གནད་བསྡུས། དཔྱད་རྩོམ་འདིར་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན། ཏང་གི་ཡང་དག་པའི་སྲིད་ཇུས་འོག མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་རྣམ་པའི་འཕེལ་འགྱུར་ཐད་ལ་དཔྱད་གླེང་བྱས་པ་བརྒྱུད། རྩོམ་བཏུས་ཀྱི་རྣམ་པ་དང་། སྡེ་ཚན་གྱི་རྣམ་པ། དེ་བཞིན་དུམ་ཆ་ཅན་གྱི་རྣམ་པ་བཅས་བསླབ་གཞིའི་རྩོམ་སྒྲིག་རྣམ་པ་མི་འདྲ་བ་སོ་སོའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཤིང་། མཐར་བསླབ་གཞི་རྩོམ་སྒྲིག་གི་དོན་སྙིང་ཐད་ལ་རྩོམ་པ་པོའི་དགོངས་ཚུལ་བརྗོད་འདུག
གནད་ཚིག བོད་སྐད་ཡིག བསླབ་གཞི། རྩོམ་སྒྲིག་རྣམ་པ། དོན་སྙིང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G623.29[ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)02-001-14
གླེང་གཞི།
བོད་སྐད་ཡིག་བསླབ་གཞིའི་འཛུགས་སྐྲུན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་། ལྷག་པར་བོད་དུ་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་གྱི་གསར་གཏོད་རང་བཞིན་ལྡན་པའི་བྱ་གཞག་ཅིག་ཡིན་ལ། དེ་ནི་ཏང་གི་མི་རིགས་སློབ་གསོའི་ཡང་དག་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱུང་བའི་གལ་ཆེའི་མངོན་ཚུལ་ཞིག་ཀྱང་ཡིན་པ་མ་ཟད། བོད་ཀྱི་དེང་རབས་སློབ་གསོའི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། དུས་རབས་ཕྱེད་ཀ་ལྷག་གི་འཕེལ་རྒྱས་ལོ་རྒྱུས་ཁྲོད། ཏང་གི་ཡང་དག་པའི་སྲིད་ཇུས་འོག བོད་སྐད་ཡིག་ལས་དོན་པ་དང་། ལྷག་དོན་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ལས་དོན་པའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། བོད་སྐད་ཡིག་བསླབ་གཞི་འདི་ཉིད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད་པ་མ་ཟད། ཕུན་སུམ་ཇེ་ཚོགས་ནས་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད།
འདིར་བརྗོད་པའི་བསླབ་གཞི་ཞེས་པ་ནི། རྒྱལ་ཁབ་ཀྱི་བསླབ་ཚན་དགོངས་དོན་དང་བསླབ་ཚན་ཚད་གཞིའི་རེ་འདུན་ལྟར་འཆར་འགོད་བྱས་པའི་བསླབ་ཚན་ཇུས་གཞིའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན་ལ། སློབ་གྲྭའི་སློབ་གསོའི་ཁྲོད་དགེ་རྒན་གྱིས་སློབ་པ་དང་སློབ་ཕྲུག་གིས་སྦྱོང་བ་ལ་སོགས་པའི་བྱ་འགུལ་གྱི་ལག་ཆ་གཙོ་བོ་ཞིག་དང་དེ་བཞིན་མ་མཐའི་གཞི་འཛིན་ཡིན་ལ། སློབ་མའི་རྒྱུད་ལ་ཤེས་བྱ་དང་ནུས་རྩལ་སོགས་བརྒྱུད་སྤྲོད་བྱེད་པའི་ཆ་འཕྲིན་གྱི་ཡོང་ཁུངས་གཙོ་བོ་དེ་ཡིན་པ་མ་ཟད། ནུས་ལྡན་གྱི་སློབ་ཁང་སློབ་ཁྲིད་མངོན་འགྱུར་ཡོང་བའི་གལ་ཆེའི་གཞི་རྟེན་ཡང་ཡིན་པས། འདིར་སློབ་ཁྲིད་ལག་ལེན་ཐོག་བེད་སྤྱོད་བྱེད་པའི་སློབ་དེབ་ཁོ་ནར་ངོས་འཛིན་བྱས་ཡོད།
དེ་ཡང་བོད་སྐད་ཡིག་བསླབ་གཞི་འཛུགས་སྐྲུན་ཐད་ནས་བརྗོད་ན། 1951ལོ་ནས་1981ལོའི་བར།བསླབ་གཞི་ཐོག་མར་དགེ་རྒན་སོ་སོས་བསྒྲིགས་དགོས་རྒྱུ་དང་། དེ་རྗེས་རིམ་བཞིན་སློབ་ཆུང་བསླབ་གཞི་རྩོམ་སྒྲིག་བྱས་པ། དུས་མཚུངས་སུ་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་བྱུང་བ་དང་། སློབ་ཆུང་དང་དམའ་འབྲིང་གི་བསླབ་གཞི་འཐུས་ཚང་དུ་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ཞིག་བརྒྱུད་ཡོད་ཅིང་། མཐོ་འབྲིང་གི་བོད་སྐད་ཡིག་བསླབ་གཞི་ནི་1981ལོ་ནས་འགོ་ཚུགས་པ་ཞིག་རེད། མིག་སྔའི་བར་ཁྱོན་མཐོ་འབྲིང་བསླབ་གཞི་ཆ་ཚང་ཁག་ལྔ་རྩོམ་སྒྲིག་བྱས་ཡོད་པ་དེ་དག་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བར་བརྟེན་ནས་རྩོམ་སྒྲིག་གི་རྣམ་པ་མི་འདྲ་བའི་ཕྱོགས་སུ་འཕེལ་འགྱུར་བྱུང་ཞིང་། བསླབ་གཞིའི་རྩོམ་སྒྲིག་རྣམ་པ་མི་འདྲ་བའམ་རྩོམ་སྒྲིག་བྱེད་ཐབས་མི་འདྲ་བ་དེ་དག་ལས་དེང་རབས་བོད་སྐད་ཡིག་སློབ་གསོའི་བྱ་གཞག་འདི་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད་པའི་རྣམ་པ་བཟང་པོ་ཞིག་མཚོན་ཡོད། འོན་ཀྱང་ད་བར་དེའི་སྐོར་ལ་ཆེད་དུ་ཞིབ་འཇུག་གནང་བའི་དཔྱད་འབྲས་ཤིན་ཏུ་དཀོན་ཞིང་། ལྷག་དོན་དུ་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་གི་དགོངས་པ་དང་། དེ་ལས་བྱུང་བའི་རྩོམ་སྒྲིག་གི་རྣམ་པའི་འཕེལ་འགྱུར་སོགས་ལ་དེ་ཙམ་དོ་སྣང་བྱུང་མེད་པས། འདིར་ཆེད་དུ་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞིའི་རྩོམ་སྒྲིག་གི་རྣམ་པའི་འཕེལ་འགྱུར་དང་། དེའི་དོན་སྙིང་སྐོར་ལ་བགྲོ་གླེང་ཅུང་ཟད་བྱ་རྒྱུ་ནི་དགོས་པ་ཤིན་ཏུ་ཆེ་བར་མཐོང་།
དང་པོ། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་བྱ་གཞག་གོང་འཕེལ་བྱུང་བའི་མཐུན་རྐྱེན།
