོད་པའི་སྐབས་འདིར། ལྷ་སའི་ཁྲོམ་གཞུང་གང་སར་སྣུམ་བཙོས་ཁ་ཟས་འཚོང་མཁན་གྱི་གནས་སྐབས་ཚོང་ཁང་མང་པོ་ཞིག་ཐོན་ཡོད་པ་དང་། ཁྲོམ་གཞུང་ལ་ལ་ནི་ཐ་ན་ཆེད་དུ་ཁ་ཟས་འཚོང་སའི་ཁྲོམ་གཞུང་དུ་གྱུར་འདུག ཁ་ཟས་ནི་གྲོ་ཞིབ(ལ་ལས་མར་བླུགས་པ)ཀྱིས་བཟོས་པའི་སྣུམ་བཙོས་བཟའ་བཅའ་ཞིག་ཡིན་ལ་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཡོད་པ་དང་། བོད་ལུགས་ལོ་གསར་ལ་མེད་དུ་མི་རུང་བའི་ལོ་གསར་སྡེར་ཁའི་གྲས་ཤིག་ཡིན་པས་ས་གནས་དམངས་ཚོགས་ཀྱིས་དགའ་པོ་བྱེད་པའི་བཟའ་བཅའ་ཞིག་ཡིན་པ་དང་མགྲོན་པོར་སྣེ་ལེན་གཟབ་རྒྱས་བྱེད་པའི་ཟས་ཞིམ་པོ་ཞིག་ཀྱང་རེད།
ཚེས2ཉིན་གསར་འགོད་པ་གླིང་སྐོར་བྱང་ལམ་དུ་སྐྱོད་སྐབས་ཁྲོམ་གཞུང་གི་ཚོང་ཁང་ཁག་གཅིག་དེ་སྔའི་ཇ་ཁང་དང་ཚོང་ཁང་ནས་ད་ལྟའི་སྣུམ་བཙོས་ཁ་ཟས་ཚོང་ཁང་དུ་བསྒྱུར་འདུག
གླིང་སྐོར་བྱང་ལམ་དུ་ཡོད་པའི“ཉི་སྒྲོན་བོད་བཟོས་སྣུམ་བཙོས་ཁ་ཟས་ཚོང་ཁང་”དུ་སྐྱོད་སྐབས་ཚོང་ཁང་གི་གཞོགས་གཅིག་དང་དཀྱིལ་དུ་ཁ་ཟས་རྣམ་པ་སྣ་ཚོགས་གྲལ་འགྲིག་པོའི་ངང་བཤམས་ཤིང་། ཚོང་ཁང་གི་གཡོན་རྒྱབ་ཏུ་སྣུམ་སླང་ཆེན་པོ་ཞིག་བཞག་ནས་ཁ་ཟས་བཙོ་བཞིན་འདུག
ད་ལོར་ལོ56ལ་སླེབས་པའི་སྦྱིན་བདག་ཉི་སྒྲོན་གྱིས་ལོ23ལ་ཁ་ཟས་བཙོངས་པ་རེད། ཚོང་ཁང་གི་ཚོང་ཧ་ཅང་བཟང་བས་མགྲོན་པོ་རྒྱུན་ཆད་མེད། “ང་ཚོའི་གྲོ་ཞིབ་དང་སྣུམ་ལེགས་ཤོས་དག་གཅིག་གྱུར་གྱིས་ཉོ་སྒྲུབ་བྱེད་ཀྱིན་ཡོད་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་ལོ་ལྟར་ཞིབ་དཔྱད་བྱེད་པར་ཡོང་གིན་ཡོད། ཞིབ་དཔྱད་མི་སྣ་ཡང་སྔོན་ཏག་ཏག་ལ་ཁ་བྲལ་བ་ཡིན་པས་བཟའ་བཅའི་བདེ་འཇགས་ཐད་ནས་བློ་བདེ་བོ་བྱས་ཆོག དེས་མ་ཚད་ངས་ལོ་གྲངས་མང་པོར་ཁ་ཟས་བཙོངས་པས་སྐུ་མགྲོན་རྙིང་པ་ཡང་མང་པོ་ཡོད”ཅེས་ཉི་སྒྲོན་གྱིས་དེ་ལྟར་བཤད།
ཕྱེ་སྣོ་བ་དང་། གཏུབ་པ། ཚོས་རྒྱག་པ། ཕྱེ་ཐུག་བཅས་ཚོང་མི་་རྣམས་ཀྱིས་ལག་པའི་རྩལ་ལ་བརྟེན་ནས་ནར་དབྱིབས་དང་། སྒོར་དབྱིབས། ཕྱེ་ལེབ་ཀྱི་དབྱིབས་སོགས་རྣམ་པ་སྣ་ཚོགས་བཟོས་ཏེ་མཐར་སླ་ངའི་ནང་བཞག་ནས་བཙོས་ཏེ་ཁ་དོག་སེར་པོ་གསེར་ལྟར་གྱུར། སླ་ང་ནས་བཏོན་རྗེས་སླར་ཡང་སྣུམ་ལྡུག་པ་དང་ཀ་ར་དཀར་པོ་གཏོར་པས་གཞི་ནས་ཞིམ་མངར་ལྡན་ལ་བཟོ་ལྟ་ལེགས་པའི་ཁ་ཟས་ལེགས་གྲུབ་བྱུང་བ་རེད།
