༄༅།། ཏུན་ཧོང་ཡིག་རྙིང་《ཕུ་ནུའི་མདོ་》ལས་འཕྲོས་ཏེ་བོད་བཙན་པོའི་དུས་སྐབས་ཀྱི་ཁྱིམ་ཚང་གི་མི་ཆོས་བསམ་བློའི་སྐོར་གླེང་བ།

གངས་ཅན་མཚོ། འབའ་སྟོད་ཚེ་དབང་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 02-09



གངས་ཅན་མཚོ། འབའ་སྟོད་ཚེ་དབང་རྡོ་རྗེ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་མི་ཆོས་རིག་པ་དང་རིག་གནས་མིའི་རིགས་རིག་པའི་འབྲེལ་ཡོད་ཤེས་བྱ་སྤྱད་དེ། ཏུན་ཧོང་ཡིག་རྙིང་《ཕུ་ནུའི་མདོ་》ཡི་བརྗོད་བྱའི་བསྟན་དོན་ལ་འགྲེལ་བཤད་བྱས་པ་བརྒྱུད་ནས་དེ་ལས་མངོན་པའི་བོད་བཙན་པོའི་དུས་ཀྱི་ཁྱིམ་ཚང་གི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཚད་གཞི་སྟེ། ཕ་མ་བུ་ཕྲུག་དང་ཁྱོ་ཤུག་བཟའ་ཟླ་སོགས་ཁྱིམ་མི་ཕན་ཚུན་བར་གྱི་འབྲེལ་བ་ཇི་ལྟར་སྐྱོང་བར་ཕན་ཚུན་ལ་ངེས་པར་འཁུར་དགོས་པའི་ཀུན་སྤྱོད་འོས་འགན་ཇི་ལྟར་ཡིན་པ་སོགས་ལ་དཔྱད་པ་མདོར་ཙམ་སྤེལ་ཡོད།
[བརྡ་ཆད་གཙོ་བོ།] ཕུ་ནུའི་མདོ། ཁྱིམ་ཚང། མི་ཆོས་བསམ་བློ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག]  1002-9060-2020-02-0113-14
        གནའ་བོའི་རིག་གནས་གཏེར་མཛོད་དུ་གྲུབ་པའི་ཏུན་ཧོང་བྲག་ཕུག་ལས་ཐོན་པའི་བོད་ཡིག་ཤོག་དྲིལ་《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་》(གཤམ་དུ་《ཕུ་ནུའི་མདོ་》ཞེས་བསྡུ་རྒྱུ་ཡིན། ཨང་རྟགས་P.T.1283)ཞེས་པ་འདི་ནི་བོད་གནའ་རབས་དང་ལྷག་པར་དུ་བོད་བཙན་པོའི་དུས་ཀྱི་མི་ཆོས་བསམ་བློ་མཚོན་པའི་ཡིག་ཆ་གལ་ཆེན་ཞིག་སྟེ།འཇིག་རྟེན་བྱ་བའི་སྤང་བླང་འཇུག་ལྡོག་གི་རྣམ་གཞག་དང་ཡ་རབས་གུས་སྲོལ་སྟོན་པའི་ལུགས་ཀྱི་བསྟན་བཅོས་སྔ་ཤོས་ཀྱང་ཡིན། མདོ་འདི་ལས་སྤྱི་ཚོགས་ཀྱི་ལས་གནས་དང་ཐོབ་ཐང་མི་འདྲ་བའི་མི་ཕན་ཚུན་བར་གྱི་འབྲེལ་བ་ཇི་ལྟར་སྐྱོང་བའི་སྐོར་གྱི་མི་ཆོས་བསླབ་བྱ་མང་དུ་གནང་ཡོད་ལ། དེ་ལས་ཀྱང་སྤྱི་ཚོགས་གང་ཞིག་གི་གྲུབ་ཆ་གཙོ་བོར་གྱུར་པའི་ཁྱིམ་ཚང་སྟེ། ཁྱིམ་མི་ཕན་ཚུན་བར་དུ་སྤྱོད་པའི་དབང་ཆ་དང་ངེས་པར་དུ་འཁུར་དགོས་པའི་འོས་འགན་ལ་སོགས་པའི་མི་ཆོས་ཀུན་སྤྱོད་ཐད་ཀྱི་བསམ་བློ་ཅུང་འཐུས་ཚང་བ་ཞིག་བསྟན་འདུག དེ་ལ་རིག་གནས་མིའི་རིགས་རིག་པའི་འགྲེལ་སྟངས་ལྟར་ན། ཁྱིམ་ཚང་ཞེས་པ་ནི་གཉེན་སྒྲིག་དང་ཁྲག་རྒྱུན་ལ་སོགས་པའི་འབྲེལ་བའི་རྨང་གཞིའི་སྟེང་བཙུགས་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་རྣམ་པ་ཞིག་སྟེ། དེ་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཆུང་ཤོས་ཡིན། ཁྱིམ་ཚང་ཞིག་ཡིན་ཕྱིན་དེ་འགྲུབ་བྱེད་ཀྱི་རྨང་གཞི་ལ་སྤྱི་ཚོགས་ཀྱི་འབྲེལ་བ་ཁྱད་པར་ཅན་ཁ་ཤས་ལྡན་ཏེ། གཅིག་ནི་བཟའ་ཟླའི་བར་གྱི་གཉེན་གྱི་འབྲེལ་བ་དང་། གཉིས་ནི་ཕ་མ་བུ་ཕྲུག་བར་གྱི་ཁྲག་གི་འབྲེལ་བ། གསུམ་ནི་ཕ་མ་གཅིག་ལས་མཆེད་པའི་ཕུ་ནུ་མིང་སྲིང་གི་འབྲེལ་བ་བཅས་ཡིན་ལ། འབྲེལ་བ་དེ་དག་ཀྱང་རིགས་ཆེན་པོ་གཉིས་སུ་འདུ་སྟེ། གཉེན་འབྲེལ་དང་ཁྲག་འབྲེལ་གཉིས་སོ། །ཡང་ཁྱིམ་ཚང་དང་སྤྱི་ཚོགས་བར་དུ་གཅིག་ལ་གཅིག་བརྟེན་དུ་གནས་པའི་འབྲེལ་བ་ཁྱད་པར་ཅན་ཞིག་མཆིས་ཏེ། ཁྱིམ་ཚང་བདེ་ན་སྤྱི་ཚོགས་བདེ་བ་དང་།ཁྱིམ་ཚང་མ་བདེ་ན་སྤྱི་ཚོགས་ཀྱང་མི་བདེ་བ་འབྱུང་། ཁྱིམ་ཚང་གི་བཟའ་མིའི་བར་གྱི་མི་ཆོས་ཀུན་སྤྱོད་དེ་ནི་སྤྱི་ཚོགས་གང་གི་མི་ཆོས་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག་སྟེ། ཁྱིམ་ཚང་གི་མི་ཆོས་ཀུན་སྤྱོད་ལེགས་པར་བསྐྱངས་ན་དོན་གྱིས་སྤྱི་ཚོགས་གང་གི་མི་ཆོས་ཀུན་སྤྱོད་དེ་ཇེ་ལེགས་སུ་འགྲོ་བའི་མཚོན་རྟགས་དང་སྔོན་འགྲོ་ཡིན། ཏུན་ཧོང་ཡིག་རྙིང་《ཕུ་ནུའི་མདོ་》ནི་བོད་བཙན་པོའི་དུས་དང་ཡང་ན་དེའི་ཡར་སྔོན་གྱི་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་གཙོ་བོར་སྟོན་པའི་གཞུང་ཞིག་ལགས་ན། འཇིག་རྟེན་པ་ཕོ་མོ་གཉེན་སྒྲིག་ཚུལ་དང་ཁྱིམ་སྲིད་འཛིན་ཐབས་འདིའང་དེའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྲུབ་ཡོད་ལ། དེའི་ཐད་ཀྱི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཚད་གཞིའང་ཐུན་མོང་མ་ཡིན་པ་ཞིག་བྱུང་ཡོད་དེ། གཤམ་དུ་རེ་རེ་བཞིན་ངོ་སྤྲོད་དང་དབྱེ་ཞིབ་མདོར་ཙམ་བྱས་ན།
དང་པོ། ཕ་མར་སྲི་ཞུ་སྒྲུབ་པ་དང་བུ་ཚར་ཤེས་རིག་སློབ་པའི་མི་ཆོས་བསམ་བློ། 
        དེ་ལ་ཁྱིམ་ཚང་ཞེས་པ་ནི་གཉེན་སྒྲིག་དང་ཁྲག་རྒྱུན་གྱི་འབྲེལ་བའི་རྨང་གཞིའི་སྟེང་བསྐྲུན་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་རྩའི་རྣམ་པ་ཞིག་སྟེ། ཕ་མ་བུ་ཕྲུག་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་ཆེས་རྩ་བར་གྱུར་པའི་འབྲེལ་བ་ཡིན་ལ། ཁྱིམ་མི་གཞན་དག་བར་གྱི་འབྲེལ་བ་ལེགས་པར་བསྐྱང་ནུས་མིན་གྱི་གཞི་རྩའང་ཡིན། མདོ་འདི་ལས་ཕ་མ་བུ་ཕྲུག་བར་དུ་ཟློག་མེད་ཀྱི་ཀུན་སྤྱོད་འོས་འགན་ལྡན་ཚུལ་ལས་འཕྲོས་ཏེ་དེའི་སྐོར་གྱི་མི་ཆོས་བསམ་བློ་བསྟན་ཡོད། ཀུན་སྤྱོད་འོས་འགན་ཞེས་པ་ནི་མི་ཆོས་རིག་པའི་བརྗོད་བྱ་གལ་ཆེན་ཞིག་སྟེ། དེ་ནི་རང་ཉིད་ཀྱིས་མི་གཞན་པ་དང་སྤྱི་ཚོགས་ལ་བསྒྲུབ་འོས་པ་དང་ཡང་ན་འཁུར་འོས་པའི་འགན་ཁུར་ལ་བྱ་སྟེ། “དངོས་ཡོད་སྤྱི་ཚོགས་སུ་འཚོ་བའི་མི་ཞིག་ཡིན་ཕྱིན་ཁྱོད་ལ་བསྒྲུབ་འོས་པའི་འགན་ཁུར་ཞིག་མཆིས་ཏེ། ཁྱོད་ཀྱིས་འོས་འགན་དེ་ཉིད་ཤེས་རྟོགས་བྱུང་ཡོད་མེད་ནི་གལ་མི་ཆེ་” ①ཞེས་གསུངས་པ་བཞིན་འདིར་བརྗོད་པ་ནི་གཙོ་བོ་ཀུན་སྤྱོད་འོས་འགན་ལ་བྱ་བ་ཡིན། སྤྱི་ཚོགས་སྟེང་གི་མི་སུ་དང་སུ་ཞིག་ཡིན་ཡང་རང་གི་གཉེན་ཉེ་དང་ལས་གྲོགས། མི་རིགས། རྒྱལ་ཁབ་སོགས་ལ་ཀུན་སྤྱོད་འོས་འགན་ངེས་ཅན་ཞིག་བསྣམས་ཡོད་དེ། དེ་ནི་བོད་ཀྱི་གནའ་དུས་ཀྱི་མི་ཆོས་བསམ་བློའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། 《ཕུ་ནུའི་མདོ་》ལས་མི་ཞིག་གི་ཀུན་སྤྱོད་འོས་འགན་ཕྱོགས་མང་པོ་ནས་བསྟན་ཡོད་ནའང་དེ་དག་ལས་ཆེས་གཙོ་བོར་གྱུར་པ་ལ་བུ་ཕྲུག་གིས་ཕ་མར་སྲི་ཞུ་བསྒྲུབ་རྒྱུ་དང་། ཕ་མས་བུ་ཚར་ཤེས་རིག་བསླབ་རྒྱུ་གཉིས་སུ་སྣང་བས་གཤམ་དུ་རེ་རེ་བཞིན་མདོར་ཙམ་ཞུ་ན།