རྨང་གཞིའི་སློབ་གསོའི་བོད་སྐད་ཡིག་བསླབ་གཞི་འཛུགས་སྐྲུན་གྱི་བྱ་གཞག་གོང་འཕེལ་ཡོང་བར། ཆབ་སྲིད་དང་དཔལ་འབྱོར་ལ་སོགས་པའི་མཐུན་རྐྱེན་གང་མང་འཛོམས་དགོས་མོད། འདིར་འབྲེལ་ཡོད་སྲིད་ཇུས་ཀྱི་འགན་ལེན་ཡོད་པ་དང་། དེ་བཞིན་ཚན་པའམ་ཆེད་ལས་མི་སྣ་སྒྲིག་འཛུགས་བྱུང་ཡོད་པ། གཞན་ཡང་ད་དུང་ལས་དོན་གྱི་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་བཅས་ཕྱོགས་གསུམ་ནས་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་བྱ་གཞག་གོང་འཕེལ་བྱུང་བའི་མཐུན་རྐྱེན་སྐོར་རགས་ཙམ་གླེང་བ་གཤམ་གསལ།
གཅིག ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་འགན་ལེན།
“1938ལོར། ཏང་གི་སྐབས་དྲུག་པའི་ཚོགས་འདུ་ཐེངས་དྲུག་པའི་སྙན་ཞུའི་ཐོག ཀྲུའུ་ཞི་མའོ་ཙེ་ཏུང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་། ཆོས་ལུགས། གོམས་སྲོལ་བཅས་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། ཁོང་ཚོར་རྒྱ་ཡིག་རྒྱ་སྐད་སྦྱོང་རྒྱུར་ཨུ་ཚུགས་བྱེད་མི་རུང་བ་མ་ཟད། དེ་ལས་ལྡོག་སྟེ་ཁོང་ཚོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་འཕེལ་རྒྱས་དང་རིག་གནས་སློབ་གསོ་གཉེར་བར་རོགས་རམ་བྱེད་དགོས།”[1]ཞེས་གསུངས་པ་དང་། “1945ལོར། ཏང་གི་ཚོགས་ཆེན་བདུན་པའི་སྙན་ཞུའི་ཐོག ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཁོང་ཚོའི(གྲངས་ཉུང་མི་རིགས)སྐད་དང་། ཡི་གེ གོམས་སྲོལ། གཤིས་ལུགས་དང་ཆོས་ལུགས་དད་མོས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས།”[2]ཞེས་ནན་བཤད་གནང་བ་དང་། 1954ལོར་གཏན་འབེབས་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཡང་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཚུལ། དེ་བཞིན་མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་དབང་ཆ་ཡོད་པ་སོགས་གཏན་འབེབས་བྱས་ཡོད་པ་མ་ཟད། 1951ལོར་མཆན་འགོད་བྱས་པའི་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་དང་། མི་རིགས་རང་སྐྱོང་སྲིད་ཇུས་ལ་སོགས་པའི་འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་ཇུས་བཅས་ཚང་མར་མི་རིགས་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་དང་། སྐད་ཡིག་སློབ་གསོ་གོང་འཕེལ་གཏོང་རྒྱུའི་ཐད་འབྲེལ་ཡོད་གཏན་འབེབས་མཛད་ཡོད་ལ། ལྷག་པར་དུ་1984ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་བོད་རང་སྐྱོང་ལྗོངས་སུ་སློབ་ཁྲིད་སྐད་ཆའི་ཐོག་ངེས་པར་དུ་བོད་སྐད་ཡིག་བེད་སྤྱོད་གཏོང་དགོས་པའི་བླང་བྱ་གསལ་སྟོན་བྱས་ཡོད་པ་དང་། དེ་རྗེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་ལས་ཁུངས་ཚན་པ་ཁག་གིས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་དགོས་རྒྱུ་དང་། སློབ་གྲྭའི་སློབ་ཁྲིད་ཐོག་བོད་སྐད་ཡིག་བེད་སྤྱོད་བྱེད་དགོས་རྒྱུའི་སྐོར་གྱི་བརྡ་ཐོ་ཐེངས་མང་བཀྲམས་པ་དང་། 1987ལོར་བོད་རང་སྐྱོང་ལྗོངས་སུ་བོད་སྐད་ཡིག་སློབ་སྦྱོང་བེད་སྤྱོད་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ཞེས་པ་གཏན་འཁེལ་བྱུང་ནས། 1988ལོ་ནས་དངོས་སུ་ལག་བསྟར་དོན་འཁྱོལ་བྱས་པ་ལ་སོགས་པའི་ཡང་དག་སྲིད་ཇུས་དང་ཁྲིམས་སྲོལ་གཏན་འབེབས་བྱུང་བས། བོད་སྐད་ཡིག་སློབ་གསོའི་ཐད་འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་འགན་ལེན་ཐོབ་ཡོད་པ་རེད།
གཉིས། བསླབ་གཞི་རྩོམ་སྒྲིག་གི་ཚན་པའམ་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཡོད་པ།
“1960ལོའི་ཟླ་བ་7པར། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནས་སློབ་ཆུང་བསླབ་གཞི་རྩོམ་སྒྱུར་ཚོགས་ཆུང་ཞེས་པ་སྒྲིག་འཛུགས་བྱས་ཡོད་པ་དང་། ཐོག་མར་ཁྱོན་བསྡོམས་ལས་དོན་མི་སྣ་5ཡོད་པ་དང་། 1962ལོའི་ཟླ་བ་11པར། ཀྲུང་གུང་བོད་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་ལྟར་སློབ་ཆུང་བསླབ་གཞི་རྩོམ་སྒྱུར་ཚོགས་ཆུང་འདི་ཉིད་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་རིག་སློབ་ཁྲུའུ་ཞེས་པར་བསྒྱུར་ཅིང་། དེའི་གཤམ་འོག་ཚན་པར་བཀོད་སྒྲིག་བྱས་ནས། ལས་དོན་ཐད་རིག་སློབ་ཁྲུའུ་སློབ་གསོ་ཚན་ཁག་ནས་འགན་འཁུར་བྱ་རྒྱུ་གཏན་འབེབས་བྱས་”[3]ཡོད་པ་མ་ཟད། དེའི་རྨང་གཞིའི་ཐོག་1964ལོར་རྩོམ་སྒྱུར་ཚོགས་ཆུང་ཞེས་པ་རྩོམ་སྒྱུར་ཁང་དུ་རིམ་འཕར་བྱས་པ་དང་། དེའི་འོག་ཏུ་སློབ་ཆུང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་དང་། སློབ་ཆུང་རྩིས་རིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་ལ་སོགས་ཚོགས་ཆུང་ཁག་བགོས་བྱས་ནས་ཆེད་ལས་རྩོམ་སྒྲིག་མི་སྣ་གཏན་འཁེལ་བྱུང་བ། ལས་དོན་མི་སྣའི་བསྡོམས་འབོར་ཡང་མི་གྲངས་22བར་འཕར་སྣོན་བྱུང་ཡོད། འོན་ཀྱང་1969ལོར། འགལ་རྐྱེན་ལ་བརྟེན་ནས་རྩོམ་སྒྱུར་ཚན་པ་འདི་ཉིད་ཕྱིར་འཐེན་བྱེད་དགོས་བྱུང་བ་དང་། སླར་ཡང་1972ལོའི་ཟླ་བ11པར། བོད་རང་སྐྱོང་ལྗོངས་གསར་བརྗེ་ལས་དོན་ཨུ་ཡོན་ལྷན་ཁང་གི་བོད་རང་སྐྱོང་ལྗོངས་ཆུང་འབྲིང་སློབ་གྲྭའི་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་ཞེས་པ་དབུ་བརྙེས་ཤིང་། 1978ལོར་རྩོམ་སྒྱུར་ཚོགས་ཆུང་འདི་ཉིད་བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ཁྲུའུ་ཞེས་པར་རིམ་འཕར་བྱུང་བ་དང་། དེའི་གཤམ་འོག་ཚན་པ་ཁག་དེ་བས་ཞིབ་ཚགས་སུ་བཅོས་ཤིང་། ལས་དོན་མི་སྣའི་བསྡོམས་གྲངས་ཀྱང་41བར་འཕར་སྣོན་བྱུང་ཡོད། 1987ལོར་ཚན་པ་འདི་ཁྲུའུ་རིམ་པ་ནས་ཅུས་རིམ་པར་འཕར་ཞིང་། ལས་དོན་མི་སྣ་སྒྲིག་བཀོད་100བར་འཕར་སྣོན་བྱས་པ་དང་། དེའི་གཤམ་འོག་ཚན་པ་དེ་བས་འཐུས་ཚང་དུ་བཅོས་སྒྲིག་བསྐྱར་མ་བྱས་ཡོད། 1996ལོའི་ཟླ་བ་9པར། ད་ལྟའི་བོད་རང་སྐྱོང་ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཞེས་པར་མིང་བསྒྱུར་བྱས་པ་དང་། སྔ་ཕྱི་བར་གསུམ་དུ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་རྩོམ་སྒྲིག་དང་ཞིབ་བཤེར་ལ་སོགས་པའི་ལས་དོན་གཉེར་བཞིན་ཡོད་པ་དེས། བོད་དུ་སྔར་མེད་པའི་བསླབ་གཞི་འཛུགས་སྐྲུན་གྱི་བྱ་གཞག་གསར་གཏོད་བྱས་ཡོད་ལ། བསླབ་གཞི་འཛུགས་སྐྲུན་ཐད་ལ་ཆེད་དུ་དམིགས་པའི་ལས་ཁུངས་ཚན་པ་དང་། ཆེད་ལས་ལས་དོན་མི་སྣ་བཀོད་སྒྲིག་བྱ་རྒྱུའི་ཐད་ལ་འགན་ལེན་ཐོབ་ཡོད།
གསུམ། ལས་དོན་གྱི་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།
བོད་ཞི་བས་བཅིངས་འགྲོལ་བྱུང་བ་ནས་བཟུང་། ཐོག་མར་སློབ་གྲྭ་ཁག་གི་བསླབ་གཞི་ནི་དགེ་རྒན་ནམ་སློབ་གྲྭ་སོ་སོས་རྩོམ་སྒྲིག་ཞུས་པ་འབའ་ཞིག་ཡིན་ཞིང་། 1960ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རིག་སློབ་ཁྲུའུ་བསླབ་གཞི་རྩོམ་སྒྱུར་ཚོགས་ཆུང་དབུ་བརྙེས་པ་དང་དུས་མཚུངས་སུ་རྒྱལ་ཡོངས་སུ་གཅིག་གྱུར་བེད་སྤྱོད་བྱེད་པའི་བསླབ་གཞི་དཔེར་བྱས་ཏེ། ས་གནས་བསླབ་གཞི་ཕུན་སུམ་ཇེ་ལེགས་སུ་གཏོང་དགོས་རྒྱུའི་བླང་བྱ་བཏོན་གནང་བ་ནས་རིམ་བཞིན་བོད་ཀྱི་དེང་རབས་སློབ་གསོའི་བསླབ་གཞི་འཛུགས་སྐྲུན་གྱི་བྱ་གཞག་འདི་ཉིད་དངོས་སུ་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཏུ་བསྐྱོད་འགོ་ཚུགས་པ་དང་། “1960ལོ་ནས་1977ལོ་བར་ཁྱོན་བསླབ་གཞི་རིགས་མི་འདྲ་བ་101འཛུགས་སྐྲུན་བྱས་ཡོད་པ་དེས། བོད་ཀྱི་དེང་རབས་སློབ་གསོ་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཟང་པོ་ཞིག་བཏིང་ཐུབ་པ་བྱུང་ཡོད།”[4]པ་དང་། 1978ལོའི་ཟླ་བ12པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་རྗེས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་དུས་མཚུངས་སུ་བོད་ཀྱི་མི་རིགས་སློབ་གསོའི་ལས་དོན་འདི་ཉིད་ཀྱང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་རྒྱས་འགྲོ་འགོ་བརྩམས་ཤིང་། བསླབ་གཞི་རྩོམ་སྒྲིག་བྱེད་ཕྱོགས་ལའང་ཚན་རིག་རང་བཞིན་དང་། ཤེས་བྱའི་རང་བཞིན། མ་ལག་གི་རང་བཞིན་ལྡན་དགོས་པའི་རྩ་དོན་གསལ་སྟོན་བྱུང་བ་མ་ཟད་། བསླབ་གཞི་རྩོམ་སྒྲིག་ལས་དོན་ཚ་ཚ་འུར་འུར་དུ་གཉེར་ཐུབ་པ་བྱུང་ཞིང་། 1981ལོར། ཆེས་ཐོག་མར་མཐོ་རིམ་སློབ་འབྲིང་གི་བོད་སྐད་ཡིག་བསླབ་གཞི་ཆ་ཚང་རྩོམ་སྒྲིག་བྱས་ཡོད་པ་དེས། རང་ལྗོངས་སུ་མཐོ་རིམ་སློབ་འབྲིང་གི་གཅིག་གྱུར་གྱི་བོད་སྐད་ཡིག་བསླབ་གཞི་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། ད་ལྟའི་བར་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་མི་འདྲ་བ་ཁག་ལྔ་རྩོམ་སྒྲིག་ལེགས་སྒྲུབ་བྱུང་བའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ནི། ལོ་ངོ་དུ་མའི་རིང་སློབ་ཆུང་དང་དམའ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་བྱས་པའི་ལས་དོན་གྱི་རྨང་གཞིའི་ཐོག་ཏུ་བྱུང་བའི་འཕེལ་རྒྱས་གསར་པ་ཞིག་ཡིན་ལ། ལོ་ངོ་དུ་མའི་རིང་སློབ་ཆུང་དང་དམའ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ལས་དོན་གྱི་རིན་ཐང་བྲལ་བའི་ཉམས་མྱོང་གསོག་འཇོག་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན།
གཉིས་པ། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་གི་རྣམ་པའི་འཕེལ་འགྱུར།