ཉི་སྒྲོན་གྱི་ཚོང་ཁང་ནང་ཁ་ཟས་དང་བག་ལེབ་རིགས7ཡོད། ཁོང་མོས་ཉིན་ལྟར་དགོང་མོའི་ཆུ་ཚོད9དང་ཕྱེད་ཀ་བར་ལས་ཀ་བྱེད་ཀྱིན་ཡོད། “ཟླ་དང་པོའི་ཟླ་མགོར་ང་ཚོས་ཁ་ཟས་བཟོས་ཏེ་འཚོང་འགོ་ཚུགས་པ་ཡིན། ད་ལོར་ཚོང་ཡག་པོ་འདུག ཚོང་ཞབས་པ་མང་ཆེ་བ་ནི་གུང་གསེང་བཏང་བའི་སློབ་ཆེན་པ་ཡིན་པ་དང་། ལོ་རེའི་དུས་འདིར་ཁོང་ཚོ་ཚོང་ཁང་དུ་ལས་ཀ་བྱེད་པར་ཡོང་གིན་ཡོད།”ཅེས་ཉི་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།
“ཆུང་དུས་གཉེན་ཉེ་ཚོ་མཉམ་དུ་འཛོམས་ནས་ཁྱིམ་ཚང་སོ་སོར་མཁོ་བའི་ཁ་ཟས་ཚང་མ་རང་མཁོ་རང་སྒྲུབ་བྱས་པ་ཡིན། ད་ཆ་ཚང་མ་བྲེལ་བ་ཆེ་བས་མཉམ་དུ་འཛོམས་པའི་དུས་ཚོད་ཧ་ཅང་ཉུང་བས་ཚང་མས་ཁྲོམ་རའི་ཐོག་ནས་ཉོས་ན་ཧ་ཅང་སྟབས་བདེ་བ་མ་ཟད། ད་དུང་བཟོ་ཚུལ་གྱི་བརྒྱུད་རིམ་ཡང་གསལ་པོ་མཐོང་ཐུབ་པས་བཟའ་བཅའི་འཕྲོད་བསྟེན་ཐད་ནས་བློ་བདེ་བོ་འདུག”ཅེས་གྲོང་མི་པ་སངས་ཉི་མས་དེ་ལྟར་བཤད།
ད་ཆ་འཚོ་བ་ཉིན་རེ་བཞིན་སྟབས་བདེ་རུ་འགྲོ་བཞིན་ཡོད་པས་མི་མང་པོ་ཞིག་གིས་ཐད་ཀར་དུ་ཁྲོམ་རའི་ཐོག་གི་ཁ་ཟས་དང་སྡེར་ཁ་སོགས་ལོ་གསར་གྱི་ཅ་ལག་ཉོ་བཞིན་ཡོད། “ཉི་སྒྲོན་བོད་བཟོས་སྣུམ་བཙོས་ཁ་ཟས་ཚོང་ཁང”སོགས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་བྱང་སྒོའི་སྤྱི་སྤྱོད་རླངས་འཁོར་ས་ཚུགས་དང་ལྷ་ས་སློབ་འབྲིང་གི་ཁྲོམ་གཞུང་ཉེ་འགྲམ་དུ་ཡོད་པའི་ཁ་ཟས་ཚོང་ཁང་ཕུད་གྲོང་ཤར་གྱི་ཁ་ཟས་ཚོང་ཁང་རྣམས་ཀྱང་ཧ་ཅང་ལེགས་པོ་ཡོད།
ཨེན་ཧུའེ་ཡོན་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་བསྟན་དར་གྱིས་མཚམས་སྦྱོར་གནང་བ་ལྟར་ན། གནས་སྤོས་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱས་ནས་ཁོང་ཚོའི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་ཆེད། ན་ནིང་སྡེ་ཁུལ་གྱིས“གྲོང་ཤར་སྣུམ་བཙོས་ཁ་ཟས་ཚོང་ཁང་”གི་ལས་གཉེར་ལག་ཁྱེར་བསྒྲུབས་ནས་གྲོང་མི་ཚོར་རྩལ་ནུས་གསོ་སྦྱོང་བྱས་པ་དང་། ཁོང་ཚོར་སྣུམ་བཙོས་ཁ་ཟས་བཟོ་སྟངས་བསླབས་ནས་བྲིན་ཚོང་ཡང་བྱས་ཡོད། བསྟན་དར་གྱིས“ང་ཚོའི་སྣུམ་བཙོས་ཁ་ཟས་ནི་སྤུས་ལེགས་གོང་ཁེ་ཡིན་པས་སྡེ་ཁུལ་གྱི་གྲོང་མི་ཚོས་དགའ་པོ་བྱེད་ཀྱིན་ཡོད་ལ་ནང་ཁུལ་ནས་ཕྱིར་ཚོང་བྱས་ན་ཚོང་ཡང་བྲིན་པོ་ཡོད”ཅེས་བཤད།