        གཅིག ཕ་མར་སྲི་ཞུ་སྒྲུབ་པའི་འོས་འགན། དེ་ཡང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་འཕེལ་རིམ་སྤྱི་ལ་གཞིགས་ན། རང་གི་ཕ་མ་དང་གཉེན་མི་ལ་སྲི་ཞུ་བྱ་བའི་བསམ་བློ་དེ་ནི་གནའ་སྔ་མོའི་ཁྲག་རྒྱུད་འབྲེལ་བ་ལས་གྲུབ་པའི་རུས་རྒྱུད་སྤྱི་ཚོགས་སུ་བྱུང་བ་སྟེ། མིའི་རིགས་ཀྱི་ཕན་ཚུན་ལ་ཁྲག་རྒྱུད་འབྲེལ་བ་ལྡན་པའི་སྤྱི་ཚོགས་དངོས་ཡོད་ལས་རང་གི་ཡབ་མེས་གོང་མ་རྣམས་ལ་དད་མོས་བྱ་བའི་འདུ་ཤེས་དེ་བྱུང་ཞིང་། རང་ལ་མེས་པོའི་ལྷ་ཡི་མགོན་སྐྱབས་འཐོབ་པར་རེ་སྨོན་ཞུ་བ་ཡིན། ཕྱིས་སུ་ཁྱིམ་ཚང་སྒེར་དབང་ལམ་ལུགས་བྱུང་བ་དང་བསྟུན་ནས་བུ་དང་བུ་མོས་རང་གི་ཕ་མའི་རྒྱུ་ནོར་རྒྱུན་འཛིན་བྱས་ཆོག་པ་དེར་རིམ་གྱིས་སྤྱི་ཚོགས་ཡོངས་ཀྱི་ཁས་ལེན་ཐོབ་ཅིང་། ཕ་མ་དང་ཕུ་ནུ་སྤུན་ཟླ་བར་ལའང་དེར་མཐུན་གྱི་དབང་ཆ་དང་འོས་འགན་ལྡན་པར་གྱུར། དེ་ཡང་འཇིག་རྟེན་གྱི་ཕ་མ་ཞིག་ཡིན་ཕྱིན་རང་གི་བྱིས་པ་སྙོར་སྐྱོང་བྱ་བའི་འོས་འགན་ཡོད་པ་དང་། རང་ཉིད་ལོ་ལོན་དུས་བུ་བུ་མོར་རང་ཉིད་བདག་སྐྱོང་བྱ་རུ་འཇུག་པའི་དབང་ཆ་ལྡན། དེ་བཞིན་དུ་བུ་བུ་མོ་ལའང་ཆུང་དུས་སུ་ཕ་མ་ལ་རང་ཉིད་སྙོར་སྐྱོང་བྱ་རུ་འཇུག་པའི་དབང་ཆ་ལྡན་པ་དང་། རང་ཉིད་ནར་སོན་དུས་རང་གི་ཕ་མ་བདག་སྐྱོང་བྱ་བའི་འོས་འགན་ལྡན་པ་ཡིན། ཕུ་ནུ་མིང་སྲིང་བར་ལའང་རང་གི་ཕ་མའི་རྒྱུ་ནོར་མཉམ་སྤྱོད་བྱ་བའི་དབང་ཆ་ལྡན་ལ། ཕན་ཚུན་ལ་གུས་བཀུར་དང་རྒྱབ་སྐྱོར་བྱ་བའི་འོས་འགན་མངའ་བ་ཡིན། གོང་གི་དབང་ཆ་དང་འོས་འགན་དེ་དག་དང་འབྲེལ་ཏེ་ད་གཟོད་ཕ་མ་བུ་ཕྲུག་བར་ལ་སྲི་ཞུ་བསྒྲུབ་པའི་འདུ་ཤེས་བྱུང་བ་སྟེ། དེ་ནི་འགྲོ་བ་མིའི་རིགས་ལ་ལྷན་སྐྱེས་སུ་མངའ་བའི་དབང་ཆ་དང་འོས་འགན་གྱི་འདུ་ཤེས་ཤིག་ཡིན་ལ། ངེས་པར་དུ་དང་ལེན་དང་ལག་བསྟར་བྱ་དགོས་པའི་མི་ཆོས་ཀུན་སྤྱོད་ཐད་ཀྱི་ཆེས་མ་མཐའི་རེ་བ་དང་ཚད་གཞི་ཞིག་ཀྱང་ཡིན།
        《ཕུ་ནུའི་མདོ་》ལས་མི་ཆོས་ཀྱི་སྐོར་བརྗོད་དུས་“མྱིའི་ཆོས་ནི། །དྲང་ཞིང་སྲི་ཞུ་དང་། དེས་ཤིང་མཉེན་བའ།སྙིང་རྗེ་འེ་ཞིང་། དངན་ཆན་མྱེད་རྗེས་དང་ཁྲེལ་ཡོད། སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ། །”ཞེས་འཇིག་རྟེན་འདིར་འཚོ་བའི་མི་ཞིག་ཡིན་ཕྱིན་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་མི་ཆོས་ལ་རྣམ་གྲངས་བཅུ་རུ་བསྟན་ཡོད་ལ། སྲི་ཞུ་ནི་དེའི་ཁྲོད་ཀྱི་ངེས་པར་ལག་ཏུ་བསྟར་དགོས་པའི་ཀུན་སྤྱོད་འོས་འགན་གལ་ཆེན་ཞིག་ཡིན། མི་མི་འདྲ་བའི་བར་ཕན་ཚུན་སྲི་ཞུའི་འོས་འགན་བསྒྲུབ་དགོས་པ་ལས་ཆེས་གཙོ་བོར་གྱུར་པ་ནི་རང་གི་ཕ་མ་ལ་སྲི་ཞུ་བྱ་རྒྱུ་དེ་ཡིན་ཏེ། ཕ་མས་ནི་རང་ཉིད་ལ་ལུས་སྲོག་བསྩལ་བར་མ་ཟད་བུ་བུ་མོ་ནར་སོན་པའི་བརྒྱུད་རིམ་རིང་མོའི་ཁྲོད་དུ་རང་གི་ལུས་སེམས་ཀྱི་བརྩེ་བ་ཡོད་ཚད་བཏོན་ནས་སྙོར་སྐྱོང་གང་ལེགས་བྱས་པ་དང་། ཕ་མས་རང་གི་བུ་བུ་མོར་བཅངས་པའི་བྱམས་བརྩེ་དེ་ནི་གཞན་གང་གིས་ཀྱང་སྒྲུན་ཐབས་མེད་པས་དེའི་བཀའ་དྲིན་ནི་རི་རབ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པ་ཡིན། འདི་ལ་ཏུན་ཧོང་ཡིག་རྙིང་《འཕྲུལ་གྀ་བྱྀག་ཤུས་མྱྀ་ཕྱི་མ་ལ་བསྟན་པའི་མདོ་》ཞེས་པ་ལས། “ཕ་མྱེད་ན་ནྀ་མྱྀ་སྐྱེ་འོ། །མ་མྱེད་ན་ནྀ་མྱྀ་སོས་སོ། །མ་འྀས་བུ་གསོས་ཤྀན་ཏུ་དཀའ། །ཐོག་མ་ཆགས་ན་ཉམ་མྱྀ་བདེ། །མ་བྱུང་བར་དུ་ཉོན་རེ་མོངས། །ཟླ་བ་ཚང་ནས་བྱེ་བྲག་བྱེ། །ལུག་བསད་ཤ་གཞྀ་འལ་ཀ་འདྲ། །གཡས་གཡོན་ཀུན་ཀྱང་ཁྲག་ཀྀས་གང་། །ན་ཚ་མྱྀ་བཟད་ཤྀ་ལ་འཐུགས་། །གཤེར་གྲང་མལ་ན་མ་བདག་ཉལ་། །སྐམ་དྲོ་མལ་ན་བུ་སྡུག་སྙན། །མ་སྙྀང་རྟག་ཏུ་བུ་ལ་ཆགས། །སྐ་ཅྀག་མྱྀ་བརྗེད་ཉོན་རེ་མོངས། །སྐྱེས་ན་ཆུང་མ་ཉྀ་ངག་ཉན་ཅྀང་གཤེ་ན་འདྀ་ལྟར་མྱྀ་དགར་མྱེད། །དེ་ལྟ་བུ་ནི་སྡུག་ཡུལ་དུ་ཕྱྀན་ཅྀང་ནམ་དུ་ཡང་ཐར་མྱྀ་མྱོང་། །དེ་ལ་སོམས་ཏེ་སྲྀ་ཞྀད་བྱོས། །” ②ཞེས་པ་བཞིན་ཕ་མས་བུ་ཕྲུག་སྐྱེས་ནས་ཆེན་པོར་སྙོར་བ་ལ་བཟོད་པར་དཀའ་བའི་དཀའ་སྡུག་སྣ་ཚོགས་མྱངས་ཡོད་པས་ན། ཕ་མའི་བཀའ་དྲིན་འཇལ་བར་སྲི་ཞུ་གང་ལེགས་བྱ་དགོས་པ་འདི་ནི་གནའ་སྔ་མོའི་དུས་ནས་བོད་ཀྱི་མི་ཆོས་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། དུས་ཕྱིས་ཀྱི་མི་ཆོས་བསླབ་བྱའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན་པ་《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་》སོགས་ལས་ཀྱང་རྟོགས་ནུས།
        དེས་ན་《ཕུ་ནུའི་མདོ་》ལས་རང་གི་ཕ་མ་ལ་སྲི་ཞུ་ཇི་ལྟར་སྒྲུབ་དགོས་ཚུལ་ལ་དྲི་བ་སོ་གཉིས་པར་“སྲི་ཞུ་བྱ་བ་ཆི་བཟང་”ཞེས་པའི་ལན་དུ། “བུ་ཚས་ནི་ཕ་མ་དང་གཉེན་བཤེས་མྱི་འགྱོད་པར་ནུས་ན། །སྲི་ཞུའི་མཆོགོ།……དེ་ལྟར་ནུས་ན། བདགིས་ཆི་བྱ་འོ་ཆོག་ལ། །བདེ་ཞིང་ཡངས་པར་འོང་ངོ་། །”ཞེས་པ་ལྟར་ཕ་མར་སྲི་ཞུ་བྱ་བ་ནི་ཁོང་ཚོའི་ཕོ་བ་འགྲང་ཐབས་ཙམ་དང་ལུས་རྒྱབ་འཁེབ་ཐབས་ཙམ་བགྱིས་ཏེ་ལུས་ཕུང་བདེ་ཐང་ཁོ་ནར་དོ་སྣང་བྱས་པ་ཙམ་གྱིས་མི་འདང་སྟེ། གཙོ་བོ་ཕ་མའི་སེམས་ཁམས་གཙོ་བྱས་པའི་ཕྱོགས་གང་ཅིའི་ཐད་ལ་སེམས་ཁུར་དང་དོ་སྣང་བྱ་བ་དང་། ཁོང་ཚོའི་འདོད་འདུན་ཡོངས་སུ་བསྐངས་ཏེ། ལུས་བདེ་བའི་རྨང་གཞིའི་སྟེང་ཐུགས་སེམས་ཀྱང་སྤྲོ་སྐྱིད་འོང་ཐབས་བྱས་ཏེ་རང་སེམས་ལ་འགྱོད་པ་མེད་པར་བྱས་ན་ད་གཟོད་སྲི་ཞུའི་མཆོག་ཡིན་པར་བསྟན། དེ་ལྟར་མ་ཡིན་པར་“ནོན་སྙིང་མ་ཚང་བ། །མྱི། གཞན་གྱི་ངག་ཉན་པ་དང་།བསམ་བ་ནོར་པས། །རྗོ་བོ་དང་དཔོན་པོ་དང་ཕ་མ་མན་ཆད་། །གཉེན་གྲོགས་དང་། བྲན་ཡན་ཆད་བསད་པ་དང་། འབྱེ་འཐབ་ཡོད་དོ། འདི་ལྟ་བུའི་མྱི་ནི། །མཐོང་ངོ་ཆོག་གིས། །འདྲེ་དང་མཚུངས་པར་བྱ་བའི་རིགསོ་། འདི་ལྟ་བུ་མྱི་རིགས་། མ་ཉེས་པ་ཡྔ། གསོད་ན། །དེས་མྱི་མ་བསད་པ་གག་ཡིན། །དེ་ལ་བལྟས་ན། །མྱི་མ་ཡིན་ཏེ་འདྲེ་བར་མངོནོ། །”ཞེས་མི་ལ་ལ་ནི་གློ་སྙིང་མ་ཚང་བར་མི་གཞན་གྱི་ངག་ལ་ཉན་པ་དང་། བསམ་པ་ལོག་པས་རྗེ་བོ་དང་དཔོན་པོ། ཕ་མ་མན་ཆད་གཉེན་གྲོགས་དང་། བྲན་འཁོར་ཡན་ཆད་གསོད་པ་དང་། འབྱེད་པ། འཐབ་པ་སོགས་བྱེད་མཁན་ནི་མཐོང་བ་ཙམ་གྱིས་གདུག་འདྲེ་དང་འཕྲད་པ་ཇི་བཞིན་རིང་དུ་འདོར་དགོས་པར་གདམས་ཡོད། ཡང་ལ་ལས་ནི་རང་གི་ཕ་མ་དང་གཉེན་མི་ལས་ཆུང་མ་གཅེས་པར་བརྩི་བ་འདིའང་ཤིན་ཏུ་མི་རུང་སྟེ། “མྱི་ལ་ལ་། །ཤ་རུས་གྱིས་གཉེན་བ་བས། །ཆུང་མ་གཉེན་བར་བརྩི་བ་ཡོད་དོ། །ཆུང་མ་ཆི་ལྟར་སྡུག་གྱང་ཉོར་རྙེད་གྱིས། །ཕ་མ་དང་ཕུ་ནུ་བོ་ཆི་ལྟར་མྱི་སྡུག་གྱང་། །གུད་ནས་བཚལ་དུ་མྱི་རྙེད་དོ། །དེ་ལྟ་བས་ན། །བུ་དང་ཆུང་མ་བས་ནི། །ཕ་མ་དང་ཕུ་ནུ་བོ་། ཕངས་པར་བརྩི་དགོསོ། །”ཞེས་རང་གི་ཆུང་མ་ཇི་ལྟར་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ནའང་ཉོ་རྒྱུ་རྙེད་ཅིང་། ཕ་མ་དང་ཕུ་ནུ་ནི་གཞན་ལས་བཙལ་བས་མི་རྙེད་པས་ན། བུ་དང་ཆུང་མ་ལས་ཕ་མ་དང་ཕུ་ནུ་གཅེས་པར་བརྩི་དགོས།རང་གི་ཆུང་མ་ལས་ཕ་མ་གཙོ་ཆེ་བའི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཚད་གཞི་འདིའི་རིགས་ནི་ཕྱིས་ཀྱི་བོད་པའི་བསླབ་བྱའི་བརྩམས་ཆོས་ཁྲོད་དུའང་སྣང་སྟེ། དཔེར་ན་《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་》ལས།“གྱོན་པ་རྙིངས་ན་གསར་པ་བཟོས་པས་ཆོག །མནའ་མ་མེད་ཀྱང་མནའ་མ་བསུས་པས་ཆོག །འཚོལ་དགོས་བྱུང་ན་ཕ་མ་རྙེད་མདོག་མེད། །ཕ་མ་གཉིས་དང་མནའ་མ་བརྗེ་མདོག་མེད། །འདྲ་འདྲའི་ཁྲོད་དུ་སྡོད་པ་ངོ་ཡང་ཚ། །འཇོན་མདོག་བྱས་ཀྱང་འཇོན་རྒྱུ་དེ་ག་རེད། །ཕ་མ་མནའ་མའི་དབྱེ་འབྱེད་མ་ཤེས་ན། །མི་ལུས་དེ་འདྲ་ཐོབ་ཀྱང་ཁྱི་ལས་ལོད། །ཁྱི་ངན་སྨྱོ་ཡང་བདག་པོ་ངོས་ཀྱིས་འཛིན། །ཁྱི་ལས་ལོད་པའི་མི་དེ་ཡ་ཡང་ང་། །དེ་འདྲའི་ལུས་རྟེན་སྡང་བའི་དགྲ་ལ་འགྱུར། །མི་ངན་གཅིག་གིས་མི་བརྒྱ་རླུང་ལ་སྐུར། །མི་ལུས་ཡིན་ཀྱང་རྒྱ་མཚོའི་གཏིང་ལ་བསྐྱུར། །ལམ་ངན་བཏོད་ནས་འཛམ་གླིང་འཕུང་ལ་སྦྱོར། །” ③ཞེས་རང་གི་ཕ་མ་དང་ཆུང་མའི་དབྱེ་འབྱེད་མ་ཤེས་ན་མི་ལུས་བླངས་ཀྱང་ཁྱི་དང་འདྲ་བར་གསུངས་ཡོད་པ་བཞིན་ཡིན།