བོད་ཞི་བས་བཅིངས་འགྲོལ་ཐོབ་པ་དང་ལྷག་དོན་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བོད་སྐད་ཡིག་སློབ་གསོའི་འབྲེལ་ཡོད་སྲིད་ཇུས་དང་བསླབ་གཞི་འཛུགས་སྐྲུན་གྱི་ལས་དོན་ཚན་པ། དེ་བཞིན་བསླབ་གཞི་རྩོམ་སྒྲིག་ལས་དོན་གྱི་རྨང་གཞི་དང་ཉམས་མྱོང་བཅས་ཀྱི་མཐུན་རྐྱེན་འཛོམས་པར་བརྟེན་ནས། 1981ལོར་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་སྒྲིག་ཐེངས་དང་པོ་དངོས་སུ་དཔེ་སྐྲུན་བྱས་པ་དང་། 1988ལོར་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་སྒྲིག་ཐེངས་གཉིས་པ་དཔེ་སྐྲུན་བྱས་པ། དེ་རྗེས་རིམ་བཞིན་སྒྲིག་ཐེངས་གསུམ་པ་དང་བཞི་པ། དེ་བཞིན་སྒྲིག་ཐེངས་ལྔ་པའི་བསླབ་ཚན་གསར་པའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་བཅས་ཁྱོན་དེབ་གྲངས་32 རྩོམ་སྒྲིག་བྱས་ཡོད་པ་དེ་དག བོད་སྐད་ཡིག་བསླབ་གཞིའི་རང་ངོས་ཀྱི་དོན་དངོས་དང་བསྟུན་ནས། རྩོམ་བཏུས་ཀྱི་རྣམ་པ(文选式教材)དང་། སྡེ་ཚན་གྱི་རྣམ་པ(单元式教材)དེ་བཞིན་དུམ་ཆ་ཅན་གྱི་རྣམ་པ(模块式教材)བཅས་རྩོམ་སྒྲིག་གི་རྣམ་པ་མི་འདྲ་བ་ཁག་གསུམ་བྱུང་ཡོད།
(རེའུ་མིག1པོར་གསལ)
གཅིག རྩོམ་བཏུས་ཀྱི་བསླབ་གཞིའི་རྩོམ་སྒྲིག་རྣམ་པ།
འདིར་བརྗོད་པའི་རྩོམ་བཏུས་ཀྱི་བསླབ་གཞིའི་རྩོམ་སྒྲིག་རྣམ་པ་ཞེས་པ་ནི་རིག་ཚན་གྱི་ཤེས་བྱའི་མ་ལག་དང་དེ་བཞིན་སློབ་ཕྲུག་གི་ལོ་ནའི་ཁྱད་ཆོས་ལ་སོགས་པར་ལྟོས་ནས། སློབ་གསོའི་ནང་དོན་གང་རུང་ལྡན་པའི་རྩོམ་དཔེ་ཁག་གཅིག་བདམས་བཏུས་ཀྱི་སྒོ་ནས་རྩོམ་སྒྲིག་བྱས་པའི་བསླབ་གཞིའི་རྣམ་པ་ཞིག་ལ་བརྗོད་ཅིང་། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་སྒྲིག་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཚང་མ་རྩོམ་བཏུས་ཀྱི་རྩོམ་སྒྲིག་རྣམ་པའི་ཁོངས་སུ་གཏོགས་ཤིང་། བསླབ་གཞི་དེ་དག་ནི་1978ལོའི་སྐད་ཡིག་སློབ་ཁྲིད་རྩ་འཛིན་བོད་འགྱུར་བྱས་པའི་རྨང་གཞིའི་མཛུབ་ཁྲིད་འོག་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་། དེ་དག་ནི་སྐབས་དེའི་སློབ་ཁྲིད་རྩ་འཛིན་དང་། ལྷག་པར་དུ་1978ལོའི་ཟླ་བ12པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་རྗེས། བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་བྱེད་ཕྱོགས་ལ་ཚན་རིག་རང་བཞིན་དང་། ཤེས་བྱའི་རང་བཞིན། མ་ལག་གི་རང་བཞིན་ལྡན་དགོས་པའི་རྩ་དོན་གསལ་སྟོན་བྱུང་བ་དང་དུས་མཚུངས་སུ་རྩོམ་སྒྲིག་ལས་དོན་སྤེལ་ཞིང་། 1981ལོར་ཐོག་མར་དཔར་འདེབས་བྱས། སྐབས་དེའི་བསླབ་གཞི་རྩོམ་སྒྲིག་གི་དམིགས་ཡུལ་གཙོ་བོ་ནི“སློབ་འབྲིང་གི་བོད་ཡིག་སློབ་དེབ་ཆ་ཚང་བ་ཞིག་དགོས་གལ་ཤིན་ཏུ་ཆེ་བའི་”[5]དགོས་མཁོ་བསྐོང་ཆེད་དུ་ཡིན་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་བསླབ་གཞི་རྩོམ་སྒྱུར་ཁང་གཅིག་པོས་བསྒྲིགས་པ་ཞིག་ཡིན་པ་དང་། “1982ལོར་བོད་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་བོད་སྐད་ཡིག་སློབ་གཞི་མཉམ་སྒྲིག་བྱེད་རྒྱུའི་གྲོས་འཆམ་བྱུང་སྟེ་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞི་གཅིག་གྱུར་ཐོག་རྩོམ་སྒྲིག་བྱ་རྒྱུ་གཏན་ལ་ཕབ་དོན་ལྟར། སློབ་འབྲིང་དམའ་རིམ་གྱི་བོད་སྐད་ཡིག་སློབ་གཞི་བསྒྲིགས་པའི་རྨང་གཞིའི་ཐོག་ད་ཆ་མཐོ་རིམ་སློབ་དེབ་དྲུག་པོ་འདི་དག་རྩོམ་སྒྲིག་བྱས་ཟིན་”[6]ཞེས་པ་ལྟར། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་སྒྲིག་ཐེངས་གཉིས་པ་ནས་འགོ་ཚུགས་ཏེ། ཞིང་ལངས་ལྔའི་མཉམ་སྒྲིག་བསླབ་གཞིའི་རམ་སྒྲིག་འགོ་ཚུགས་ཤིང་། 1988ལོར་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི་ཞིང་ལྗོངས་ལྔའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་སྒྲིག་ཐེངས་གཉིས་པ་དེར།བོད་སྐད་ཡིག་རང་སྟེང་གི་སྙན་ངག་དང་བརྡ་སྤྲོད་ལ་སོགས་པའི་ཤེས་བྱའི་འཐུས་ཚང་རང་བཞིན་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། གཞན་ཡང་བསམ་བློ་ཀུན་སྤྱོད་སློབ་གསོའི་ཆ་ནས་རླབས་ཆེན་གཙོ་འཛིན་དང་གསར་བརྗེའི་དཔའ་བོའི་གསུང་རྩོམ་དང་མཛད་རྗེས་བོད་སྒྱུར་བྱས་པའི་ནང་དོན་མང་བ་ཞིག་ཡིན་ལ། 1993ལོར་དཔར་སྐྲུན་བྱས་པའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་སྒྲིག་ཐེངས་གསུམ་པ་དེར་སློབ་ཁྲིད་ཀྱི་རྩ་འཛིན་ལ་གཞི་འཛིན་བྱས་པའི་རྨང་གཞིའི་ཐོག “སློབ་ཕྲུག་གི་ལོ་ནའི་ཁྱད་ཆོས་དང་། དང་ལེན་བྱེད་པའི་ནུས་པར་”[7]བསམ་གཞིག་བྱས་ཡོད་པ་མ་ཟད། “སློབ་དེབ་རེ་རེས་གཙོ་གནད་ཀྱི་ཤེས་བྱ་རེ་རེ་ཐག་གཅོད་ཐུབ་ཕྱིར་རིག་ཚན་བསྡེབས་བསྒྲིགས་ཀྱིས་གཙོ་གནད་འབུར་ཐོན་བྱས་ཡོད་”[8]པ་ལ་སོགས་པའི་བསླབ་གཞི་རྩོམ་སྒྲིག་བྱེད་ཐབས་ཐད། བློ་བག་ཡངས་པོས་ཚོད་ལྟ་བྱས་ཡོད་པ་མ་ཟད། སློབ་གསོ་རིག་པའི་གཞུང་ལུགས་དང་། སློབ་གསོའི་རྩ་བའི་ཆོས་ཉིད་དང་བསྟུན་ཐབས་བྱས་ཡོད་པ་དེས། དུས་ཕྱིས་ཀྱི་བསླབ་གཞི་རྩོམ་སྒྲིག་ཐད་ལ་ཉམས་མྱོང་གསོག་འཇོག་བྱས་ཡོད། འོན་ཀྱང་སློབ་དེབ་རེ་རེས་གཙོ་གནད་ཀྱི་ཤེས་བྱ་རེ་རེ་ཐག་གཅོད་ཐུབ་ཕྱིར་རིག་ཚན་བསྡེབས་བསྒྲིགས་བྱས་པ་དེས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་བསྲིང་བྱ་རྒྱུར་འགོག་རྐྱེན་བཟོས་ཡོད་ལ།ཤེས་བྱའི་རྣམ་གྲངས་རེ་འགའ་མང་དྲགས་པའི་སྐྱོན་ཡང་ལྷག་ཡོད་དེ། སྐབས་དེའི་བསླབ་གཞི་རྩོམ་སྒྲིག་གི་ལས་དོན་དངོས་ལ་ཞུགས་མྱོང་བ་མ་ཟད། སློབ་ཁྲིད་ཀྱི་གཡུལ་ས་མདུན་མར་དགེ་རྒན་གནང་མྱོང་བའི་ལྷ་ས་སློབ་འབྲིང་གི་དགེ་རྒན་བཀྲ་ཤིས་དབང་འདུས་ལགས་ཀྱིས“སློབ་འབྲིང་གི་སྐབས་དེར་སྙན་ངག་གི་སློབ་ཚན་ཧ་ཅང་མང་སྐྱོན་ཆེ་བ། དག་ཡིག་ངག་སྒྲོན་ཡང་གནད་བསྡུས་བསྐྱར་བསྒྲིགས་སམ་གཞན་དག་བརྗེ་འཁྲོལ་”[9]དང་། དེ་བཞིན་དབུས་གཙང་ཁུལ་གྱི་དགེ་རྒན་རྣམ་པས་གླིང་སྒྲུང་སློབ་ཁྲིད་གནང་འདོད་མེད་པ་ལ་སོགས་པའི་གནད་དོན་ལ་དགོངས་འཆར་བཏོན་ཡོད་པ་ལྟ་བུ་རེད། རྩོམ་བཏུས་ཀྱི་རྣམ་པའི་ཐོག་ནས་རྩོམ་སྒྲིག་བྱས་པའི་བསླབ་གཞི་དེ་དག་གི་གྲུབ་ཚུལ་ཁྱད་ཆོས་ནི་སློབ་དེབ་རེ་རེར་ཆ་སྙོམས་སློབ་ཚན་16ནས་20བར་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་དེབ་རེ་རེའི་གྲུབ་ཚུལ་ནི། ཁ་ཤོག+དཀར་ཆག+སློབ་ཚན།(དངོས་གཞིའི་ནང་དོན། མིང་ཚིག་འགྲེལ་པ། སྦྱང་གཞི།)+རྩོམ་སྒྲིག་གསལ་བཤད།+རྒྱབ་ཤོག་བཅས་གོ་རིམ་བཞིན་བསྒྲིགས་ཡོད་པ་དང་། སྐབས་དེའི་རྩོམ་སྒྲིག་དང་དཔེ་སྐྲུན་ལ་སོགས་པའི་ཆ་རྐྱེན་ཅུང་ཞན་པའི་དངོས་ཡོད་ལ་བརྟེན་ནས་བསླབ་གཞིའི་ཁ་ཤོག་དང་བཅས་པར་མཛེས་རྩལ་རི་མོ་ལ་སོགས་པ་གཅིག་ཀྱང་མེད་པ་ལྟ་བུ་བསླབ་གཞིའི་སྤྱིའི་སྤུས་ཚད་ཀྱང་མིག་སྔའི་ངོས་ནས་བརྗོད་ན་ཅུང་ཞན་ཙམ་ཡོད་མོད། བོད་སྐད་ཡིག་རང་ངོས་ཤེས་བྱ་བཀོད་སྒྲིག་ཅུང་ཆ་ཚང་བ་མ་ཟད། སྒྱུར་རྩོམ་ཁག་གི་འགྱུར་སྤུས་ཤིན་ཏུ་དག་པ་དང་། བོད་སྐད་ཡིག་རང་སྟེང་གི་སྙན་ངག་དང་བརྡ་སྤྲོད་ལ་སོགས་པའི་ཤེས་བྱའི་འཐུས་ཚང་རང་བཞིན་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། གཞན་ཡང་བསམ་བློ་ཀུན་སྤྱོད་སློབ་གསོའི་ཆ་ནས་རླབས་ཆེན་གཙོ་འཛིན་དང་གསར་བརྗེའི་དཔའ་བོའི་གསུང་རྩོམ་དང་མཛད་རྗེས་བོད་སྒྱུར་བྱས་པའི་ནང་དོན་མང་བ་དང་། ལྷག་པར་དུ་བདམ་གསེས་བྱས་ཏེ་བཏུས་པའི་རྩོམ་དཔེ་དེ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཙམ་ལས། རྩོམ་ལུས་དང་དེ་བཞིན་མཚོན་ཐབས།བརྗོད་བྱ་ལ་སོགས་པའི་ཐད་ནས་གོ་རིམ་ངེས་ཅན་ཞིག་བསྒྲིགས་ཐབས་ཐད་ལ་དེ་ཙམ་དོ་སྣང་བྱས་མེད་པ་མ་ཟད། བོད་སྐད་ཡིག་རིག་ཚན་རང་ངོས་ཀྱི་ཆ་ནས་ཀྱང་ཤེས་བྱ་གསོག་འཇོག་གཙིགས་ཆེར་འཛིན་པ་ལས། འབྲི་ཀློག་ཉན་བཤད་ལ་སོགས་པའི་ནུས་རྩལ་སྦྱོང་བརྡར་ཐད་ལ་ཅུང་ལྷོད་གཡེང་དུ་ཤོར་ཡོད་པ་ནི་རྩོམ་བཏུས་ཀྱི་རྣམ་པའི་ཐོག་ནས་རྩོམ་སྒྲིག་བྱས་པའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞིའི་ཁྱད་ཆོས་གཙོ་བོ་ཞིག་ཡིན།
གཉིས། སྡེ་ཚན་གྱི་བསླབ་གཞིའི་རྩོམ་སྒྲིག་རྣམ་པ།
སྤྱི་ལོ་2000ལོ་ནས་བེད་སྤྱོད་བྱེད་འགོ་ཚུགས་པའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་བསྒྲིགས་ཐེངས་བཞི་པ་དེ་ཡིན་ཞིང་། བསླབ་གཞི་དེ་ནི་བློ་མཐུན་ཏེང་ཞའོ་ཕིང་གིས་སློབ་གསོ་ནི་དེང་རབས་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་སྒོ་ནས་སྤེལ་དགོས་ཞེས་གསུངས་པའི་རྩ་དོན་དང་། དེ་བཞིན་བློ་མཐུན་ཅང་ཙེ་མིན་གྱིས་རྒྱལ་ཡོངས་ཁྱོན་དུ་བྱང་ཚད་སློབ་གསོ་སྤེལ་དགོས་ཞེས་གསུངས་པའི་གལ་ཆེའི་བཀའ་སློབ་འོག་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ། བསླབ་གཞི་སྒྲིག་ཐེངས་དེའི་རྩོམ་སྒྲིག་བྱེད་ཐབས་ཐད། སྡེ་ཚན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད། དེ་ཡང“སྡེ་ཚན་གྱི་བསླབ་གཞི་རྩོམ་སྒྲིག་རྣམ་པ་ཞེས་པ་ནི། སློབ་ཁྲིད་ནང་དོན་གྱི་གྲུབ་ཆ་སྣ་ཚོགས་པ་དེ་དག་ཚད་གཞི་གང་རུང་ཞིག་ལ་བརྟེན་ནས་ཕྱོགས་གཅིག་ཏུ་གཅིག་བསྡུས་བྱས་ཏེ། སྡེ་ཚན་གྱི་རྣམ་པ་ཞིག་ཏུ་གྲུབ་པའི་བསླབ་གཞིའི་རྣམ་པ་ལ་བརྗོད།”[10]ཅེས་གསུངས་པ་ལྟར། སློབ་དེབ་རེ་རེར་སྡེ་ཚན་དྲུག་ནས་བརྒྱད་བར་འཆར་འགོད་བྱས་ཡོད་པ་དང་། སྡེ་ཚན་རེ་རེར་སློབ་ཚན་གསུམ་ནས་བཞི་བར་བཀོད་སྒྲིག་བྱས་ཤིང་། སློབ་དེབ་རེ་རེའི་གྲུབ་ཚུལ་ནི། ཁ་ཤོག+རྩོམ་སྒྲིག་གསལ་བཤད།(སློབ་ཁྲིད་གྲོས་གཞི)+དཀར་ཆག+སྡེ་ཚན།(སྡེ་ཚན་ངོ་སྤྲོད།+ སློབ་ཚན།+སྦྱང་བྱ་གཙོ་བོ།+མིང་ཚིག་འགྲེལ་པ།+སྦྱང་གཞི)+རྒྱབ་ཤོག་བཅས་གོ་རིམ་བཞིན་བསྒྲིགས་ཡོད་པ་དང་། སྡེ་ཚན་འཆར་འགོད་ཀྱི་རྣམ་པ་དེས། སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་སྟོན་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་ནི། དཔེར་ན། སྒྲིག་ཐེངས་དེའི་བསླབ་གཞི་དེབ་གཉིས་པར་ཆ་མཚོན་ན། སློབ་དེབ་ཧྲིལ་པོར་སྡེ་ཚན་བརྒྱད་འཆར་འགོད་བྱས་ཡོད་པ་དང་། དེ་དག་ལས་སྡེ་ཚན་དང་པོར། ལྗོངས་རྒྱུའི་ཟིན་ཐོའི་ལྷུག་རྩོམ་སློབ་ཚན་གསུམ་དང་བཅར་འདྲི་བྱེད་པ་དང་དྲིས་ལན་གདབ་སྟངས་ཀྱི་ཐད་ནས། སློབ་མའི་ཉན་བཤད་སྦྱོང་བརྡར་གྱི་སློབ་ཚན་གཅིག་འཆར་འགོད་བྱས་ཡོད་པ་དང་། སྡེ་ཚན་གཉིས་པར་གསར་འགྱུར་རྩོམ་ཡིག