བོད་ལྗོངས་ལྷོ་ཁའི་ཕྱུག་འགྱུར་སྣེ་ཁྲིད་པས་ཕ་ཡུལ་ལ་དྲིན་ལན་འཇལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-09



           ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱ་མ་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་བྲལ་དུད་ཚང134དང་བཀྲ་ཤིས་གྲོང་ཚོའི་དུད་ཚང149ལ་རིན་ཐང་སྒོར་ཁྲི1.6ལྷག་ཙམ་ཟིན་པའི་འབྲས་དང་ཕྱེ། ཚ་དམ།  སླ་ང་སོགས་འཚམས་འདྲིའི་དངོས་པོ་འབྱོར་བ་དང་། ཤང་ཡོངས་ཀྱི་ཁ་ཐོར་དུ་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ10ལ་ད་དུང་གྲང་འགོག་གྱོན་ཆས་འབྱོར་ཡོད་དེ། དེ་དག་ནི་ཤང་དེའི་བཀྲ་ཤིས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཉི་མ་ཆོས་འཛོམས་ཀྱིས་ཕ་ཡུལ་ལ་དྲིན་ལན་འཇལ་སྟངས་ཤིག་རེད།
 
འཚམས་འདྲིའི་བྱེད་སྒོའི་ཡུལ་དངོས། 
            ངོ་སྤྲོད་བྱས་པར་གཞིགས་ན། ཉི་མ་ཆོས་འཛོམས་ནི་བཀྲ་ཤིས་གྲོང་ཚོ་ནས་ཡིན་ཞིང་། སྔོན་ཆད་ཁྱིམ་ཚང་དབུལ་པོ་ཡིན་རྐྱེན་སློབ་གྲྭར་འགྲོ་མྱོང་མེད་མོད། འོན་ཀྱང་མོས་འཚོ་བ་ལ་མགོ་མ་བསྒུར་བར། ལོ་མང་པོའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་ཞིང་། མོས་ཏང་གི་འབོད་སྐུལ་ལྟར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་རེད། རྫོང་ཨུའི་སྲིད་གཞུང་དང་། ཤང་གི་ཏང་ཨུ་དང་སྲིད་གཞུང་། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་བཅས་ཀྱི་རོགས་རམ་འོག 2019ལོའི་ཟླ7པར་རྡོ་འཐག་རྩམ་པ་ནག་པོ་དང་རྩམ་པ་དཀར་པོ། སྲན་མ་ནག་པོ་བཅས་ཐོན་སྐྱེད་བྱ་རྒྱུ་གཙོ་བོར་བཟུང་ནས་གཉེར་བའི་འཕྱོངས་རྒྱས་ཕུ་རབ་ཆུ་འཐག་རྩམ་པ་ཚད་ཡོད་ཀུང་སི་བཙུགས་ཏེ། བཀྲ་ཤིས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང8བསྡུས་པ་དང་། དུད་ཚང་རེའི་ཆ་སྙོམས་ཟླ་རེའི་གླ་ཆ་སྒོར3000ཟིན་ལ། གྲོང་མིའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་བ་མ་ཟད། བཀྲ་ཤིས་གྲོང་ཚོའི་དབུལ་བྲལ་འགག་སྒྲོལ་ལས་དོན་ལ་རམ་འདེགས་བྱས་པ་རེད། 
 
ཉི་མ་ཆོས་འཛོམས་ཀྱིས་བགྲེས་སོང་ལ་གྱོན་གོས་གསར་པ་གྱོན་པ། 
            ཉི་མ་ཆོས་འཛོམས་ཀྱིས་ལས་སྒྲུབ་ལས་གཏོད་ཀྱི་ཕུལ་བྱུང་སྤྱོད་ཚུལ་ལ་བརྟེན་ནས། སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་གྱི“འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འབད་བརྩོན་ཁྲོད་ང་རང་ཡོད”ཅེས་པའི་མི་དམངས་ཀྱི་གཏམ་རྒྱུད་བཤད་མཁན་ཕུལ་བྱུང་མི་སྣ་དང་རྫོང་རིམ་པའི་ཕུལ་བྱུང་འདེབས་འཛུགས་ཐོན་ལས་ཀྱི་གཉེར་སྐྱོང་བ་གཙོ་བོ་སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་རེད།  

ཉི་མ་ཆོས་འཛོམས་ཀྱི་ཀུང་སིར་ལས་ཞུགས་བྱས་པའི་དུད་ཚང་དབུལ་པོའི་གྲོང་མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1