        ཕ་མས་རང་གི་བུ་ཕྲུག་ཆུང་དུས་ནས་སྙོར་སྐྱོང་བྱ་བ་དེའང་རང་ཉིད་ལོ་ལོན་ཚེ་རང་ལ་སྲི་ཞུའི་བཀའ་དྲིན་བསྐྱང་བར་དམིགས་པ་སྟེ། མདོ་ལས། “བུ་ཚ་ཕ་མས་གསོས་ཏེ། །ཕངས་པའི་རིམ་འགྲོ་མྱིག་དང་མཚུངས་པར་བྱས་པ་ཡྔ། །རྒས་པའི་བསེལ་དང་ལན་གློན་བར་དགོསུ་ཟད་དེ། །སྐྱེས་ན་སླར་ལན་བླན་ཞིང་ཆི་ནུས་གྱིས་བྱ་བའི་ རིགསོ། །”ཞེས་ཕ་མས་རང་གི་བུ་ཚ་བརྩེ་བའི་མིག་དང་འདྲ་བར་གཅེས་སྐྱོང་བྱ་བ་དེ་ཡང་རང་ཉིད་རྒས་པའི་ཚེ་ན་སྐྱེལ་མ་ཞུ་བ་དང་དྲིན་ལན་འཇལ་བའི་དོན་དུ་ཟད་པས་ན། བུ་ཕྲུག་རྣམས་ཀྱིས་ཀྱང་ཕ་མའི་སྐུ་དྲིན་གང་ཐུབ་ཅི་ནུས་ཀྱིས་གསོལ་བར་རིགས་སོ། །སྤྱིར་ན་དྲིན་ཅན་ལ་དྲིན་ལན་འཇལ་བ་ནི་སྨྲ་ཤེས་ཤིང་དོན་གོ་བའི་མི་ལྟ་ཅི། སྲོག་ལྡན་ཡན་ཆད་ཐམས་ཅད་ཀྱིས་སྒྲུབ་པ་ཞིག་སྟེ། “དཔེར་ན། གཆན་ཟན།མཚའ་དང་བྱ་རྒོད་གྱི་བུ་ཡྔ། །ཕ་མའི་དྲིན་གྱི་ལན་གློན་ན་། མྱིའི་བུ་ལྟ་ཆི་སྨོས་”ཞེས་གཅན་གཟན་འཕར་བ་དང་བྱ་རྒོད་ཀྱི་ཕྲུ་གུས་ཀྱང་ཕ་མའི་དྲིན་ལན་འཇལ་བར་བྱེད་ན་མིའི་བུ་ནི་ལྟ་ཅི་སྨོས་ཏེ་ངེས་པར་དུ་བསྒྲུབ་དགོས་པའི་མི་ཆོས་རྣམ་གྲངས་ཤིག་ལགས། ཕ་མར་སྲི་ཞུ་མི་བྱ་བ་དང་ཡང་ན་དྲིན་ལན་ལོག་འཇལ་བྱ་བ་ནི་འགྲོ་བ་མིའི་མཚན་ཉིད་མ་ཚང་བ་སྟེ། “ཕ་མ་དང་བླ་མ་ལ་། སྲི་ཞུ་མྱེད་ན། །དེ་ནི་ཕྱུགས་དང་མཚུངས་གྱིས། །མྱི་ཞེས་མྱིང་མ་གདགས་ཤིག །”ཅེས་རང་གི་ཕ་མ་དང་གོང་རིམ་ལ་གུས་ཞབས་མི་བྱེད་ན། དེའི་སྤྱོད་པ་ནི་དུད་འགྲོ་ཕྱུགས་དང་འདྲ་བས་མི་ཞེས་པའི་མིང་མ་འབོད་ཅིག་ཅེས་གསུངས་པ་བཞིན་ཡིན།
        དེ་ནས་རང་གི་ཕ་མ་ལ་སྲི་ཞུ་བྱེ་བྲག་ཏུ་ཇི་ལྟར་བསྒྲུབ་དགོས་པའི་ཕྱོགས་སུ་“མ་རབས་གྱིས་ཕན་གཞན་དུ་གདགསུ་མྱེད་གྱང་། །ཕ་མའི་ངག་མཉན་ཏེ། ཡིད་དང་མ་གལ་པེའི་རིམ་འགྲོ་ཆེར་བྱ་བའི་རིགསོ། །ཕ་མ་ཡོད་གྱི་བར་དུ་། །བུ་ཕོས་སྨོས། །ཤེས་གྱང་། གློན་གདབ་པའི་རིགས་གྱི། །སོ་ནམ་གྱི་དབང་བྱ་བའི་མྱི་རིགསོ། །བུ་འང་ཐུགས་ཐུབ་མྱི་བྱེད་ན་། མནའ་མ་ལྟ་ཆི་སྨོས། །”ཞེས་པ་བཞིན་བུ་ཕྲུག་གིས་རང་གི་ཕ་མ་ལ་མ་མཐར་ཕན་གཞན་འདོགས་མི་ཐུབ་ནའང་ཕ་མས་ཅི་གསུང་གི་ངག་ལ་མཉན་ཏེ་ཁོང་ཚོའི་ཐུགས་དང་མི་འགལ་བའི་གུས་ཞབས་བྱ་བར་རིགས། བུ་དང་བུ་མོ་ལ་རང་ཁྱིམ་སྐྱོང་བའི་ཤེས་ཡོན་དང་འཇོན་ཐང་ལྡན་ནའང་ཕ་མ་གཉིས་ནི་རང་ཁྱིམ་གྱི་རྟེན་གཞི་དང་བདག་པོ་ཡིན་པས་ན་ཁོང་ཚོ་ནམ་བཞུགས་ཀྱི་བར་དུ་གསལ་འདེབས་ཙམ་ཞུ་འོས་པ་ལས་ཁྱིམ་ལས་ཀྱི་དབང་ཆ་ལེན་མི་རིགས། བུ་ཕྲུག་རང་གིས་ནུས་བཞིན་དུ་ཁྱིམ་ཚང་གི་དབང་ཆ་ཕ་མར་སྤྲོད་པ་འདིའང་སྲི་ཞུའི་རྣམ་གྲངས་ཤིག་སྟེ། ཕ་མའི་ཐུགས་སེམས་མི་དཀྲུག་པའི་གུས་ཞབས་བླ་མེད་ཅིག་ཡིན། དེ་ལྟར་རང་ཁྱིམ་དུ་ཕ་མའི་ཟིལ་ཤུགས་དང་དབང་ཆ་ལ་རང་གི་བུས་ཀྱང་ཐེ་གཏོགས་བྱེད་མི་རུང་ན་མནའ་མ་ལྟ་ཅི་སྨོས་ཏེ།མནའ་མས་ཀྱང་ཁྱོ་གའི་ཕ་མ་གཉིས་རང་གི་ཕ་མའི་ཚབ་ཏུ་བཞག་སྟེ་སྲི་ཞུ་ལེགས་པོ་བྱ་དགོས་པ་ལས་ཐེ་གཏོགས་བྱ་མི་རུང་བར་གདམས་ཡོད།
        དེ་ལྟར་སྤྱིར་ན་འཇིག་རྟེན་གྱི་མི་ཞིག་ཡིན་ཕྱིན་ཕ་མའི་བཀའ་དྲིན་ཤེས་དགོས་ཤིང་། ཤེས་ནས་ཀྱང་ཕ་མའི་དྲིན་ལན་འཇལ་བར་སྲི་ཞུ་ཅི་ནུས་བསྒྲུབ་དགོས་པ་དང་། ཕ་མས་ཅི་གསུང་གི་ངག་ལ་མཉན་ནས་ཇི་ལྟར་གདམས་པ་དེ་ལྟར་བསྒྲུབ་དགོས་པ་སྨོས་མེད་ཡིན་མོད། འོན་ཀྱང་གལ་ཏེ་ཕ་མས་རང་ལ་བསྒྲུབ་པར་གདམས་པའི་བྱ་བ་དེ་ནི་དྲང་བདེན་མ་ཡིན་པར་ཡོན་པོའི་ཆོས་སུ་གཏོགས་ནའང་བུ་ཕྲུག་གིས་ཇི་བཞིན་མཉན་ནས་བསྒྲུབ་དགོས་པ་ཡིན་ནམ་ཞེ་ན། དེ་ལ་མདོ་འདིའི་དྲི་བ་དོན་བདུན་པར་ལན་འདི་ལྟར་བཏབ་ཡོད་དེ། “ཕས་བཏམས་པ་ནི། །རྒང་ཉོན་ཅིག། །མས་བཏམས་པ་ནི། །གཞར་སོམ་ཞིག་ཆེས་བྱུང་ན། །ཕ་མ་ལ་མྱི་མཚུངསྟེ། །ལ་ལ་རྐུན་མ་ཡོན་པོའི་ཆོས་བྱེད་པ་ཡང་ཡོད་ན། འདི་ལྟ་བུའི་ཚིག་། བཏམས་ན། མཉན་ཆིང་བསམསུ་རུང་ངམ། །”ཞེས་ཕ་མ་ལ་ལས་རྐུན་མའམ་གཡོ་ཁྲམ་གྱི་ཚུལ་ལ་བསྐུལ་བ་ཡོད་ན་དེ་ལ་ཉན་ཞིང་བསམ་པར་བྱ་རུང་ངམ་ཞེས་དྲིས་པའི་ལན་དུ། “ཕ་མ་གཉིས་ལས་ཉེ་བ་མྱེདེ། བུས་ཉེས་གྱིས་དོགས་པས་ན། །ལོག་པར་མྱི་སྟོན་ཏེ། །སྙིང་གི་ཚིག་དྲང་པོ་ལེགསུ་རེ་བའི་ཆོས་སྟོན་པའི་རིགསྟེ། དེའི་ཕྱིར་དེ་སྐད་བཤད་མོད། །ཕ་མས་ཡོན་པོ་ལོག་པའྀ་ཚིག་བཏམསུ་ཟིན་ན། །ཕ་མའི་ཚིག་ཆེས་སྟེ་། ལོག་པར་ཚོར་བཞིན་དུ། མ་བཏང་ན། རུ་བ་ག་ལ་ཡིན། ཉེས་བ་ཞིག་སྔར་བདག་ལས་བྱུང་བའྀ་ལན། །གཞན་ལ་འདསྟེ། ཕྱི་ཆད་ཆོད་པར། བྱའོ། །”ཞེས་སྤྱིར་ན་བུ་ཕྲུག་ཅིག་ལ་མཚོན་ན།རང་གི་ཕ་མ་གཉིས་ལས་སྙིང་ཉེ་བ་མེད་དེ། རང་གི་བུ་ཕྲུག་ཉེས་ཀྱིས་དོགས་པས་ན་ལོག་པའི་ལམ་མི་སྟོན་ཏེ། སྙིང་གི་གཏམ་གང་ཞིག་གདམས་པའང་རང་གི་བུ་ཕྲུག་ལེགས་ལམ་དུ་རེ་བའི་ཚུལ་སྟོན་པར་རིགས་པ་ཡིན། ཡང་གལ་ཏེ་ཕ་མས་ཚུལ་མིན་ལོག་པའི་ཚིག་གདམས་པ་ཡིན་ན། བུ་ཕྲུག་གིས་ལོག་པ་ཡིན་པ་ཚོར་བཞིན་དུ་ཕ་མའི་བཀའ་ཡིན་ཞེས་མ་སྤངས་ན་ག་ལ་རུང་། ཉེས་པ་གང་ཞིག་ཀྱང་སྔར་རང་ཉིད་ལས་བྱུང་བའི་ལེ་ལན་གཞན་ལ་མི་བདའ་ཞིང་ཕྱིན་ཆད་ཆོད་པར་བྱའོ། །དེ་ལྟར་སྤྱིར་ན་ཕ་མར་སྲི་ཞུ་སྒྲུབ་པ་ནི་བུ་ཕྲུག་ཅིག་ལ་མཚོན་ན་ཟློག་མེད་ཀྱི་ཀུན་སྤྱོད་འོས་འགན་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ཕ་མས་གདམས་པའི་བྱ་བ་དེ་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཚད་གཞི་སོགས་དང་འགལ་ཚེ་ངེས་པར་དུ་འདོར་དགོས། འདི་ལས་ཕ་མས་གདམས་པའི་བཀའ་ལས་ཀྱང་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་གལ་ཆེ་ཚུལ་བསྟན་ཡོད་ལ། ཕ་མས་གདམས་པ་དེའང་མི་ཆོས་དང་མཐུན་པ་ཞིག་ངེས་པར་ཡིན་དགོས་པའི་རྩོད་སྒྲུབ་འབྲེལ་བ་དེ་བསྟན་ཡོད་དོ། །
        གཉིས། བུ་ཚ་གཞོན་ནུར་ཤེས་རིག་སློབ་པའི་འོས་འགན། མདོ་འདི་ལས་བོད་མི་རིགས་ནི་གནའ་སྔ་མོ་ནས་མི་ཆོས་ཤེས་བྱ་དང་ཀུན་སྤྱོད་སློབ་གསོ་ལ་གཙིགས་མཐོང་ཧ་ཅང་ཆེ་བའི་མི་རིགས་ཤིག་ཡིན་ཞིང་། རང་གི་བུ་རབས་ཚ་རྒྱུད་ལ་ཡ་རབས་གུས་ལུགས་དང་དྲང་བདེན་ལེགས་ལམ་དུ་སྐུལ་བའི་སློབ་གསོའི་གདམས་ངག་གནང་རྒྱུ་ནི་རིན་ཆེན་གསེར་ལས་ཀྱང་ལྷག་པར་བསྟན་ཡོད། དེ་ཡང་མདོ་འདིའི་གླེང་གཞིར་“ཚིག་སྟོང་པ་བཏམས……དོན་ཆེད་པོ་ཡུན་དུ་ཡོད་པར་འགྱུརོ། །ནོར་ཡོད་པ་བྱིན་བ་མྱི……ཟད་ཤེསོ་དེ་ལྟ་བས་ན་། བདེན་བའི་ཚིག་བྱིན་བ་ལས། ཆེ་བ་མྱེདོ།……བཟུང་ལེགསྣ། །དེ་བླངས་པ་ལས་། ནོར་དུ་ཆེ་བ་ཡྔ་མྱེདོ། །”ཞེས་བཀོད་པ་བཞིན་བདེན་པའི་གདམས་ངག་བྱིན་པ་ནི་ནོར་ཡོད་རྒུ་བྱིན་པ་ལས་ཀྱང་ལྷག་པར་བརྗོད་ཡོད་ལ། འཇིག་རྟེན་པའི་ཕ་མ་དང་ཕུ་ནུ་རྒན་རབས་ཤིག་ཡིན་ཕྱིན་རང་གི་བུ་ཚ་གཞོན་ནུ་རྣམས་ལ་ཤེས་རིག་བསླབས་ནས་མ་འོངས་པའི་འཚོ་གནས་ལ་ལེགས་ཚོགས་བསྐྲུན་རྒྱུ་ནི་ཀུན་སྤྱོད་འོས་འགན་ཟློག་མེད་ཅིག་ཏུ་བགྲངས་ཡོད། རང་གི་བུ་ཚ་གཞོན་ནུ་དག་ལ་ཤེས་རིག་ཇི་ལྟར་བསླབ་པར་བྱ་བ་ནི་མདོ་འདིའི་དྲི་བ་ང་གསུམ་ནས་ང་དྲུག་བར་གྱིས་བསྟན་ཡོད་དེ། དེ་ལ་ཐོག་མར་“ཡོངས་ནི། །མ་བསྟན་པར་ཤེས་པ་དང་། མ་བསླབས་པར་ལོབས་པ་མྱེདོ། འཛངས་པ་ཆི་ཡྔ་ཤེས་པ་ཡྔ། །བསླབ་པ་ལ་ནི་འགྲུས། །བསྟན་པ་ལ་ནི་ཉན། །ལེགས་པ་ལ་ནི། དགྲ་ལ་ཡོད་གྱང་ལེན། །ཉེས་པ་ལ་ནི། །བདག་ལ་ཡོད་གྱང་འདོར། །དྲང་པོར་སྟོན་པ་ལ་ནི་གཤེ་ཡང་དགའོ། ། ལོག་པར་སྟོན་པ་ལ་ནི། །བྱམས་གྱང་སྤང་ངོ། །དེ་ལྟ་བས་ན། ། ཕ་མ་དང་། ཕུ་ནུ་རྒན་། རབས་གྱིས་གྱང་། །བུ་ཚ་གཞོ་ནུ་ནི། །ཤེས་པའི་ཞོ་ཤ་ཁོང་ན་མ་ལུས་། བསླབ་ཆིང་སྦྱང་བ་ལས་ཆེད་ཆེ་བ་མྱེདོ། །”ཞེས་པ་བཞིན་སྤྱིར་ན་འཇིག་རྟེན་འདིར་ཤེས་པར་བྱ་བའི་རིག་པ་གང་ཞིག་ཀྱང་མ་བསྟན་པར་ཤེས་པ་དང་མ་བསླབས་པར་ལོབས་པ་ཞིག་མེད་དེ། མཁས་པ་སློབ་དུས་ཐོས་པ་ལ་བརྩོན་འགྲུས་བསྐྱེད་དགོས་པ་དང་། གཞན་གྱིས་གདམས་པ་དང་བསྟན་པ་ལ་ནི་ཉན་དགོས།བསམ་སྤྱོད་ལེགས་པའི་རིགས་ནི་དགྲ་ལ་ཡོད་ཀྱང་ལེན་དགོས་ལ། ཉེས་པའི་རིགས་ནི་རང་ལ་ཡོད་ཀྱང་འདོར་དགོས། གལ་ཏེ་རང་ལ་བསམ་པ་རྣམ་དག་གིས་དྲང་པོའི་ཚུལ་ལུགས་སྟོན་པ་ཞིག་ཡིན་ན་གཤེ་གཤེ་བཏང་ཡང་དེ་ལ་མོས་དགོས་ཤིང་། ལོག་པར་སྟོན་མཁན་ནི་ཕྱི་ཚུལ་དུ་བྱམས་ཀྱང་སྤང་དགོས། དེ་ལྟར་ལགས་ན་ཕ་མ་དང་ཕུ་ནུ་རྒན་རབས་རྣམས་ཀྱིས་ཀྱང་བུ་ཚ་གཞོན་ནུ་དག་ལ་ཤེས་བྱའི་རིགས་རང་ནུས་གང་ཡོད་དང་མ་ལུས་པར་སློབ་པ་ལས་གལ་ཆེ་བ་མེད་དོ། །དེ་ལྟར་དགེ་རྒན་ཚུལ་བཞིན་དུ་བསྟེན་ནས་ཤེས་རིག་སྣ་ཚོགས་སྦྱོང་བ་ནི་ཧ་ཅང་གལ་ཆེ་སྟེ། བུ་ཚ་གཞོན་རབས་རྣམས་ལ་ཤེས་རིག་སྦྱོང་དུ་འཇུག་པ་ནི་ཕ་མ་རྒན་རབས་རྣམ་པས་ངེས་པར་བསྒྲུབ་དགོས་པའི་ཀུན་སྤྱོད་ཐད་ཀྱི་འོས་འགན་ཡིན་པར་བསྟན་ཡོད། འཇིག་རྟེན་འདིའི་བྱིས་པ་བློ་རྣོ་རྟུལ་གང་ཡིན་ཡང་ཤེས་བྱ་རིག་པའི་གནས་ལ་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་དུ་འཛིན་དགོས་ཏེ། “དེ་ལྟ་བས་ན། །ངན་པ་ཡྔ་འབྲིང་པོར་འོང་ན། ། འཛངས་པ་ལྟ་སྨོས་གྱ་ཆི་དགོས། །སྙིང་རྒྱུ་ཁོང་ན་ཡོད་གྱང་། མ་བསྟན་མ་བསླབས། །ཆིང་མ་སྦྱངསྣ་། འཛངས་པ་ལྟ་འབྲིང་པོར་འོང་ན། །ངན་པ་ལྟ་སྨོས་གྱང་ཆི་དགོས། །དེ་ལྟ་བས་ན། །སླབ་བ་ཆེད་ཆེ་བར་མངོན་ནོ། །”ཞེས་བྱིས་པ་གླེན་པ་དང་རིག་པ་ཅན་སུས་ཀྱང་རྒན་རབས་པའི་ཤེས་རིག་སློབ་གསོ་མྱང་རྒྱུ་ེ་ཤིན་ཏུ་གལ་ཆེ་བར་གསུངས་ཡོད།
        བུ་ཚ་གཞོན་ནུ་རྣམས་ཀྱིས་ཕ་མ་རྒན་རབས་ལས་གང་ཞིག་བསླབ་དགོས་པ་དང་ཇི་ལྟར་བསླབ་དགོས་ཤེ་ན། དང་པོ་གང་ཞིག་བསླབ་པར་བྱ་བ་ལ་མདོ་ལས། “བུས་བ་གཞོ་ནུ།རྩེ་བའི་གོར་། ཡིག་རྩིས་ལ་སྩོགས་པ། །འཛངས་གྱི་སྣོན་དུ་འགྲོ་བ་དང་། ཕོང་རྩལ་ལ་སྩོགས་པ། །དཔའ་བའྀ་སྣོན་དུ་འགྲོ་བ་། ལོབ་པར་བསླབས་པའི་རིགསོ། །ཡུན་དུ་ཕན་བ་ནི་། དཀའ་ཡྔ་བསླབ། །ཡུན་དུ་གནོད་པ་ནི། །དད་གྱང་གཏང་ན་ཕྲལ་གྱི་ལྟ་ཆི་སྨོས། །”ཞེས་པ་བཞིན་བྱིས་པ་ལོ་ཆུང་རྩེད་དགར་རོལ་བའི་སྐབས་ནས་ཡིག་རྩིས་ལ་སོགས་པ་སློབ་པ་ནི་མཛངས་པའི་ཁ་གསབ་ཏུ་འགྲོ་བ་དང་། འཕོང་རྩལ་ལ་སོགས་པ་སློབ་པ་ཡང་དཔའ་བོའི་ཁ་སྣོན་དུ་འགྲོ་བ་ཡིན་པས་དེ་དག་བྱང་ཆུབ་པར་བསླབ་དགོས། དེ་ལྟར་བསླབ་བྱའི་ཡུལ་ལ་ཡིག་རྩིས་ལ་སོགས་བསམ་པའི་ཤེས་རིག་དང་། འཕོང་རྩལ་ལ་སོགས་ལུས་རྩལ་གྱི་ཤེས་རིག་གཉིས་སུ་འདུ་ལ། ཡང་གང་ཞིག་སྦྱང་བྱར་བརྟེན་པ་དེར་བླང་དོར་བྱ་དགོས་ཏེ། རང་ལ་ཡུན་རིང་དུ་ཕན་པའི་རིགས་ཡིན་ན་དཀའ་ངལ་ཆེ་ཡང་འབད་པས་བསླབ་པར་བྱ་ཞིང་། ཡུན་དུ་གནོད་པའི་རིགས་ནི་རང་ཉིད་དད་ཅིང་མོས་ནའང་སྤོང་བར་བྱས་ན་འཕྲལ་གྱི་ཕན་གནོད་ནི་ལྟ་ཅི་སྨོས། དེ་ལྟར་གང་ཞིག་སྦྱངས་པ་དེས་རང་ལ་ལེགས་ཉེས་ཀྱི་ཕན་གནོད་ཇི་ལྟར་འབྱུང་བ་དེར་ཡང་འཕྲལ་ཕུགས་གཉིས་ནས་གཞིགས་ཏེ་བླང་དོར་བྱ་དགོས་ཏེ། རང་ལ་འཕྲལ་དུ་ཕན་པ་ཞིག་དང་འཕྲལ་དུ་གནོད་པ་ཞིག་ཡིན་ན་བླང་དོར་བྱ་སླ་མོད། འཕྲལ་དུ་ཕན་ཡང་ཡུན་དུ་གནོད་པ་ཞིག་ཡིན་ནའང་ངེས་པར་དུ་སྤོང་དགོས་པར་གདམས་ཡོད། གཉིས་པ་ཤེས་རིག་ཇི་ལྟར་བསླབ་པ་ལ་ཐོག་མར་དགེ་རྒན་བསྟེན་ཚུལ་རྟོགས་དགོས་ཏེ། “བདགི་བུ་ཚ་བསླབ་བ་ཡྔ་། །དང་པོ་ནི་།སུ་བདག་ལ་བྱམས་ཤིང་འཛངས་པའི་གན་དུ་གཞག་སྟེ་བསླབ་ཆིང་དབྱངངོ་། །དེ་ནས་བློན་པོ་ཆེ་ཞིང་དབུལ་བའྀ་གན་དུ་གཞག་ཆིང་བསླབ་སྟེ་དབྱངོ། །དེ་ནས་། རུང་ཡྔ་དག་ན་། གྲགས་པའྀ་ས་གར་ཆེ་བར་གཞགོ། །གཞུང་མྱེད་ན། །ཆེ་ཞིང་མཐོ་ཡྔ། །དེའི་གན་དུ་མྱི་གཞགོ།གཞོན་སྐྱེས་སྟེན་ལས། །རྫུ་བ་མང་གིས། །མྱི་ལོག་པ་ལ་སྲེད་པ་རྣམས་དང་། སྟེན་ཆིང་མཛར་མྱི་གཞུགོ། །”ཞེས་པ་བཞིན་དང་པོ་སུ་ཞིག་རང་ལ་སྙིང་ཉེ་ཞིང་ཡོན་ཏན་ལྡན་པ་དེའི་དྲུང་དུ་བཞག་ནས་སློབ་ཅིང་སྦྱོང་དགོས་ལ། དེ་ནས་བློན་པོ་ཆེ་ཞིང་དབུལ་བ་ཞིག་གི་དྲུང་དུ་བཞག་སྟེ་སློབ་ཅིང་སྦྱོང་དགོས། དེ་ནས་ཡང་ལེགས་པར་ཐོན་ན་སྙན་པའི་གྲགས་པ་གང་དུ་ཆེ་བའི་སར་འཇོག་དགོས། ཡིད་གཞུང་བ་ཞིག་མ་ཡིན་ཚེ་དབང་ཆེ་ཞིང་གོ་གནས་མཐོ་ཡང་དེ་ལྟ་བུའི་དྲུང་དུ་མི་འཇོག་སྟེ། རང་གི་བུ་ཚ་ལའང་དེའི་ངན་ཤན་ཐེབས་ནས་མི་གཤིས་ལེགས་པོ་ཞིག་མི་འབྱུང་བར་ཉེས་ལམ་དུ་གཞུག་པའི་ཉེན་ཁ་ལྡན་པ་ཡིན། གཞོན་སྐྱེས་བསྟེན་པ་ལས་མི་རྫུ་བག་ཅན་ཕྲད་པ་མང་བས། མི་ཚུལ་མིན་ངན་སྤྱོད་ལ་སྲེད་པ་དག་བསྟེན་པའམ་མཛའ་བར་ཡང་བྱེད་དུ་མི་འཇུག་གོ །
        དེས་ན་ཐོག་མར་རང་ལ་སྙིང་ཉེ་ཞིང་ཡོན་ཏན་ཡོད་པའི་དྲུང་དུ་འཇོག་པ་དང་། དེ་ནས་བློན་པོ་ཆེ་ཞིང་དབུལ་བའི་དྲུང་དུ་འཇོག་དགོས་པའི་རྒྱུ་མཚན་ཅི་ཞེ་ན། དྲི་བ་ང་བཞི་པའི་ལན་དུ། “བསླབ་པ་དང་པོ་བྱམས་པའྀ་གན་དུ་གཞག་པ་ནི། །བདགི་བུ་གཞོན་བས། །ལེགས་ཉེས་གཉིས་བྱེ་བྲག་མྱི་ཕྱེད་ལ། །བྱ་མྱི་བྱ་དྲོད་མྱི་ཟིན་པས། །བདག་ལ་བྱམས་པ་ཉིད་མ་ཡིན་ན། །འཁྱམས་ཤིང་ཁྲིན་ལ་ཐོགས་པར་ཡྔ་འྔོ་གཆིག་དུ་ན། གཞོ་ནུར་གྲམ་ན། །སྙིང་རྩ་ལ་གནོད་པ་སྐད་གྱང་བྱ། །བྱམས་འབའ་ཤིག་གིས་གྱང་མྱི་ཆོག་སྟེ། །འཛངས་པ་དང་ལོབས་པའི་ས་མ་ཡིན་ན། །བསླབ་ཆིང་བསྟན་ཏོ་ཆོག་ཐོག་ཏུ་མྱི་ཕེབས་མྱི་ལོབསོ། །འཛངས་པས་ནི། །ཇི་བྱས་གྱང་། །ཐོག་ཏུ་ཕེབས་ལ། བུ་ཉིད་གྱང་དེའི་ཚུལ་བསླབ་པའི་ཕྱིར་རོ། །”ཞེས་ཤེས་རིག་སློབ་པའི་དུས་དང་པོ་ལ་རང་དང་སྙིང་ཉེ་བའི་དྲུང་དུ་འཇོག་པ་ནི། རང་གི་བུ་ད་དུང་ལོ་ན་ཆུང་བས་ལེགས་ཉེས་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་ལ། ལས་གང་ཞིག་བྱ་མི་བྱ་ལ་རང་ཚོད་མི་ཟིན་པས་གལ་ཏེ་རང་དང་སྙིང་ཉེ་ཤོས་ཤིག་མ་ཡིན་ན།བསམ་སྤྱོད་འཁྱམས་ནས་འཆལ་པོར་འགྱུར་ཞིང་ཐ་ན་ཁྲིམས་དང་འགལ་བའང་འོང་སྲིད། ཡང་སྙིང་ཉེ་བ་ཁོ་ནས་ཀྱང་མི་ཆོག་སྟེ་ཤེས་རིག་ལ་མཁས་ཤིང་བྱང་ཆ་ཐོན་པ་ཞིག་མ་ཡིན་ན། གང་ཞིག་བསླབས་ཤིང་བསྟན་པ་རྣམས་གནད་དུ་མི་འཁེལ་ལ་ལེགས་པར་མི་ཤེས་སོ། །མཁས་མཛངས་ལྡན་པ་ཞིག་ཡིན་ཚེ་གང་ཞིག་བསླབས་ཀྱང་གནད་དུ་འཁེལ་བ་ཡིན་པས་ན་བུ་ཉིད་ཀྱང་དེའི་ཚུལ་སློབ་པའི་ཕྱིར་རོ། །དེ་ལྟར་སུ་ཞིག་དགེ་རྒན་དུ་བསྟེན་པ་ལ་བྱམས་མཛངས་གཉིས་ཀའི་མཐུན་རྐྱེན་འཛོམ་དགོས་པ་རྒྱུ་མཚན་དང་བཅས་གསལ་པོར་བསྟན་ཡོད། ཡང་དེའི་དྲིས་ལན་ལས། “གཞོན་ཞིང་ཤེད་མ་བྱེའ་བའི་ཚེ། །དེར་བསླབསྟེ། །ལོབས་ནས། །བློན་པོ་ཆེ་ཞིང་དབུལ་བའྀ་གན་དུ་གཞག་པ་ནི། །བློན་པོ་དེ་ཆེ་བ་ལས་ན་། མྱི་འཛངས་མྱི་སྲིད། །དབུལ་བས་ན། །དྲང་དཀན་དང་གཞུང་ཆེ་བ་དང་། འདོད་ཆུང་བ་། མ་ཡིན་མྱི་སྲིདེ། །བདགི་བུ་ཡྔ་དེའི་ལུགས་བསླབ་པའྀ་ཕྱིར་། དེར་གཞགོ། །གཆིག་དུ་ན། དབུལ་བའྀ་གཡོག་བྱེད་དང་། ཇི་ལ་ཡྔ། གྲོན་ཆུང་ཞིང་། ཉུང་ངུས་ཆོག་པར་ཤེས་ན། །བླ་འོག་གཉིསུ། ཆི་བྱ་འྔ་བདེ་བར་འོང་ངོ་། །སྙན་ངག་ལ་སྩོགས་པ་།ཡི་གེ་བཟང་པོ་འཆང་ཞིང་གློག་ཏུ་བཆུག་ན། འཛངས་གྱི་སྣོན་དུ་རུངོ། །ཚ་བོ་དང་བུ་བདགི་ཕྱི་ན་འདུག་ན་། ནམ་ཞིག་མཁོན་མ་ལུས་པར། །མཚུངས་པར་བྱ་བའྀ་རིགསོ། །”ཞེས་གསལ་བ་བཞིན་ན་ཚོད་ཕྲ་ཞིང་མནོ་བསམ་གཏོང་མི་ཤེས་པའི་དུས་སུ་དེ་ལྟ་བུར་བསླབས་ཤིང་བྱང་རྗེས། བློན་ཆེན་དབུལ་བའི་དྲུང་དུ་འཇོག་པ་ནི། བློན་པོ་དེ་ཆེ་བའི་རྒྱུ་མཚན་ལས་རང་གི་བུ་ཡང་མི་མཛངས་པ་མི་འོང་མི་སྲིད་ལ།དབུལ་བ་ལས་དྲང་བདེན་སྐྱོང་ཞིང་ཁྲེལ་གཞུང་ཆེ་བ།འདོད་པ་ཆུང་བ་བཅས་མ་ཡིན་པ་མི་སྲིད་པས་ན། རང་གི་བུས་ཀྱང་དེའི་ཚུལ་ལུགས་ལེགས་པོ་སློབ་པའི་ཕྱིར་དེ་ལྟར་འཇོག་པ་ཡིན། མི་དབུལ་པོའི་གཡོག་གྱིས་དང་གང་ལའང་གྲོན་ཆུང་བྱེད་ཅིང་ཉུང་ངུ་ཞིག་གིས་ཆོག་ཤེས་པ་ཡིན་ན།གོང་འོག་གཉིས་སུ་བྱ་བ་གང་བྱེད་ཀྱང་བདེ་བར་འོང་བ་ཡིན། སྙན་ངག་ལ་སོགས་པ་ཡི་གེ་བཟང་པོ་འཆང་ཞིང་ཀློག་ཏུ་བཅུག་ན་མཛངས་པའི་སྣོན་མར་འགྱུར་བ་ཡིན། རང་ཉིད་ཚེ་ལས་འདས་ཏེ་བུ་དང་ཚ་བོ་རྣམས་ཤུལ་དུ་ལུས་སྐབས་སོགས་ནམ་ཡང་ཞེ་འཁོན་མི་སྐྱེ་བ་ཞིག་བྱ་དགོས། དེ་ལྟར་བློན་ཆེན་པོ་ལས་མཛངས་པའི་ཡོན་ཏན་འབྱུང་བ་དང་། དབུལ་ཕོངས་ལས་དྲང་བདེན་དང་ཡིད་གཞུང་། འདོད་ཆུང་ཆོག་ཤེས་ལ་སོགས་པའི་ཀུན་སྤྱོད་ལེགས་པོ་དག་བསྐྱེད་པས་ན། རང་གི་བུ་ཚ་ཡང་ཡ་རབས་ཀྱི་མི་གཤིས་དེ་དག་ལོབས་པའི་ཕྱིར་བློན་ཆེན་དབུལ་བའི་དྲུང་དུ་འཇོག་དགོས་པར་བསྟན་པ་ཡིན། 
        གོང་དུ་བརྗོད་པ་ལྟར་འཇིག་རྟེན་གྱི་ཕ་མ་བུ་ཕྲུག་གི་འབྲེལ་བར་གྱུར་ཚེ་ཕན་ཚུན་ལ་བསྒྲུབ་འོས་ཤིང་འགྲུབ་དགོས་པའི་འོས་འགན་ཞིག་ལྡན་པ་ནི། བུ་ཚས་རང་གི་ཕ་མ་ལ་སྙོར་སྐྱོང་གི་སྲི་ཞུའི་འོས་འགན་བསྒྲུབ་དགོས་པ་དང་། ཕ་མས་རང་གི་བུ་ཚར་ཤེས་རིག་སློབ་པའི་འོས་འགན་འགྲུབ་དགོས་ཏེ། འདི་ནི་ཕ་མ་བུ་ཕྲུག་ཕན་ཚུན་བར་ལ་འཁུར་དགོས་པའི་མི་ཆོས་ཀུན་སྤྱོད་ཐད་ཀྱི་འོས་འགན་ཡིན། དེ་ལྟ་བུའི་ཀུན་སྤྱོད་འོས་འགན་སྒྲུབ་དུས་སུ་ཕྱོགས་གཉིས་ཀས་ཕ་རོལ་པོའི་བཀའ་དྲིན་དང་རང་ཉིད་ལ་སྙིང་ཉེ་བ་ཡིན་པ་རྟོགས་དགོས་ཏེ། དེའི་སྒྲུབ་སྟངས་སོགས་ལ་ཡིད་ཆེས་དང་དང་ལེན་བྱ་དགོས། དེ་ལ་དྲི་བ་ང་ལྔ་པར། “བུ་ཚ་ཞིག་ཕ་ཁུའྀ་ཕྱི་ན་འདུག་ན། །ནམ་དུའང་ངན་དུ་དོགས་པའྀ་ཕྱིར། བཏམས་ཤིང་བཆོས་པ་དང་། སྤྱོས་ཤིང་གཞུས་པ་མཁོན་དུ་བྱར་མྱི་རུངོ་། །ཕ་ཁུ་དང་ཕ་མ་ལས་མ་བསམསྟེ། །ཉེས་པ་ཞིག་རྔུལ་ན། །གཞན་ལ་བརྗོད་པའྀ་མྱི་རིགསོ། །བརྗོད་དང་གཉིས་ཀ་ཁྲེལ་བར་འོངོ་། །”ཞེས་པ་བཞིན་ཕ་ཁུ་འདས་ཤུལ་དུ་བུ་ཚ་ངན་པར་འགྱུར་གྱིས་དོགས་ཏེ། ནན་ཏན་གྱིས་གདམས་ཤིང་བཅོས་ཐབས་བྱ་བ་དང་། གཤེ་གཤེའམ་ཉེས་རྡུང་བཏང་བ་སོགས་འཁོན་དུ་འཛིན་མི་རུང་སྟེ། དེ་ནི་དོན་གྱིས་རང་གི་བུ་ཚ་ལ་ཤ་ཚ་ཞིང་སྙིང་ཉེ་བའི་སློབ་གསོ་གཏོང་ཐབས་ཤིག་ལགས་ན། བུ་ཚས་དེ་དག་འཁོན་དུ་མི་འཛིན་པར་བརྩི་འཇོག་དང་དང་ལེན་བྱ་དགོས། དེ་བཞིན་དུ་ཕ་ཁུ་དང་ཕ་མ་ལ་སོགས་པས་བསམ་གཞིག་མ་བྱས་པའི་ཉེས་པ་ཞིག་ཡོད་ནའང་། བུ་ཚས་དེ་དག་མི་གཞན་ལ་བརྗོད་མི་རིགས་ཏེ། གལ་ཏེ་བརྗོད་ན་ཕ་ཁུ་དང་བུ་ཚ་གཉིས་ཀ་ལ་ཁྲེལ་བ་འོང་ངོ་། །
གཉིས་པ། གཉེན་ཡ་འདེམ་སྟངས་ཐད་ཀྱི་མི་ཆོས་བསམ་བློ།
        དེ་ལ་རིག་གནས་མིའི་རིགས་རིག་པའི་ཆ་ནས་བརྗོད་ན། ཕོ་མོ་གཉིས་གཉེན་དུ་བསྡེབས་ནས་ཁྱིམ་ཚང་སྐྱོང་བ་ནི་འགྲོ་བ་མིའི་རིགས་ཀྱིས་རང་གི་བུ་རབས་ཚ་རྒྱུད་སྤེལ་བ་དང་། སྤྱི་ཚོགས་འཁོར་སྐྱོད་མུ་མཐུད་ནས་ཡུན་རིང་ལ་གནས་པར་ཁག་ཐེག་བྱ་བའི་ཐབས་སུ་སྤྱོད་པའི་སྐྱེ་ཁམས་དང་རིག་གནས་ཀྱི་དགོས་མཁོའམ་འགྲོ་སྟངས་ཤིག་དང་། འཇིག་རྟེན་སྐྱོང་མཁན་ཞིག་ཡིན་ཕྱིན་ངེས་པར་དུ་བརྒྱུད་དགོས་པའི་མི་ཚེའི་བརྒྱུད་རིམ་ཞིག་ཡིན། འཛམ་གླིང་སྟེང་གི་མི་རིགས་སོ་སོའི་ལོ་རྒྱུས་འཕེལ་རིམ་དང་སྲོལ་རྒྱུན་རིག་གནས་སོགས་མི་འདྲ་བའི་དབང་གིས། ཕོ་མོ་གཉེན་དུ་སྒྲིག་སྟངས་དང་ཁྱིམ་ཚང་སྐྱོང་ལུགས་སོགས་ལ་སོ་སོར་ཐུན་མོང་མ་ཡིན་པའི་གོམས་སྲོལ་རིག་གནས་རེ་གྲུབ་ཡོད་ལ། དེའི་ཐད་ཀྱི་མི་ཆོས་ཀུན་སྤྱོད་ཀྱང་ཡོངས་སུ་འདྲ་བ་མ་ཡིན་པར་སོ་སོར་རང་གི་ཁྱད་ཆོས་ལྡན་པ་ཡིན། ཕོ་མོ་གཉེན་དུ་སྒྲིག་པ་ལའང་གཉེན་ཡ་འདེམ་སྟངས་དང་གཉེན་སྒྲིག་པའི་ཁྱབ་ཁོངས་སོགས་མི་འདྲ་བའི་ཆ་ནས་ཚོགས་གཉེན་ཅན་དང་ཁྱོ་གཅིག་ཤུག་མང་ཅན། ཤུག་གཅིག་ཁྱོ་མང་ཅན། ཁྱོ་གཅིག་ཤུག་གཅིག་ཅན་སོགས་རིགས་ཀྱི་དབྱེ་བ་མང་དུ་འབྱེད་རུང་ལ། དེའི་རྣམ་པ་དང་གོ་རིམ་ལའང་སྤྱིར་བཏང་དུ་གཉེན་ཡ་འདེམ་པ་དང་། གཉེན་སློང་བ། གཉེན་རྟགས་འགོད་པ།གཉེན་སྟོན་སོགས་མཆིས། མདོར་ན་གཉེན་སྒྲིག་ཅེས་པ་ནི་ཕོ་མོའི་བར་དུ་བྱུང་བའི་སྤྱི་ཚོགས་རིག་གནས་ཀྱིས་ཁས་ལེན་པའི་འཁྲིག་སྤྱོད་དང་དཔལ་འབྱོར་ཟུང་འབྲེལ་ལས་གྲུབ་པའི་ཟུང་ཕན་རང་བཞིན་གྱི་དབང་ཆ་དང་འོས་འགན་ལྡན་པའི་ཁྱོ་ཤུག་འབྲེལ་བ་ཞིག་ལ་བྱ་སྟེ།།④ གཉེན་སྒྲིག་གི་འབྲེལ་བའི་ཁྲོད་དུ་ཁྱོ་ཤུག་ཟུང་ལ་ཕན་ཚུན་བར་དུ་ངེས་པར་སྤྱོད་དགོས་པའི་དབང་ཆ་རེ་འགའ་ལྡན་ལ། ངེས་པར་འཁུར་དགོས་པའི་འོས་འགན་ཡང་ཁ་ཤས་ལྡན་པ་ཡིན། དབང་ཆ་དང་འོས་འགན་དེ་དག་གི་འགལ་འབྲེལ་ཁྲོད་དུ་ད་གཟོད་ཁྱོ་ཤུག་བར་ལ་མི་ཆོས་ཀུན་སྤྱོད་ཐད་ཀྱི་ཚད་གཞི་ཞིག་གྲུབ་ཡོད་ཅིང་། རང་གི་བསམ་སྤྱོད་མཐའ་དག་ཚད་གཞི་དེ་དང་མཐུན་ན་བཟའ་ཟླའི་འབྲེལ་བ་ལེགས་པོར་འཁྱོང་བ་དང་། ཚད་གཞི་དེ་དང་འགལ་ཚེ་བཟའ་ཟླའི་འབྲེལ་བར་ངན་ཤུགས་ཐེབས་པ་ཡིན།
        ཕོ་མོ་ཟུང་གཉེན་དུ་སྡེབ་པ་ལ་རང་གི་གཉེན་ཡ་ཇི་ལྟར་འདེམ་དགོས་ཚུལ་འདི་ནི་ངེས་པར་དུ་གཙིགས་མཐོང་དང་གཟབ་ནན་བྱ་དགོས་པའི་སྔོན་འགྲོའི་ལས་དོན་གཙོ་བོ་ཞིག་སྟེ། གཉེན་ཡ་འདེམ་ཚུལ་ཐད་ལ་སྤྱིར་བཏང་དུ་རང་དབང་ཅན་དང་གཞན་དབང་ཅན་བཅས་རིགས་གཉིས་ཡོད། ཡང་རང་གི་གཉེན་ཡ་འདེམ་དུས་ཕ་རོལ་པོའི་སྤྱི་ཚོགས་གོ་གནས་དང་དབུལ་ཕྱུག་ཁྱད་པར་བཅས་ལ་ལྟ་སྟངས་ཇི་ལྟར་འཛིན་པའི་ཐད་ལ་མི་རིགས་སོ་སོར་རང་གི་ཚད་གཞི་མི་འདྲ་བ་རེ་ལྡན་སྲིད་ཅིང་། ཚད་གཞི་དེ་ལས་མི་རིགས་དེའི་གཉེན་སྒྲིག་ཐད་ཀྱི་མི་ཆོས་བསམ་བློ་དང་ཀུན་སྤྱོད་འདུ་ཤེས་སོགས་མཚོན་པ་ཡིན། ད་ལྟའི་བོད་མི་རིགས་ཀྱི་གཉེན་སྲོལ་ལྟ་བུར་མཚོན་ན། རང་གི་གཉེན་ཡ་འདེམ་དུས། རྟ་འདོ་བ་རང་གི་ཡན་ཞིག །ཁྱིམ་ཆུང་མ་རང་གི་མན་ཞིག །ཅེས་ཚེ་གང་གི་བཟའ་ཟླ་ནི་རང་ལས་དམན་པ་ཞིག་འཚོལ་དགོས་པར་བརྗོད་ཅིང་། གཞན་ཁྱིམ་རྒྱུད་གཉིས་ཀྱིས་མཆོད་པའི་ཡུལ་ལྷ་གཞི་བདག་དང་བུ་བུ་མོ་གཉིས་ཀའི་ལོ་རེས་བར་སྐལ་སོགས་འགྲིག་མིན་སོགས་ལ་བརྟག་པའི་སྲོལ་ཡོད། དེས་ན་《ཕུ་ནུའི་མདོ་》ལས་དེའི་སྐོར་ལ་ཇི་ལྟར་བསྟན་ཡོད་ཅེ་ན། དྲི་བ་ང་བདུན་པར་“གཉེན་བྱ་ན་ཆི་ལྟར་བྱ། །”ཞེས་གཉེན་སྒྲིག་དུས་གཉེན་ཡ་ཇི་ལྟར་གདམ་ཞེས་པའི་དྲི་བ་ལ་ལན་དུ་“མནའ་མ་བླངས་ན། །མནད་དང་འཛངས་བདམོ། །དེར་ཡྔ་མྱི་ལྡན་ན། །མནད་དོམ་ཤིག། །མག་པ་བདམ་དུ་ཡོད་ན། །འཛངས་ཕྱུག་གཉིས་དོམ་ཤིག། །”ཅེས་རང་ཁྱིམ་ལ་མནའ་མ་ལེན་དུས་རྒྱུ་ནོར་དང་མཛངས་སྤྱོད་གཉིས་གདམ་དགོས་པ་དང་། དེ་གཉིས་ལྷན་དུ་མ་འཛོམས་ཚེ་རྒྱུ་ནོར་འདོམས་ཤིག་ཅེས་རང་གི་གཉེན་ཡ་འདེམ་དུས་ཕ་རོལ་པོའི་དབུལ་ཕྱུག་དང་མཛངས་སྤྱོད་ལ་བལྟས་ནས་འདེམས་པ་དང་། དེ་གཉིས་མ་འཛོམས་ཚེ་རྒྱུ་ནོར་གྱི་མང་ཉུང་ལྟར་གདམ་དགོས་ལ། དེ་བཞིན་དུ་མག་པ་འདེམ་དུས་ཀྱང་མཛངས་ཕྱུག་གཉིས་གདམ་དགོས་པར་བརྗོད་ཡོད། འདི་ནི་བོད་བཙན་པོའི་དུས་སྐབས་སུ་རང་གི་གཉེན་ཡ་འདེམས་ཚུལ་ཐད་ཀྱི་མི་ཆོས་བསམ་བློ་ཡིན་ཏེ། དུས་སྐབས་དེར་མཚོན་ན་རང་ཁྱིམ་ལ་མནའ་མ་དང་མག་པ་ལེན་དུས་མཛངས་པའི་ཡོན་ཏན་ལྡན་མིན་དེ་ཚད་གཞི་གཙོ་བོ་ཞིག་ཡིན་ལ། གཞན་གཉེན་སྒྲིག་བྱ་བ་ནི་རང་ཁྱིམ་ལ་རྒྱུ་ནོར་གྱི་ཡོང་སྒོ་འཚོལ་བའི་ལས་སྒོ་གལ་ཆེན་ཞིག་ཡིན་པའང་ཞོར་དུ་རྟོགས་ནུས།
        དེ་ལ་རིག་གནས་མིའི་རིགས་རིག་པའི་འགྲེལ་སྟངས་ལྟར་ན། གཉེན་སྒྲིག་པ་ནི་སྤྱི་ཚོགས་མང་པོ་ཞིག་ལ་མཚོན་ན་ཁྱིམ་ཚང་དང་ཁྱིམ་རྒྱུད་གཉིས་བར་དུ་བྱུང་བའི་དཔལ་འབྱོར་ཁེ་དབང་གི་བརྗེ་རེས་ཤིག་སྟེ། གཉེན་སྒྲིག་གོ་རིམ་ཁྲོད་དུ་དཔལ་འབྱོར་གྱི་གྱོང་གུད་རེག་པའི་ཕྱོགས་དེར་ཕ་རོལ་པོས་སྐྱིན་ཚབ་སྤྲོད་དགོས་ཏེ། སྐྱིན་ཚབ་དེ་ནི་རྒྱུན་དུ་སློང་རྟེན་དང་བག་སྐལ་གྱི་རྣམ་པར་མངོན་པ་ཡིན། སྐྱེས་པའམ་བུད་མེད་སུ་ཡིན་ཡང་ཁྱིམ་ཚང་ཞིག་ལ་མཚོན་ན་རྒྱུ་ནོར་གྱི་ཆ་ཤས་ཤིག་ཡིན་པས་ན་རང་གི་ཁྱོ་གའམ་ཆུང་མར་ལེན་དུས་ཕ་རོལ་པོའི་ཁྱིམ་ཚང་ལ་འོས་འཚམ་གྱི་འགྲོ་གྲོན་གཏོང་དགོས་ཤིང་། དེ་ནི་སྐྱེས་པའམ་བུད་མེད་དེའི་ཁྱིམ་ཚང་གི་རྒྱུ་ནོར་ཤོར་བའི་སྐྱིན་ཚབ་ཏུ་སྟེར་བ་ཡིན། དཔེར་ན། བོད་ཀྱི་གནའ་བོའི་གཉེན་སྲོལ་བརྗོད་པའི་བོན་གྱི་ཡིག་ཆ་《མིང་སྲིང་དཔལ་བགོས་དང་ལྷ་འདོགས་》ཞེས་པ་ལས། “ང་ཡི་བུ་མོ་འདོད་པ་ན། །རིན་དུ་གསེར་གཡུ་རིན་ཆེན་དང་། །ལྷ་གཡུ་དེ་ནི་འོད་འབར་དང་། །བསེ་ཡི་དེ་ནི་གོས་བདུན་དང་། །ལྷ་རྟ་དེ་ནི་ངང་དཀར་དང་། །ལྷ་གཡག་དེ་ནི་ཞོལ་ཆེན་དང་། །ལྷ་ལུག་དེ་ནི་ཁྱུ་བདུན་དང་། །ལྷ་ར་དེ་ནི་ཞལ་དཀར་དང་། །ལྷ་མདའ་དར་གྱིས་བརྒྱན་པ་དགོས། །” ⑤ཞེས་བུ་མོའི་སློང་རྟེན་དུ་གསེར་གཡུ་དང་རྟ་ནོར་ལུག་གསུམ་སོགས་རྒྱུ་ནོར་དགོས་ཚུལ་བརྗོད་ཡོད་པ་ལྟ་བུ་ཡིན།ཡང་ཕྱོགས་གཞན་ཞིག་ཏུ་སྐྱེས་པ་སུ་ཞིག་མག་པར་འགྲོ་བའམ་ཡང་ན་བུ་མོ་གནས་ལ་འགྲོ་དུས། རང་ཁྱིམ་ཚང་གིས་བག་སྐལ་ལམ་རྫོང་བ་ཞེས་རྒྱུ་ནོར་ངེས་ཅན་ཞིག་སྐྱེས་སུ་སྟེར་བ་དང། དེ་ནི་དོན་གྱིས་སྐྱེས་པའམ་བུ་མོ་དེས་རང་གི་ཕ་ཁྱིམ་ནས་རྒྱུན་འཛིན་བྱ་འོས་པའི་རྒྱུ་ནོར་གྱི་བགོས་སྐལ་ཡིན་ཏེ། དཔེར་ན་གོང་གི་《མིང་སྲིང་དཔལ་བགོས་དང་ལྷ་འདོགས་》ལས་སྲིང་མོ་གནས་ལ་འགྲོ་ཁར་ལྷ་བོན་ཐོད་དཀར་གྱིས་མིང་སྲིང་སོ་སོར་རྒྱུ་ནོར་བགོས་པ་ལས་སྲིང་མོར་ཐོབ་པ་རྣམས་ནི་དོན་གྱིས་བག་སྐལ་དུ་རྫོང་བའི་རྒྱུ་ནོར་རྣམས་ཡིན། སློང་རྟེན་དང་བག་སྐལ་གཉིས་ཀྱིས་ཁྱིམ་ཚང་གཉིས་ཀའི་དཔལ་འབྱོར་གྱི་ཁེ་ཕན་ཟུང་དུ་སྦྲེལ་ཏེ་གཉེན་སྒྲིག་སྲ་བརྟན་འོང་བར་དཔལ་འབྱོར་གྱི་རྨང་གཞི་མཁོ་འདོན་བྱེད་པ་ཡིན། ཕྱི་མ་བག་སྐལ་ལམ་རྫོང་བ་ནི་རང་ཁྱིམ་ཚང་ལ་མཚོན་ན་དཔལ་འབྱོར་ཐད་ཀྱི་གྱོང་གུན་ཞིག་ཡིན་ནའང་། མནའ་མའམ་མག་པ་ལེན་མཁན་གྱི་ཁྱིམ་ཚང་ལ་མཚོན་ན་དཔལ་འབྱོར་གྱི་ཡོང་སྒོའམ་རོགས་སྐྱོར་ཞིག་ཏུ་བལྟ་རུང་། བག་སྐལ་གྱི་མང་ཉུང་ནི་ཁྱིམ་ཚང་རང་གི་འཁོས་ཀ་དང་དཔལ་འབྱོར་ཆ་རྐྱེན་ལ་རག་ལས་པས་ད་གཟོད་ཕ་རོལ་པོ་མཛངས་སྤྱོད་དང་རྒྱུ་ནོར་ཉིས་འཛོམས་ཤིག་གདམ་དགོས་པའི་དམངས་སྲོལ་འདི་གྲུབ་པ་ཡིན་ལ། འདི་ནི་དུས་སྐབས་དེར་མཚོན་ན་མི་ཆོས་ཀུན་སྤྱོད་དང་མཐུན་པའི་གཉེན་ཡ་འདེམ་སྟངས་ཤིག་ཀྱང་ཡིན་ནོ། །
གསུམ་པ། ཁྱིམ་མིའི་འབྲེལ་བ་འགྲིག་མཐུན་དུ་སྐྱོང་བའི་མི་ཆོས་བསམ་བློ།
        སྤྱིར་ཁྱིམ་ཚང་ཞིག་ལ་མཚོན་ན། གཉེན་འབྲེལ་དང་ཁྲག་འབྲེལ་གྱིས་མཚོན་པའི་མི་སྣའི་འབྲེལ་བ་ནི་ཅུང་རྙོག་འཛིང་དུ་མངོན་ལ། ཁྱིམ་ཚང་ཞིག་གི་ཁྱིམ་མིའི་གྲུབ་ཚུལ་གྱི་ཆ་ནས་བརྗོད་ན་ཁྱིམ་མི་སོ་སོའི་གོ་གནས་དང་ཐོབ་ཐང་སོགས་ལ་འགྱུར་བ་བྱུང་ཡང་ཁྱིམ་ཚང་སྤྱི་ཡོངས་ཀྱི་གྲུབ་ཚུལ་ནི་གཏན་ཆགས་སུ་ངེས་ཏེ། ཕ་མ་ནི་ནམ་ཡང་ཕ་མ་དང་བུ་ཕྲུག་ནི་ནམ་ཡང་བུ་ཕྲུག་ཡིན། ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་མི་ཕན་ཚུན་བར་དུ་ཁེ་ཕན་དང་སེམས་ཁམས་ཀྱི་ཆ་ནས་ཚད་མཐོ་བའི་ཆིག་སྒྲིལ་བྱུང་ཡོད་དེ། ཐོན་སྐྱེད་དང་འཛད་སྤྱོད་ཕྱོགས་གཉིས་ཀའི་བྱེད་ནུས་སོགས་རང་ཤུགས་སུ་གཞི་གཅིག་ཏུ་སྦྲེལ་ཡོད། དེར་བརྟེན་ཐོག་མར་ཁྱིམ་མི་ཕན་ཚུན་བར་ལ་བརྩེ་སེམས་དང་བཅས་འགྲིག་མཐུན་བྱ་རྒྱུ་ནི་ཁྱིམ་ཚང་ཡར་རྒྱས་འབྱུང་བའི་གཞི་རྩ་ཡིན་ལ། ཁྱིམ་ཚང་གི་མི་ཆོས་ཀུན་སྤྱོད་མཐའ་དག་གི་རྨང་རྡོ་ལྟ་བུའང་ཡིན། 《ཕུ་ནུའི་མདོ་》ལས་ཀྱང་ཁྱིམ་སྲིད་འགྲིག་མཐུན་དུ་སྐྱོང་བ་ལས་འཕྲོས་ཏེ་དེའི་སྐོར་གྱི་མི་ཆོས་བསྟན་ཡོད་དེ། དེ་ལ་ཐོག་མར་མནའ་མ་རང་ཡུལ་དུ་བསུས་རྗེས་ཁྱོ་གས་རང་གི་ཆུང་མ་དང་བཟའ་ཟླའི་འབྲེལ་བ་ཇི་ལྟར་འཛིན་དགོས་པ་འདི་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་བཟའ་མི་འགྲིག་མཐུན་འོང་མིན་གྱི་གནད་ས་ཞིག་ཡིན་ལ། དེའི་ཕྱོགས་སུ་མདོ་འདི་ལས་རང་གི་ཐུན་མོང་མ་ཡིན་པའི་ལྟ་བ་བརྗོད་ཡོད། དེ་ལ་དྲི་བ་ང་གཉིས་པ་ལས། “བུ་ཕོས་མོས་ཤིག་བདོག་ན་ཆི་ལྟར་བྱ། །ནོར་དུ་ཆི་བྱིན་ན། ཆེ། །”ཞེས་བུ་ཕོས་མོས་ཤིང་དགའ་བའི་བུ་མོ་ཞིག་ཡོད་ན་ཇི་ལྟར་བྱ། ནོར་དུ་ཅི་ཞིག་བྱིན་ན་ཕན་ཆེའམ་ཞེས་དྲིས་པའི་ལན་དུ།“ཐབས་ནི་ཆི་ལ་ཡྔ་ལེགས་པར་བྱ་བའི་རིགསོ། །ནོར་དུ་ནི་།དྲང་ཞིང་མ་ནོར་བའི་གཞུང་བྱིན་ན། །དེ་ཆེ་སྟེ། །སྲོག་སྲིད་གཉིས་གྱང་། དེར་འདུསོ། །”ཞེས་ཐབས་ཤེས་ནི་གང་དང་གང་ལ་ཡང་ལེགས་པར་བྱ་བའི་རིགས་སོ། །ནོར་དུ་ནི་དྲང་ཞིང་མ་ནོར་བའི་གཞུང་བྱིན་ན་དེ་ཆེ་བ་ཡིན་ཏེ། སྲོག་དང་སྲིད་གཉིས་ཀྱང་དེར་འདུས་སོ། །དེ་ལྟར་བུ་ཕོ་དེས་རང་ཉིད་མོས་པའི་བུ་མོ་དེ་དྲང་བདེན་དང་ཁྲེལ་གཞུང་གིས་སྐྱོང་དགོས་ཏེ། དེ་ལྟར་ན་བུ་བུ་མོ་གཉིས་སེམས་པ་གཅིག་ཏུ་མཐུན་ཞིང་ཕན་ཚུན་ལ་ཡིད་ཆེས་དང་བརྩི་འཇོག་སོགས་ཀྱང་ངང་གིས་འབྱུང་ལ། ཚེ་སྲོག་དང་ཁྱིམ་སྲིད་གཉིས་ཀྱང་དེར་མ་འདུས་པ་མེད། གཞན་ཡང་“ནུབ་མོའི་སྟེན་དུ་ནི་ཆུང་མ་བཟངོ། །……མཚན་མོའི་སྟེན་དུ། ན་ཆུང་ངན་ཏོ། །”ཞེས་པ་བཞིན་རང་ལ་ཆུང་མ་བླངས་ཟིན་རྗེས་ཡིད་སེམས་གཅིག་ཏུ་གཏད་དེ་ཆུང་མ་ཁོ་ན་སྟེན་པ་ལས་ན་ཆུང་མ་གཞན་པ་བསྟེན་མི་རུང་བར་བརྗོད་ཡོད།