སྡེ་ཚན་གསུམ་པར་དགག་སྒྲུབ་རྩོམ་ཡིག སྡེ་ཚན་བཞི་པར་སྲོལ་རྒྱུན་སྙན་ངག་གི་ཚིག་རྒྱན་རིག་པའི་ཤེས་བྱ། སྡེ་ཚན་ལྔ་པར་བསྡུས་བརྗོད་ལྷུག་རྩོམ། སྡེ་ཚན་དྲུག་པར་གསལ་བཤད་རྩོམ་ཡིག སྡེ་ཚན་བདུན་པར་སླར་ཡང་སྲོལ་རྒྱུན་སྙན་ངག་གི་ཚིག་རྒྱན་རིག་པའི་ཤེས་བྱ། སྡེ་ཚན་བརྒྱད་པར་ལོ་རྒྱུས་ཤེས་བྱའི་སློབ་ཚན་བཅས་འཆར་འགོད་བྱས་ཡོད་ལ། སྡེ་ཚན་རེ་རེའི་གླེང་གཞིའི་ཚུལ་དུ་སྡེ་ཚན་གྱི་གསལ་བཤད་དང་། སློབ་སྦྱོང་གི་དམིགས་ཡུལ་སོགས་གསལ་སྟོན་བྱས་ཡོད་པ་མ་ཟད། སློབ་ཚན་རེ་རེ་ལའང་སྦྱང་བྱ་གཙོ་བོ་གཏན་འཁེལ་བྱས་ཡོད་པ་ལས། སྡེ་ཚན་གྱི་རྣམ་པ་ཅན་གྱི་བསླབ་གཞི་དེས། སློབ་ཁྲིད་ཀྱི་དམིགས་ཡུལ་ཤིན་ཏུ་ཁ་གསལ་བའི་ཐོག་ནས་གཏན་འཁེལ་བྱས་ཡོད། འོན་ཀྱང་མཐོ་འབྲིང་གནས་སྐབས་ཀྱི་སློབ་དེབ་ཁྱོན་དེབ་དྲུག་ཡོད་པ་དེ་དག་གི་སྡེ་ཚན་ཧ་ལམ་གཅིག་མཚུངས་ལྟ་བུ་ཡིན་པས། བསྐྱར་ཟློས་རང་བཞིན་ཤས་ཆེ་ཞིང་། སློབ་སྦྱོང་བྱེད་འདོད་ཀྱི་དང་བ་འདྲེན་མི་ཐུབ་པའི་སྐྱོན་ཆ་ཡང་མཆིས། གཞན་ཡང་སྒྲིག་ཐེངས་དེའི་བསླབ་གཞིར་བསྒྱུར་རྩོམ་གྱི་སློབ་ཚན་ཇེ་མང་དུ་བཏང་ཡོད་པ་དང་། དེ་དག་ལས་ཁག་གཅིག་ལ་འགྱུར་སྐྱོན་མང་བ་དང་། ལྷག་པར་རྩོམ་དཔེ་དུ་མ་ཞིག་རྒྱའི་སྐད་ཡིག་བསླབ་གཞི་ལས་བདམས་བསྒྱུར་བྱས་པ་ཞིག་ཡིན་སྟབས། རིག་ཚན་སོ་སོའི་བར་ལ་བསྐྱར་ཟློས་བྱེད་པའི་སྐྱོན་ཆ་ལྷག་ཡོད་ལ། མཚོན་སྟངས་དང་བསམ་བློ་སོགས་ཕྱོགས་དུ་མའི་ཐད་ནས་ཀྱང་བོད་རྩོམ་རྣལ་མའི་དོན་དངོས་དང་མ་མཐུན་སྟབས། “འགྱུར་ཡིག་ལ་བརྟེན་ནས་བོད་ཡིག་སློབ་པ་དེས། བོད་རིགས་ཀྱི་སྐད་དང་ཡི་གེའི་ལྷད་མེད་རང་བཞིན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད།”[11]ཅེས་དང་། འགྱུར་ཡིག་མང་དྲགས་པ་ལ་ལྟོས་ནས“བོད་སྐད་ཡིག་བསླབ་གཞིའི་ངོ་བོ་དེ་ཡང་རྒྱ་མ་བོད་ཅིག་ཏུ་གྱུར་ཡོད།”[12] ཅེས་སྨྲ་བ་ལྟ་བུའོ། །དེ་ཡང་སྒྲིག་ཐེངས་དེའི་བསླབ་གཞིའི་སྒྱུར་རྩོམ་ལ་བལྟས་ན། བསམ་བློ་ཆབ་སྲིད་ལ་དམིགས་པའི་སྒྱུར་རྩོམ་དང་། དེ་བཞིན་རྒྱལ་ནང་གི་གྲགས་ཆེ་བའི་རྩོམ་རིག་བརྩམས་ཆོས་སྒྱུར་མ། རྒྱལ་ཕྱིའི་གྲགས་རྩོམ་སྒྱུར་མ། གཞན་ཡང་དེང་རབས་གསར་དར་གྱི་རྩོམ་ཡིག་རྨང་གཞིའི་ཤེས་བྱའི་བསླབ་ཚན་སྒྱུར་མ་སྟེ། དཔེར་ན་བཅར་འདྲི་བྱེད་སྟངས་དང་། དྲི་བར་ལན་གདབ་ཚུལ་ཟེར་བ། དེ་བཞིན་གསར་སྒྱུར་རྩོམ་ཡིག་འབྲི་ཚུལ་ཞེས་པ་ལྟ་བུ་རྣམས་སོ། །དེ་དག་ལས་དགེ་སློབ་ཚང་མས་དགའ་པོ་བྱེད་པའི་སྒྱུར་རྩོམ་གྱི་རིགས་ནི། རྒྱལ་ཕྱིའི་གྲགས་རྩོམ་འགྱུར་མ་དང་། རྒྱལ་ནང་གི་གྲགས་ཆེ་བའི་རྩོམ་རིག་བརྩམས་ཆོས་འགྱུར་མ་ཡིན་པ་ལས། རྩོམ་ཡིག་གཞན་པ་གཉིས་པོར་དགའ་བསུ་དེ་ཙམ་ཐོབ་མེད། སྒྱུར་ཡིག་གི་སྤུས་ཚད་ཀྱང་དེའི་གོང་གི་བསླབ་གཞི་ལས་ཅུང་ཇེ་ཞན་དུ་ཕྱིན་ཡོད།
གཞན་ཡང་། སྡེ་ཚན་གྱི་རྣམ་པའི་ཐོག་ནས་རྩོམ་སྒྲིག་བྱས་པའི་བསླབ་གཞི་དེས། མངོན་གསལ་དོད་པོའི་སྒོ་ནས་དམའ་འབྲིང་དང་མཐོ་འབྲིང་གི་འབྲེལ་མཐུད་ཐད་ལ་གཙིགས་ཆེན་གནང་ཡོད་ལ། སློབ་མའི་བལྟ་ཀློག་ནུས་པ་དང་། རྩོམ་འབྲིའི་ནུས་པ། ཉན་བཤད་ནུས་པ། རྩོམ་རིག་མྱོང་དཔྱད་ནུས་པ། སྐད་ཡིག་བཀོལ་སྤྱོད་ནུས་པ་ལ་སོགས་པའི་ཐད་ལའང་དོ་སྣང་ཆེན་པོ་གནང་ཡོད་པ་མ་ཟད། བསམ་བློ་ཀུན་སྤྱོད་དང་། རྒྱལ་བབ་དང་ཡུལ་བབ་སློབ་གསོའི་ཐད་ལའང་དོ་སྣང་ཆེན་པོ་བྱས་ཡོད་པ་ནི། སྔར་གྱི་བསླབ་གཞི་དང་བསྡུར་ན། རྩོམ་སྒྲིག་གི་དགོངས་གཞིའི་ཐད་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། བོད་སྐད་ཡིག་སློབ་ཁྲིད་འདི་ཉིད་སྔར་བས་ལེགས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཉེར་ཐབས་ཐད་ལ་དེ་བས་དགོངས་པ་རྒྱ་ཆེན་བཞེས་ཡོད་ལ། ལྷག་པར་དུ“ད་བར་བོད་རིགས་ས་ཁུལ་ཡོངས་ཀྱིས་གོ་ཐུབ་པའི་སྤྱི་སྐད་ཅིག་གྲུབ་མེད་པ་དང་། ལྷག་པར་དུ་ཅུང་ཚད་ལྡན་དང་གཅིག་གྱུར་གྱི་སློབ་ཁྲིད་སྐད་བརྡ་ཞིག་དེ་བས་མེད་པའི་རྐྱེན་གྱིས་”[13]ཞེས་རྨང་གཞིའི་སློབ་གསོའི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལས་འགན་ལྕི་མོ་ཞིག་དང་། ནད་རྐྱེན་ཆེ་ཤོས་ཤིག་ལ་ངོས་འཛིན་གསལ་པོ་བྱུང་ཡོད་པ་ནི་བསླབ་གཞིའི་འཕེལ་རྒྱས་གསར་པ་ཞིག་དང་ལེགས་སྐྱེས་གསར་པ་ཞིག་ཡིན་ལ། དེས་དོན་སྙིང་ངོ་མའི་སྟེང་ནས་བོད་སྐད་ཡིག་འདི་ཉིད་བོད་སྤྱི་ལ་ཁྱབ་ཐུབ་པའི་ཐད་ལ་ཆེས་ཐོག་མར་དགོངས་བཞེས་མཛད་ཡོད་པ་མ་ཟད། མཉམ་སྒྲིག་བསླབ་གཞིའི་ཁྱད་ཆོས་དངོས་འབུར་དུ་ཐོན་ཡོད་ཅིང་། གཞན་ཡང་བསླབ་གཞི་རྩོམ་སྒྲིག་གི་ཆ་ནས་ཀྱང་སྡེ་ཚན་གྱི་རྣམ་པ་ཅན་གྱི་བསླབ་གཞི་རྩོམ་སྒྲིག་བྱེད་ཐབས་བེད་སྤྱད་པ་ཐོག་མ་ཡིན་ལ། སློབ་ཚན་རེ་རེར་སྦྱང་བྱ་གཙོ་བོ་གསལ་བཏོན་བྱས་ནས་དགེ་སློབ་ཀྱི་སློབ་ཁྲིད་དངོས་ལ་མཛུབ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
