ཉེ་སྔོན། སློབ་གསོ་པུས་༼2021ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ༽(གཤམ་དུ་༼བརྡ་ཐོ༽ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ། 2021ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཐད་བཀོད་སྒྲིག་བྱས་ཡོད།
བརྡ་ཐོའི༽ནང་། 2021ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཐོག རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དང་༼དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་ལས་ཀའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་འཆར་གཞི༽དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱུགས་ལེན་སློབ་བསྡུའི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་བསྒྲུབ་པ་དང་། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུརབཅོས་བྱ་རྒྱུར་སྐུལ་འདེད་འོས་འཚམ་གཏོང་བ། རྒྱུགས་ལེན་སློབ་བསྡུའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ། མཐོ་སློབ་དཀྱུས་མའི་རྒྱུགས་ལེན་སློབ་བསྡུའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
༼བརྡ་ཐོའི༽ནང་ཕྱོགས་ལྔའི་ལས་འགན་གཙོ་གནད་དུ་བཟུང་ནས་ནན་སྟོན་བྱས་ཡོད་པ་སྟེ།
གཅིག་ནི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་འོག་གི་མཐོ་རྒྱུགས་སྒྲིག་འཛུགས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དེ་ཡང་། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས། རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་གཅིག་གྱུར་སྒྲིག་འཛུགས་ཀྱི་རིམས་འགོག་བླང་བྱ་ལྟར། དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱུགས་ལེན་སྒྲིག་འཛུགས་ཀྱི་རིམས་འགོག་ལས་ཀའི་ཇུས་གཞི་སྔར་བས་ཞིབ་ཚགས་ཏུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་ལེན་ལས་དོན་མི་སྣའི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ལ་འགན་ལེན་བྱེད་དགོས་པ་དང་། བདེ་འཇགས་གསང་སྲུང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། རྒྱུགས་ལེན་ཁྲོད་ཀྱི་གཡོ་སྒྱུའི་བྱ་ངན་ལ་རྡུང་རྡེག་ཚ་ནན་གཏོང་བ། གློ་བུར་དོན་རྐྱེན་གྱི་བབ་བསྟུན་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་ཡོད།
གཉིས་ནི་མཐོ་རྒྱུགས་བརྒྱུད་སློབ་ཞུགས་བྱེད་པའི་གོ་སྐབས་འདྲ་མཉམ་ཡོང་བ་བྱེད་པའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དེ་ཡང་། མུ་མཐུད་དུ་གཙོ་གནད་མཐོ་སློབ་ཀྱི་ཆེད་གཉེར་འཆར་གཞི་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་དུ་བསྐྱོད་ནས་ཨར་པོ་རྒྱུག་མཁན་མི་སྣའི་ལྷན་ཁྲིད་བུ་ཕྲུག་གྲོང་ཁྱེར་དེ་གའི་མཐོ་རྒྱུགས་ནང་ཞུགས་པའི་སྲིད་ཇུས་སྔར་བས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ། མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་ཐོབ་ཐང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། “མཐོ་རྒྱུགས་གནས་སྤོས་པར”རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། སློབ་བསྡུའི་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ།
གསུམ་ནི་མཐོ་སློབ་ཀྱི་རྒྱུགས་ལེན་སློབ་བསྡུའི་ལས་དོན་ལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། དེ་ཡང་། ཧོ་པེ་དང་ལེའོ་ཉིང་། ཅང་སུའུ། ཧྥུ་ཅན། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཁྲུང་ཆིང་སོགས་ཁག་གསུམ་པའི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་ཀྱི་ལམ་སྲོལ་གསར་པ་དོན་འཁྱོལ་ལས་དོན་ཁག་ཡག་པོ་བསྒྲུབ་པ་དང་། རྒྱུགས་ལེན་དང་སློབ་བསྡུའི་ལས་ཀའི་ཇུས་གཞི་ཞིབ་ཕྲ་གཏན་འབེབས་བྱས་ནས། སྒྱུར་བཅོས་བརྟན་པོའི་ངང་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ། རྒྱུགས་ལེན་ནང་དོན་སྒྱུར་བཅོས་གཏིང་ཟབ་བྱས་ནས། མི་སྐྱོང་བར་ཀུན་སྤྱོད་གཙོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། སློབ་མའི་ཀུན་སྤྱོད་དང་ཤེས་རིག་ལུས་རྩལ་མཛེས་རྩལ་ངལ་རྩོལ་བཅས་ལྔའི་སྤྱི་ཡོངས་འཕེལ་རྒྱས་ལ་བརྟག་ཞིབ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྨང་གཞི་བརྟན་གཏོང་གི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས། སློབ་བསྡུའི་གོ་རིམ་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་ནང་དོན་དང་རྣམ་པ་ལེགས་བསྒྱུར་བྱེད་པ། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་རིགས་དབྱེའི་སློབ་བསྡུར་སྐུལ་འདེད་ཤུགས་ཆེན་བཏང་ནས། “རིག་གནས་བྱང་ཚད་+ལས་རིགས་རྩལ་ནུས”ཀྱི་གདེང་འཇོག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་རྒྱུ།
བཞི་ནི་མཐོ་སློབ་ཀྱི་རྒྱུགས་ལེན་སློབ་བསྡུའི་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དེ་ཡང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། མཐོ་སློབ། སློབ་འབྲིང་བཅས་རིམ་པ་བཞིའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་དོན་འཁྱོལ་ནན་པོ་དང་། མཐོ་སློབ་སློབ་བསྡུའི་“མི་རུང་བ་30”དང་“གཞི་རྩའི་བླང་བྱ་ཁག་བརྒྱད”སོགས་ལས་ཀའི་སྒྲིག་ལམ་དོན་འཁྱོལ་ནན་པོ། སློབ་བསྡུའི་འཆར་གཞི་དང་སློབ་བསྡུའི་སྲིད་ཇུས་ལག་བསྟར་ནན་པོ། སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱ་རྒྱུ།
ལྔ་ནི་རྒྱུགས་ལེན་ཞབས་ཞུ་སྔར་བས་ལེགས་བསྒྱུར་བྱ་རྒྱུ། དེ་ཡང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བདེ་སྲུང་དང་འགྲིམ་འགྲུལ། འཕྲོད་བསྟེན་རིམས་འགོག་སོགས་ཀྱི་ཐད་ཕྱོགས་བསྡུས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། དབང་པོ་སྐྱོན་ཅན་འདྲ་མཉམ་ངང་མཐོ་རྒྱུགས་ཁྲོད་ཞུགས་རྒྱུར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་པ་དང་། སློབ་བསྡུའི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཡང་དག་པའི་སློབ་གསོའི་སྲིད་སྐྱོང་བྱས་རྗེས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། མཐོ་རྒྱུགས་རྒྱུགས་འབྲས་ཡོངས་བསྒྲགས་དང་འབྲེལ་ཡོད་དྲིལ་བསྒྲགས་བྱེད་པའི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ། རྣམ་པ་གང་རུང་གི་སྒོ་ནས་“མཐོ་རྒྱུགས་ཨང་དང་པོ”དང་“མཐོ་རྒྱུགས་སློབ་རིམ་འཕར་ཚད”“རྒྱུགས་སྐར་མཐོ་བའི་སློབ་མ”སོགས་ཡོངས་བསྒྲགས་དང་དྲིལ་བསྒྲགས། འུད་སྒྲོག་བཅས་བྱ་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།