        ཡང་བཟའ་ཟླའི་བར་གྱི་འབྲེལ་བ་ནི་ནམ་ཡང་ཞི་མཐུན་དུ་གནས་པ་ཞིག་མ་ཡིན་ལ། སྐབས་ལ་ལར་ཆུང་མས་ཀྱང་ཁྱོ་ག་ལ་བློ་སོགས་འདོམས་ན་དེའི་ངག་ལ་ཉན་རུང་མིན་ཐད་ལ་མདོ་འདིའི་དྲི་བ་ང་བརྒྱད་པ་ལས་“མ་འོས་པ་མ་ཡིན་ན། །བཟང་བ་ནི། །ཕྲལ་དུ་དགར་ཟདོ། །ཆུང་མ་སྡུགུ་ནི་བཙལ་དུ་རྙེད་གྱི། །བུ་ཚ། །ངན་པ་ནི། བརྗེར་མྱེདོ། །”ཞེས་ཆུང་མའི་སྐད་ཆ་དེ་མི་འོས་པ་མ་ཡིན་པར་བཟང་བ་ཡིན་ན་འཕྲལ་མར་ཟུར་དུ་བཀར་ནས་ཉན་དགོས་ཏེ། ཁོ་མོའི་སྐད་ཆ་དེར་གནས་ལུགས་ལྡན་མིན་དང་དྲང་བདེན་ཡིན་མིན་སོགས་ལ་ལེགས་པར་བརྟགས་ནས་བླང་དོར་ཤན་འབྱེད་བྱ་དགོས་ཚུལ་བསྟན་ཡོད། ཆུང་མ་ཡིད་དུ་འོང་བ་ནི་བཙལ་ན་རྙེད་མོད་ཀྱི། བུ་ངན་པ་ནི་གཞན་དང་བརྗེ་རྒྱུ་མེད། ཅེས་སྤྱིར་ན་རང་གི་ཆུང་མ་དེར་མཛའ་སེམས་བྱིན་ནས་འགྲིག་མཐུན་འོང་དགོས་མོད། ཡིན་ཡང་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ནི་ངན་པའི་གྲས་སུ་གཏོགས་ནའང་དེ་གཉིས་སྡུར་ཐབས་མེད་དེ། བུ་སོགས་རང་མི་ངོ་མ་ནི་ནམ་ཡང་དང་པོ་དང་ཆུང་མ་ནི་ནམ་ཡང་གཉིས་པ་ཡིན།འདི་ལ་ད་དུང་དྲི་བ་སོ་གཉིས་པའི་ལན་དུ། “མྱི་ལ་ལ་། །ཤ་རུས་གྱིས་གཉེན་བ་བས། །ཆུང་མ་གཉེན་བར་བརྩི་བ་ཡོད་དོ། །ཆུང་མ་ཆི་ལྟར་སྡུག་གྱང་ཉོར་རྙེད་གྱིས། །ཕ་མ་དང་ཕུ་ནུ་བོ་ཆི་ལྟར་མྱི་སྡུག་གྱང་། །གུད་ནས་བཚལ་དུ་མྱི་རྙེད་དོ། །དེ་ལྟ་བས་ན། །བུ་དང་ཆུང་མ་བས་ནི། །ཕ་མ་དང་ཕུ་ནུ་བོ་། ཕངས་པར་བརྩི་དགོསོ། །”ཞེས་པ་བཞིན་ཕ་མ་དང་ཕུ་ནུ་སོགས་ཤ་རུས་གཅིག་པའི་སྤུན་ཉེ་ནི་ནམ་ཡང་བཟའ་ཟླའི་འབྲེལ་བས་གྲུབ་པའི་ཆུང་མ་ལས་ལྷག་པར་གཅེས་པར་བརྩི་དགོས་ཚུལ་བསྟན་ཡོད་དེ། འདི་ནི་དུས་སྐབས་དེའི་ཁྱིམ་མིའི་འབྲེལ་བ་འཛིན་སྟངས་ཐད་ཀྱི་མི་ཆོས་རྩ་དོན་ཞིག་དང་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཀྱང་ཡིན།
        དེ་ལྟར་རང་དང་ཤ་ཁྲག་གི་འབྲེལ་བ་ལྡན་པའི་ཁྱིམ་མི་རྣམས་ནི་གཉེན་འབྲེལ་གྱིས་གྲུབ་པའི་ཆུང་མ་ལས་ལྷག་པར་གཅེས་པར་འཛིན་དགོས་ཚུལ་བརྗོད་ནའང་། རང་གི་ཆུང་མ་ལ་གང་འདོད་དུ་བརྙས་བཅོས་བྱ་མི་རུང་བར་འགྲིག་མཐུན་གྱིས་བསྐྱང་དགོས་ཏེ། དེ་ལ་དྲི་བ་རེ་གཉིས་པར།“ཆུང་མ་དང་ཧ་ཅང་མཛའ་ཆེས་ན་ནི། །གཞན་གྱིས་གྱང། །ཁྲེལད། །སྡང་བར་བྱར་ནི། །མོའང་ཡིད་དུ་འོང་དགུ་བྱེད་ན་། ཆི་ལྟར་བྱ། །”ཞེས་ཆུང་མར་མཛའ་སེམས་འཆང་བ་དང་མི་གཞན་པའི་ཁྲེལ་དགོད་བྱ་བའི་བར་གྱི་འགལ་བ་དེ་ཇི་ལྟར་ཐག་གཅོད་དགོས་པར་དྲིས་པའི་ལན་དུ། “ཆི་ལྟར་ཡིད་དུ་འོང་བ་ལ་སྣང་སྟེ། །ལེགས་པའྀ་ཡིད་དུ་འོང་བ་བྱེད་ན། མཛའ་ཞེས། །གཞན་གྱིས་མྱི་ཁྲེལ་གྱིས། །མོས་མ་ཉེས་པར། །དཔྱས་གྱིས་དོགས་པའྀ་ཕྱིར་སྤང་བའྀ་། ག་ལ་རིགསོ། །གཞུང་གིས་ལེགས་པ་མ་ཡིན་ན། །ཡིད་དུ་ཆི་ལྟར་འོང་ཡྔ། འཐུན་བར་མ་བྱེད་ཆིག། །མོས་མ་ཉེས་དང་། སྣ་འགའ། བདགི་སེམས་དང་མ་འཐུན་པའྀ་ཕྱིར། བདག་ལ་དབང་ཡོད་ཆེས། དངན་སྡང་དུ་མ་སྡང་ཤིག། །”ཞེས་པ་བཞིན་དེ་ནི་ཆུང་མ་རང་གི་སྙིང་དུ་སྡུག་པའི་རྒྱུ་རྐྱེན་ལ་བལྟ་དགོས་ཏེ། ལེགས་ཕྱོགས་ནས་སྙིང་དུ་སྡུག་པ་ཡིན་ན་མཛའ་དྲགས་ཞེས་གཞན་གྱིས་འཕྱ་སྨོད་བྱེད་མི་སྲིད་ལ། ཆུང་མའི་ཉེས་པ་མིན་བཞིན་དུ་གཞན་གྱི་འཕྱ་སྨོད་ལ་དོགས་ནས་སྤོང་བ་ནི་ག་ལ་རིགས། ཡང་ཚུལ་ལུགས་ལྟར་ལེགས་པའི་ཕྱོགས་མ་ཡིན་ན་ནི་ཆུང་མ་སྙིང་དུ་ཇི་ཙམ་སྡུག་ཀྱང་མཐུན་པར་མ་བྱེད་ཅིག དེ་མིན་ཆུང་མས་མ་ཉེས་པར་བྱ་བ་འགའ་ཞིག་རང་གི་འདོད་བློ་དང་མ་མཐུན་པར་བརྟེན། རང་ལ་དབང་ཡོད་སྙམ་སྟེ་བརྙས་བཅོས་ཀྱི་སྡང་ཟུག་མ་བྱེད་ཅིག གོང་གི་འདི་ལས་ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་བདག་གམ་བཟའ་དཔོན་ནི་ཁྱོ་ག་ཡིན་པ་དང་། ཁྱིམ་སྲིད་སྐྱོང་བར་ཆུང་མའི་དྲང་བདེན་གྱི་གྲོས་འཆར་སོགས་ལའང་ཉན་དགོས་ཏེ་ཕོ་མཆོག་མོ་དམན་གྱི་བསམ་བློ་ཏོག་ཙམ་མངོན་ནའང་། སྤྱིར་ན་བཟའ་ཟླའི་ཕོ་མོ་གཉིས་འདྲ་མཉམ་ཡིན་པར་བསྟན་ཡོད། ཆུང་མའི་བསམ་སྤྱོད་དེ་ལེགས་ཕྱོགས་མ་ཡིན་པར་ངན་པར་གཏོགས་ན་རང་ཡང་དེ་དང་མཐུན་པར་བྱ་མི་རུང་ལ། སྤྱིར་ན་རང་གི་ཆུང་མ་དང་ཁྱིམ་མིའི་འབྲེལ་བ་དེ་ལུགས་དང་མཐུན་པར་འགྲིག་མཐུན་དུ་སྐྱོང་དགོས་པའི་མི་ཆོས་བསམ་བློ་བརྗོད་འདུག དེ་ལྟར་ཐོག་མར་ཁྱོ་ག་རང་ཉིད་དྲང་བདེན་དང་ཚུལ་མཐུན་དུ་གནས་ཏེ་རང་གི་ཆུང་མ་ལུགས་མཐུན་དང་མཛའ་སེམས་ཀྱིས་སྐྱོང་དགོས་ལ། “ཆུང་མ་ཞིག་ཡིན་ན། ཁྱོའི་སེམས་དང་འཐུན་པར་བྱོས་ཤིག་”ཅེས་པ་བཞིན་ཆུང་མས་ཀྱང་རང་བློ་ཁྱོ་གའི་སེམས་དང་མཐུན་པར་བྱས་ཏེ་དྲང་བདེན་དང་ལུགས་མཐུན་དུ་གནས་དགོས།
        ཡང་ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱོ་ཤུག་གཉིས་ཀྱི་གཉེན་འབྲེལ་ལས་གཞན་ད་དུང་ཕ་བུ་དང་མ་བུའི་བར་གྱི་ཤ་ཁྲག་གི་འབྲེལ་བ་དང་། མནའ་མ་དང་སྒྱུག་པོ་སྒྱུག་མོ་བར་གྱི་འབྲེལ་བ་སོགས་མང་དུ་ཡོད་ནའང་། འདིར་ཁྱིམ་མིའི་འབྲེལ་བ་མང་པོ་དེ་དག་ལས་ཆེད་དུ་རིགས་གཉིས་ཙམ་བདམས་ནས་དེ་དག་བར་གྱི་འབྲེལ་བ་ཇི་ལྟར་འགྲིག་མཐུན་འོང་དགོས་པའི་ཕྱོགས་སུ་མི་ཆོས་ཀུན་སྤྱོད་ཀྱི་བསླབ་བྱ་གནང་ཡོད་དེ།
        དང་པོ་ནི་བུ་ཕྲུག་གིས་རང་གི་ཕ་མ་དང་མ་ཡར་གསུམ་གྱི་འབྲེལ་བའི་ཐད་ལ་མི་ཆོས་ལྟ་བ་ཅི་འདྲ་འཛིན་དགོས་པའི་སྐོར་ཏེ། དེ་ཡང་དྲི་བ་ང་དགུ་པར་“ཕ་ལ་ཆེན་ཆུང་གཉིས་ཞིག་ཡོད་ན། །བདགིས་ཕ་ལྟར་བྱས་ན་ནི། མའི་ཡིད་དང་འགལ། །མའྀ་ཡིད་ལྟར་བྱས་ན་ནི། ཕ་འི་ཡིད་དང་འགལ་ན། །ཐབས་ཆི་ལྟར་བྱ། །”ཞེས་རང་གི་ཕ་ལ་བཟའ་ཟླ་ཆེན་ཆུང་གཉིས་ཡོད་ན། བདག་གིས་ཕའི་འདོད་བློ་ལྟར་བྱས་ན་ནི་མའི་ཡིད་དང་འགལ། མའི་འདོད་བློ་ལྟར་བྱས་ན་ནི་ཕའི་ཡིད་དང་འགལ་ན་ཐབས་ཇི་ལྟར་བྱ་ཞེས་དྲིས་པའི་ལན་དུ། “ཡིད་གཆིག་པས། །བསྡུམ་དགོས་སྟེ་བདགིས་གྱང་། །མ་དང་མ་ཡར་མོ་གཉིས་སྡུག་ཏུ་གོ་མཉམ་བར་བྱ་དགོསྟེ། ། ཡུས་མ་ཡུས་ལ་ཡྔ་དྲང་པོར་བྱས་ལ། །ཆེན་ཆུང་ནི་། །ཆོས་གྱིས། །རིགསྟེ། །ངོ་མཉམ་བ་ལས་ལྷག་པར། མྱི་དགོས་པར་།བསམས་ལ། །སྨད་གྱིས་གྱང་། །ཆུ་ཚད་མྱེད་པའི། ། གསག་བྱསྟེ་མྱི་དགའ་བར། །མ་གྱུར་བའྀ་ནད་བསལ་ལ། ། སོ་སོ་ནས། །དང་བསྐྱེད་དེ། །ཡིད་དང་འཐུན་པར་བྱས་ན། །གང་གི་ཡིད་དང་ཡྔ་མྱི་འགལ་ཏེ། །ཀུན་ལ་བདེའོ། །” ཞེས་པ་བཞིན་ཏེ། ཐོག་མར་བློ་གཅིག་སེམས་གཅིག་གིས་འགལ་བ་དེ་དག་འདུམ་ཐབས་བྱ་དགོས་ཏེ། རང་ངོས་ནས་ཀྱང་མ་དང་མ་ཡར་གཉིས་གོ་བབ་མཉམ་པར་བྱ་བ་སྟེ་ཕྱོགས་རིས་མེད་པར་འདྲ་མཉམ་དུ་མཐོང་དགོས་ལ། བདེན་མི་བདེན་གང་ལའང་དྲང་བདེན་དྲང་གཞག་བྱ་དགོས། ཕ་ལ་བཟའ་ཟླ་ཆེན་ཆུང་གཉིས་ལེན་པ་འདི་ནི་ལུགས་སྲོལ་ལ་དར་བས་བཏང་སྙོམས་བྱ་བ་ལས་ལྷག་པ་མ་མཆིས་པར་བསམ། སྨད་པའི་འོས་ཚད་ཀྱང་མེད་པ་ན་ངོ་དགའ་བྱས་ཏེ་མི་དགའ་བར་མི་འགྱུར་བས་སེམས་ནད་བསལ་ལ། སོ་སོར་དང་བ་འདྲེན་པའི་ཡིད་དང་མཐུན་པར་བྱས་ན། ཕྱོགས་གང་གི་བློ་དང་ཡང་མི་འགལ་ཏེ་ཀུན་ཀྱང་བདེ་བར་འབྱུང་བ་ཡིན། རང་གི་ཕ་ལ་བཟའ་ཟླ་ཆེན་ཆུང་གཉིས་ཡོད་པར་སྨྲ་བ་འདི་ནི་དོན་གྱིས་ཁྱོ་གཅིག་ཤུག་མང་གི་གཉེན་སྲོལ་ཞིག་སྟེ། འདི་ནི་དུས་སྐབས་དེར་མཚོན་ན་མི་ཆོས་དང་མཐུན་པའི་གཉེན་སྲོལ་ལམ་ལུགས་ཤིག་ཡིན། དེ་ལྟར་བུ་ཕྲུག་ཅིག་ལ་མཚོན་ན་ཐོག་མར་རང་ཉིད་ཕྱོགས་ལྷུང་སོགས་ཀྱིས་མ་ཉེས་པར་དྲང་གཞག་ཏུ་གནས་ཏེ། ཕ་མ་དང་མ་ཡར་བར་གྱི་འགལ་བ་དག་ཅི་ནུས་སྒོས་བསྡུམས་ཏེ་འགྲིག་མཐུན་འོང་བ་བྱེད་དགོས་ལ། འདི་ནི་བུ་ཕྲུག་ཅིག་གིས་ཕ་མ་སོགས་མི་རབས་སྔ་མ་དག་ལ་བསྒྲུབ་དགོས་པའི་ཀུན་སྤྱོད་ཐད་ཀྱི་འོས་འགན་ཞིག་ཀྱང་ཡིན། ཡང་གལ་ཏེ་དེ་ལྟར་བསྒྲུབ་ནུས་ན་ལེགས་མོད། མ་ནུས་ཚེ་ཕ་མ་གཉིས་ལས་སུ་ཞིག་གི་ཡིད་དང་མཐུན་པར་བྱ་ཞེ་ན། “བུ་ལ་ཕ་དབང་ཆེས། །ཕའི་ཡིད་དང་འཐུན་བར་བྱོས་ཤིག། །འོན་ཏང་དུམ་བ་ཞར་གྱིས་འབྱུངོ། །”ཞེས་བུ་ཕྲུག་ལ་མཚོན་ན་རང་གི་ཕ་དབང་ཆེ་བས་ཕའི་ཡིད་དང་མཐུན་པར་བྱ་དགོས་ལ། དེ་ལྟར་ན་འགལ་བ་རྣམས་འདུམ་ཐབས་ཀྱང་ཞར་ལ་འབྱུང་བ་ཡིན་པར་སྨྲ།