གསུམ། དུམ་ཆ་ཅན་གྱི་བསླབ་གཞིའི་རྩོམ་སྒྲིག་རྣམ་པ།
དུམ་ཆ(模块)ཞེས་པའི་ཐ་སྙད་འདི་ནི་2003ལོར་རྒྱལ་ཁབ་སློབ་གསོ་པུའུ་ནས་གཏན་ལ་ཕབ་པའི《མཐོ་རིམ་སློབ་འབྲིང་གི་བསླབ་ཚན་འཆར་འགོད(ཚོད་ལྟ)》ཅེས་པར་ཐོག་མར་ཐོན་ཡོད་ཅིང་། དེ་རྗེས་རིམ་བཞིན《སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་བསླབ་ཚན་གྱི་ཚད་གཞི(ཚོད་ལྟ)》དང་། ཚད་གཞི་དེ་གཞིར་འཛིན་ནས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི་སྐད་ཡིག་ངེས་སྦྱོང་དང་། འདེམ་སྦྱོང་བསླབ་གཞིར་ཐ་སྙད་དེ་བེད་སྤྱད་ཡོད་པ་རེད། རང་ལྗོངས་སུ་2009ལོར་གཏན་འབེབས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་འཆར་འགོད་ཇུས་གཞི(ཚོད་ལྟ)》ཞེས་པར།ཆེས་ཐོག་མར་དུམ་ཆ་ཞེས་པའི་ཐ་སྙད་དེ་ཐོན་ཡོད། བསྡོམས་རྩིས་རགས་ཙམ་བྱས་ན། རང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་འཆར་འགོད་ཇུས་གཞི་དེའི་ནང་དུམ་ཆ་ཞེས་པའི་ཐ་སྙད་དེ་ཁྱོན་ཐེངས་19ཙམ་ཐོན་འདུག གཞན་ཡང་། 2010ལོར། ལྗོངས་དང་ཞིང་ཆེན་ལྔའི་སློབ་གསོ་ཐིང་གིས་མཉམ་དུ་བསྒྲིགས་པའི《སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་བོད་སྐད་ཡིག་བསླབ་ཚན་གྱི་ཚད་གཞི(ཚོད་ལྟ)》ཁྲོད་ཀྱི་བསླབ་ཚན་འཆར་འགོད་ཀྱི་རིགས་ལམ་དང་། སློབ་དེབ་རྩོམ་སྒྲིག་གི་གྲོས་གཞི་ཞེས་པའི་ནང་གསེས་དོན་ཚན་དུ་ཡང་དུམ་ཆ་ཞེས་པའི་ཐ་སྙད་དེ་ཁྱོན་ཐེངས་10ཙམ་ཐོན་འདུག དེ་བཞིན་བོད་སྐད་ཡིག་བསླབ་ཚན་གྱི་ཚད་གཞི་དེའི་ནང་།ཐེངས་དང་པོར་དུམ་ཆ་ཞེས་པའི་བརྡ་ཆད་འདི་ཉིད་བོད་འགྱུར་གཏན་འབེབས་བྱས་ཡོད། “དུམ་ཆ་ཞེས་པ་ནི།རིག་ཚན་གྱི་རྨང་གཞིའི་ཐོག་སློབ་ཕྲུག་གི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་དོན་དངོས་ཟུང་འབྲེལ་བྱས་ཏེ། རིག་ཚན་གྱི་ནང་དོན་རྣམས་ལྟོས་བཅས་ཀྱིས་ཅུང་ཆ་ཚང་བའི་སློབ་སྦྱོང་གི་སྡེ་ཚན་འགའ་ཞིག་དུ་དབྱེ་བ་ལ་བརྗོད།”[14]ཅེས་གསུངས་པ་ལྟར། 2010ལོར་རང་ལྗོངས་སུ་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་གསར་པའི་བསྒྱུར་བཅོས་ལས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་དུས་མཚུངས་སུ་བེད་སྤྱོད་བྱེད་པའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་སྒྲིག་ཐེངས་ལྔ་པ་དེ་ནི་དེ་འདྲའི་དུམ་ཆ་ཅན་གྱི་རྩོམ་སྒྲིག་རྣམ་པ་ཞིག་ཡིན་ཞིང་། དེ་ཡང་དཔེར་ན། 《སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་བོད་སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི(ཚོད་ལྟ) 》སློབ་དེབ་རྩོམ་སྒྲིག་གི་གྲོས་གཞིའི་དོན་ཚན་དགུ་པར“ངེས་སྦྱོང་བསླབ་ཚན་གྱི་སློབ་དེབ་ནི་བསླབ་ཚན་གྱི་ནང་དོན་ཕྱོགས་བསྡུས་ཀྱིས་དུམ་ཆ་ལྔ་རུ་འཆར་འགོད་བྱས་ཆོག་ལ། ལྟ་ཀློག་དང་མྱོང་དཔྱད་དང་། གོ་བརྡ་སྤྲོད་པ་དང་བརྗེ་རེས་ཀྱི་དམིགས་ཚད་ལྟར་ཁག་བགོས་ནས་རྩོམ་སྒྲིག་བྱས་ཏེ། སློབ་གྲྭས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་རང་ངོས་ནས་དུམ་ཆ་ལྔར་དབྱེ་ཆོག་པ་ཞིག་བཟོས་ཀྱང་ཆོག”[15]ཅེས་འཁོད་ཡོད་པ་ལྟར་ཡིན།“སྤྱི་ལོ་2010ལོའི་ཟླ་བ་9ནས་ལྗོངས་ཞིང་ལྔའི་བོད་རིགས་སློབ་འབྲིང་ཁག་ཏུ་བེད་སྤྱོད་གཏོང་འགོ་ཚུགས་པའི་མཐོ་འབྲིང་གི་བསླབ་ཚན་ཚད་གཞིའི《སྐད་ཡིག》བསླབ་གཞི་ནི། ལྗོངས་ཞིང་ལྔའི་སློབ་གསོ་ཐིང་གིས་མཉམ་འབྲེལ་གྱིས་གཏན་ལ་ཕབ་ཅིང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་བའི་མཐོ་རིམ་སློབ་འབྲིང《སྐད་ཡིག་བསླབ་ཚན་ཚད་གཞི》གཞིར་བཟུང་ནས་བསྒྲིགས་པ་ཡིན་”[16]ཞེས་གསུངས་པ་ལྟར། དུམ་ཆ་ཅན་གྱི་བསླབ་གཞི་འདིར། ངེས་སྦྱོང་དང་འདེམ་སྦྱོང་ཞེས་དུམ་ཆ་ཆེ་བ་གཉིས་སུ་དབྱེ་ཡོད་པ་མ་ཟད། དུམ་ཆ་ཆེ་བ་དེ་གཉིས་ལའང་སླར་ཡང་དུམ་ཆ་ཆུང་བ་ཁ་ཤས་སུ་འཆར་འགོད་བྱས་ཡོད་ཅིང་། དེ་ལྟར་འཆར་འགོད་བྱེད་དགོས་དོན་ནི། སྤྱིར་ན་སྐད་ཡིག་བསླབ་ཚན་ཚད་གཞིའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་དང་། སྒོས་སུ་རིག་ཚན་རང་ངོས་ཀྱི་ཤེས་བྱའམ་ནུས་རྩལ་གྱི་ནང་དོན་རྣམས་ཁག་ཁག་སོ་སོར་བགོས་ཏེ།(རེའུ་མིག་གཉིས་པར་གསལ)བསླབ་ཚན་འཆར་འགོད་ཀྱི་ཇུས་གཞིའི་སྟེང་ནས་དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་གཉིས་ཀར་གུ་ཡངས་དང་རང་དབང་ཆེ་བའི་བར་ཁམས་ཤིག་བསྐྲུན་ཡོད་ལ། སྤྱི་སྙོམས་ཀྱི་རང་བཞིན་ནས་རང་གཤིས་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་མ་ཟད། རྒྱུགས་བསྟུན་སློབ་གསོའི་ཆིངས་རྒྱ་ལས་གྲོལ་ཐབས་བྱས་ཡོད་ལ། ངག་བསྐྱོར་བློ་འཛིན་ཁོ་ན་ཙམ་མ་ཡིན་པར་སྐད་ཡིག་གི་གོ་ལེན་དང་། སྐད་ཚོར་ལ་སོགས་པའི་ཐད་ལ་དགོངས་བཞེས་གང་ལེགས་མཛད་ཡོད། གཞན་ཡང་བསླབ་ཚན་དམིགས་ཚད་ཀྱི་དགོངས་དོན་ལྟར། རྩོམ་རིག་བསླབ་ཚན་གྱི་འདུས་ཚད་ཇེ་མང་དུ་བཏང་ནས། ལྟ་ཀློག་དང་རང་འགུལ་སློབ་སྦྱོང་ལ་སྐུལ་འདེད་བཏང་ཡོད་པ་དང་། སློབ་མའི་བསམ་གཞིག་གི་ནུས་པ་གསོ་སྐྱོང་བྱ་རྒྱུར་དེ་བས་དོ་སྣང་ཆེན་པོ་མཛད་ཡོད། བསླབ་གཞི་རྩོམ་སྒྲིག་བྱེད་ཐབས་ཀྱི་ཆ་ནས་ཀྱང་ངེས་སྦྱོང་དང་འདེམ་སྦྱོང་གི་དབྱེ་བ་ཡོད་ལ། དུམ་ཆ་ཅན་གྱི་རྩོམ་སྒྲིག་བྱེད་ཐབས་འདི་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཐད་བེད་སྤྱོད་གནང་ཡོད་པ་ནི་འཕེལ་རྒྱས་གསར་པ་ཡིན་པར་འདོད།