        གཉིས་པ་ནི་མནའ་མ་དང་སྒྱུག་མོའི་བར་གྱི་འགལ་འབྲེལ་ཇི་ལྟར་ཐག་གཅོད་བྱ་དགོས་པའི་སྐོར་གྱི་མི་ཆོས་བསམ་བློ་སྟེ། དེ་ལ་དྲི་བ་རེ་གཅིག་པར་“མནའ་མ་སྒྱུག་མོ་དང་རྩོད་པ་ཇི་ལྟ་བུར་བྱ། །”ཞེས་པར་ཐོག་མར་“འདི་ལྟ་བུ་མང་སྟེ། །ཆོས་གྱིས་སྲིད་པའྀ་ཕྱིར། །”ཞེས་འདི་ལྟ་བུ་མང་སྟེ་རང་ཤུགས་སུ་འབྱུང་བའི་ཕྱིར་རོ་ཞེས་ལན་བཏབ་པ་ལྟར་ཁྱིམ་ཚང་ཞིག་གི་བཟའ་མི་རྣམས་ལས་འགལ་བ་ཆེས་འབྱུང་སྲིད་པའམ་ཡང་ན་ཕོག་ཐུག་ཆེས་ཐེབས་སླ་བ་ནི་མནའ་མ་དང་སྒྱུག་མོའི་བར་གྱི་འབྲེལ་བ་སྟེ། ཁྱིམ་གྱི་བཟའ་མི་ཡོངས་འགྲིག་མཐུན་འོང་མིན་ནི་གཙོ་བོ་མནའ་མ་དང་སྒྱུག་མོ་གཉིས་བར་གྱི་འབྲེལ་བ་དེ་ལེགས་པོ་ཞིག་འཁྱོངས་མིན་ལ་རག་ལས་ཡོད་པས་ན། འདིར་ཡང་ཆེད་དུ་དེ་གཉིས་བར་གྱི་འགལ་འབྲེལ་ཟུར་དུ་བཏོན་ནས་བརྗོད་ཡོད། དེས་ན་དེ་གཉིས་འགྲིག་མཐུན་འོང་བ་ལ་སོ་སོར་ཀུན་སྤྱོད་ཐད་ཀྱི་རེ་བ་བཏོན་ཡོད་དེ། ཐོག་མར་སྒྱུག་མོ་ཡིས་རྟོགས་དགོས་ཤིང་བསྒྲུབ་འོས་པ་ཞིག་ནི་“གཉེན་བྱསྟེ། །མནའ་མ་བླངས་པ་ལ་གྱོས་སྒྱུག་གིས། །གྱང་། །བསྒྲན་བཆིང་བརྒྱད་པའྀ་མྱི་རིགསོ། །གྱི། །བཏམས་ཤིང་། བསྟན་པའྀ་རིགསོ། །” ཞེས་པ་བཞིན་གཉེན་བསྒྲིགས་ནས་མནའ་མ་བླངས་པ་ལ་བུའི་ཕ་མ་སྟེ་གྱོས་སྒྱུག་གཉིས་ཀྱིས་མནའ་མ་ལ་ཐད་ཀར་ཚིག་ངན་པས་གཤེ་གཤེ་གཏང་མི་རུང་ལ། གནས་ལུགས་བཤད་ནས་བླང་དོར་སྟོན་པར་བྱ་དགོས་ཏེ། འདི་ནི་གྱོས་སྒྱུག་གཉིས་ལ་བཏོན་པའི་མི་ཆོས་ཐད་ཀྱི་རེ་བའམ་འོས་འགན་ཡིན། དེ་བཞིན་དུ་མནའ་མ་ལའང་ཀུན་སྤྱོད་ཐད་ཀྱི་རེ་བ་བཏོན་པ་ནི་“མནའ་མས་གྱང། །གྱོས་སྒྱུག་། ཕ་མའྀ་གོ་ལ། །བསྒྲན་ཆིང་འཁྱལ་བའྀ་མྱི་རིགས་གྱི། །བཚུན་ཞིང་རིམ་པ་ཡོད་པར་བསམསྟེ། །རིམ་འགྲོ་ཆེར་བྱ་འྀབ་རིགསོ། །འདི་ལྟར་བྱསྣ། །རྩོད་པ་ཆི་ལས་འབྱུང་། །”ཞེས་མནའ་མས་ཀྱང་གྱོས་སྒྱུག་སྟེ་ཁྱོ་གའི་ཕ་མ་གཉིས་རང་གི་ཕ་མའི་གནས་བབ་ཏུ་བཀུར་ཞིང་བརྩི་དགོས་པ་ལས། འདྲ་མཉམ་ལྟ་བུས་གང་བྱུང་བརྗོད་མི་རིགས་ཤིང་། ཡ་རབས་གོ་རིམ་ཡོད་པར་བསམས་ཏེ་གུས་བཀུར་དང་བཅས་སྲི་ཞུ་གང་ལེགས་སྒྲུབ་དགོས། དེ་ལྟར་གྱོས་སྒྱུག་གཉིས་དང་མནའ་མ་སུ་ཡིན་ཡང་སོ་སོས་རང་གི་ཕྲག་པར་བབས་པའི་ཀུན་སྤྱོད་འོས་འགན་དེ་དག་ལེགས་པར་བསྐྱངས་ན་རྩོད་པ་གང་ལས་འབྱུང་སྟེ་མི་འབྱུང་ངོ་། །མནའ་མ་དང་སྒྱུག་མོའི་བར་གྱི་འགལ་འབྲེལ་དེ་ལྟར་ཐག་བཅད་པ་ལ་བུ་ཕྲུག་ལ་མཚོན་ནའང་འགན་འཁྲི་ཞིག་ཡོད་པ་ནི་རང་གི་ཕ་མ་དང་ཆུང་མ་གཉིས་ཀ་དྲང་བདེན་གྱིས་སྐྱོང་དགོས་ཏེ། ཕྱོགས་གཅིག་སེམས་ཀྱིས་བླངས་ནས་ཅིག་ཤོས་ལ་རྒྱབ་འགལ་བྱས་ན་མི་རུང་སྟེ། དེ་ལ་“བུ་ཁྱོར་དགོས་པ་ནི། ། སྡུག་པར་བྱས་ལ་། །ཁོ་ལ་མྱེད་དུ་མི་རུང་བའྀ། །ཕ་མ་དགྲར་བླངསྣ། མ་ནོར་ཏམ། །གཆིག་གིས་གཆིག་ཐུབ་གྱང། ལེགས་པ་མ་ཡིན། །ཉེས་པར་མངོནོ། །”ཞེས་པ་བཞིན་སྤྱིར་བུ་ལ་དགོས་པ་ནི་སྡུག་པའི་ཆུང་མ་ཡིན་ལ་དེ་ཡིད་ཚིམ་པར་བྱས་ན། ཆུང་མའི་ཆེད་དུ་རང་ལ་མེད་དུ་མི་རུང་བའི་ཕ་མ་གཉིས་དགྲར་བསླངས་ན་ག་ལ་འགྲིག གཅིག་གིས་གཅིག་ཐུབ་ཀྱང་ལེགས་པ་མ་ཡིན་ཏེ་ཉེས་པ་ཡིན་ལ། མ་དང་བུ་ཕྲུགམནའ་མ་སུ་ཡིན་ཡང་ཕན་ཚུན་ལ་བརྩི་འཇོག་དང་སྲི་ཞུ་བསྒྲུབས་ནས་ཁྱིམ་ཚང་འགྲིག་མཐུན་འོང་དགོས་པ་ནི་མི་ཆོས་ཀུན་སྤྱོད་དང་མཐུན་པ་ཡིན་པར་བསྟན་ཡོད།
        ཡང་མནའ་མ་ཞིག་ལ་མཚོན་ན་རང་གི་གྱོས་སྒྱུག་གཉིས་ལ་སྲི་ཞུ་གང་ལེགས་སྒྲུབ་དགོས་པའི་རྒྱུ་མཚན་ལ་རང་སྟེང་དུ་དཔེ་སྦྱར་ནས་བསམ་དགོས་ཚུལ་བསྟན་ཡོད་དེ་“ཡོངསྣི། །གཞོན་བའྀ་ཚེ། མནའ་མ་བྱས། །རྒས་པའྀ་ཚེ་སྒྱུག་མོ་སྟེ། །མྱི་ཆིགི་ཚེ་ལ། །རྣམ་པ་གཉིས་བྱས་མྱོང་བས། །བདགི་ཉམས་ལས་བསམས་གྱང། མངོན་བའྀ་རིགསོ། །ཕ་བུ་གཉིས་གྱིས། །དྲང་པོ་རིགས་པ། །སོ་སོར། ཆུད་པར། བྱས་ན། །རྩོད་པ་ཆདོ། །”ཞེས་སྤྱིར་ན་མི་སུ་ཞིག་ཡིན་ཡང་ལོ་ན་གཞོན་པའི་དུས་སུ་མནའ་མ་བྱས་ཤིང་། རྒས་པའི་ཚེ་ན་སྒྱུག་མོ་བྱ་དགོས་ཏེ། མི་ཚེ་གཅིག་ལ་གོ་སྐལ་གཉིས་མྱོང་བ་ཡིན་པས་རང་གི་ཉམས་ཐོག་ནས་བསམས་ནའང་རྟོགས་འོང་སྟེ། མ་འོངས་པ་ན་རང་ཉིད་ཀྱང་སྒྱུག་མོ་བྱས་ཏེ་མནའ་མ་བསྐྱང་དགོས་ཞེས་རང་ཐོག་ལ་སྦྱར་ནས་བསམས་ཚེ། ད་ལྟའི་གྱོས་སྒྱུག་གཉིས་ལ་གོང་བཀུར་དང་སྲི་ཞུ་བྱ་དགོས་པའི་གནས་ལུགས་དེ་ངང་གིས་ཤེས་འོང་བར་བསྟན། དེ་བཞིན་དུ་ཕ་བུ་གཉིས་ཀྱིས་ཀྱང་གཞུང་དྲང་པོ་དང་། འོས་ཤིང་རིགས་པ་སོ་སོར་ཁོང་དུ་ཆུད་པར་བྱས་ན་རྩོད་པའི་རྒྱུད་འཆད་པར་འགྱུར་རོ། །ཞེས་ཕ་བུ་གཉིས་ལ་མཚོན་ནའང་སྒྱུག་མོ་དང་མནའ་མར་ཕྱོགས་རིས་ཀྱི་ཡིད་སྤངས་ཏེ་གཞུང་དྲང་པོར་བསྐྱང་དགོས་པ་དང་། ཁྱིམ་མི་འགྲིག་མཐུན་འོང་བར་བསྒྲུབ་འོས་ཤིང་རིགས་པ་རྣམས་དུས་ནམ་ཡང་ཡིད་ལ་བཅངས་ན་རྩོད་པ་མི་འབྱུང་ངོ་། །དེ་ནས་ཀྱང་“གཏང་བ་དང་ཡུལ་གྱིས་བསྐལ་བའི་ཐབས་ཤིག་ནི། ཡོད་མོད་གྱི།དེ་ནི་། །དྲང་པོར་མ་ནོར་པར། །ནུས་པ་མ་ཡིནོ། །”ཞེས་བསྟན་པ་བཞིན་སྤྱིར་ན་སྒྱུག་མོ་དང་མནའ་མ་གཉིས་འགྲིག་མཐུན་མ་འོངས་ཚེ་ཐ་དད་བྱེད་པ་དང་ས་ཐག་རིང་པོར་ཁ་གྱེས་པའི་ཐབས་ཤིག་ཡོད་མོད་ཀྱང་། དེ་ལ་དྲང་ཞིང་མ་ནོར་བའི་ནུས་པ་མི་ལྡན་ཞེས་ཕ་མ་དང་བུ་ཕྲུག་མནའ་མ་རྣམས་རྩོད་པ་བྱུང་ཚེ་ཕན་ཚུན་ཁ་གྱེས་ནས་སོ་སོར་གནས་བཅའ་བའི་ཐབས་ཤིག་ཡོད་ཀྱང་ཐབས་དེ་ནི་དྲང་སྙོམས་ཤིག་མ་ཡིན་ལ། ནུས་པ་ཡང་དག་འཐོན་པ་ཞིག་ཀྱང་མ་ཡིན་པས་ལག་བསྟར་བྱ་མི་རུང་བར་བསྟན་ཡོད་དོ། །
        དཔྱད་གཞིའི་ཡིག་ཆ།
        ① 《马克思恩格斯选集》第三册[M],北京:人民出版社,1995年,第133页。
        ②སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་གཙོ་སྒྲིག་བྱས། 《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས》 དེབ་བཅུ་གཅིག་པ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་351
        ③《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོ། ཤོག་ངོས་32-33
        ④孙秋云主编:《文化人类学教程》[M],北京:民族出版社,2004年,第138页。
        ⑤《ཁུ་བྱུག་སྔོན་མོའི་སྒྲ་དབྱངས——བོན་ལུགས་ཀྱི་གནའ་བོའི་གཏམ་རྒྱུད་དང་ཆོ་གའི་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས་121

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1