གསུམ་པ། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞིའི་རྩོམ་སྒྲིག་རྣམ་པའི་འཕེལ་འགྱུར་གྱི་དོན་སྙིང་།
བསླབ་གཞི་ནི་དེང་རབས་སློབ་གསོའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ། སློབ་ཁྲིད་ལག་ལེན་ཁྲོད་ཀྱི་གཞི་འཛིན་དང་པོ་དེ་ཡིན་པས། དུས་རབས་ཕྱེད་ཀ་ལྷག་རིང་གི་འབད་བརྩོན་བརྒྱུད། མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་རྣམ་པ་འདི་ཉིད་ཆེས་ཐོག་མའི་སྟབས་བདེའི་རྣམ་པ་ཙམ་ནས་རིམ་བཞིན་འཐུས་ཚང་ཅན་དུ་འཕེལ་འགྱུར་བྱུང་བ་དང་། དེ་བཞིན་ཆེས་ཐོག་མའི་སྟབས་བདེའི་རྣམ་པ་ཙམ་ནས་དོན་སྙིང་ངོ་མའི་སྟེང་ནས་སློབ་མའི་སློབ་སྦྱོང་གི་དངོས་ཡོད་དང་མཐུན་ལ། སློབ་གསོ་རིག་པ་ལ་སོགས་པའི་འབྲེལ་ཡོད་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་དང་མཐུན་པ་མ་ཟད། སློབ་གསོ་སློབ་ཁྲིད་ལས་དོན་གྱི་རྩ་བའི་ཆོས་ཉིད་དང་མཐུན་པ་བྱུང་ཡོད་པས། དེས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་སློབ་གསོ་གོང་འཕེལ་ཐད་ལ་དོན་སྙིང་ཆེན་པོ་ལྡན་ཡོད།
གཅིག མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་རྣམ་པའི་ཐད་ལ་འཕེལ་འགྱུར་ཆེན་པོ་བྱུང་བ་དེ་ནི། བོད་ལ་ཞི་བས་བཅིངས་འགྲོལ་ཐོབ་པ་དང་། ལྷག་པར་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་བོད་སྐད་ཡིག་སློབ་གསོའི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད། དེ་ནི་རང་རེའི་ཏང་གིས་མི་རིགས་རང་སྐྱོང་སྲིད་ཇུས་ལ་སོགས་བོད་དུ་ཡང་དག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་པའི་གལ་ཆེའི་མཚོན་ཚུལ་ཞིག་ཡིན་ལ། ཕུལ་དུ་བྱུང་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་གལ་ཆེའི་མངོན་ཚུལ་ཞིག་ཀྱང་ཡིན། སྔ་ཕྱི་བར་གསུམ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གསོར་མཐོང་ཆེན་བྱས་ཏེ། བོད་ཀྱི་ཡུན་རིང་བརྟན་ལྷིང་དང་། མཐའ་མཚམས་སྲ་བརྟན་ཡོང་བའི་ཐད་ལ་ཆབ་སྲིད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད།
གཉིས། རྒྱལ་ཁབ་ཀྱི་སློབ་གསོའི་དམིགས་ཚད་དང་། ལྷག་པར་བྱང་ཚད་སློབ་གསོ་དང་བསླབ་ཚན་གསར་པའི་དགོངས་དོན་དང་འཚམ་པའི་སྒོ་ནས་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་འདི་ཉིད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་ཐབས་དང་། ལྷག་དོན་ལྗོངས་དང་ཞིང་ཆེན་ལྔའི་བོད་སྐད་ཡིག་བསླབ་གཞི་གཅིག་གྱུར་བྱུང་བ་དེས། ས་ཁུལ་དང་ཞིང་ཆེན་ཁག་དབར་གྱི་བོད་སྐད་སྨྲ་ཞིང་བོད་ཡིག་སྤྱོད་པའི་མི་རྣམས་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་། དཔལ་འབྱོར་ཉོ་ཚོང་། དེ་བཞིན་ཕན་ཚུན་འགྲོ་འོང་བྱེད་པར་སྟབས་བདེ་སྐྲུན་ཡོད་པ་མ་ཟད། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཡོངས་སུ་འཚམ་པའི་འཇོན་ནུས་ངེས་ཅན་ལྡན་པའི་ལས་དོན་མི་སྣ་སྐྱེད་བསྲིང་བྱ་རྒྱུའི་ཐད་ལའང་དོན་སྙིང་ཆེན་པོ་ལྡན་ཡོད།
གསུམ། བོད་སྐད་ཡིག་སློབ་གསོ་འདི་ཉིད་ཚན་རིག་དང་མཐུན་ཞིང་། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཐབས་དང་། དེ་བཞིན་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་གལ་ཆེའི་མཛུབ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་མ་ཟད། ལྷག་པར་དུ་མ་འོངས་པར་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་དང་། འཛུགས་སྐྲུན་བྱ་ཐབས་ཐད་ལ་རིན་ཐང་བྲལ་བའི་ལས་དོན་ཀྱི་ཉམས་མྱོང་དུ་མ་གསོག་འཇོག་བྱས་ཡོད།
བཞི། དགེ་རྒན་གྱི་བསླབ་གཞིའི་ལྟ་ཚུལ་དང་སློབ་ཁྲིད་ཐབས་ཤེས་ལེགས་བཅོས་བྱ་རྒྱུ་དང་། དེ་བཞིན་སློབ་ཕྲུག་གི་སློབ་སྦྱོང་གི་འདུ་ཤེས་དང་སློབ་སྦྱོང་གི་གོམས་གཤིས་ལེགས་བསྒྱུར། རང་འགུལ་སློབ་སྦྱོང་གི་ནུས་པ་གསོ་སྐྱོང་བྱ་རྒྱུ། གཞན་ཡང་སློབ་མའི་རྒྱུད་ཀྱི་སྐད་ཡིག་ཤེས་བྱ་དང་བཀོལ་སྤྱོད་ཀྱི་འཇོན་ནུས་མཐོར་འདེགས་ཡོང་རྒྱུ་ལ་སོགས་པའི་ཐད་ལའང་གལ་ཆེའི་དོན་སྙིང་ལྡན་ཡོད།
མདོར་ན། ལོ་ངོ་དྲུག་ཅུ་ལྷག་གི་རིང་རྨང་གཞིའི་སློབ་གསོའི་བོད་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་གི་རྣམ་པ་མི་འདྲ་བ་སོ་སོར་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་དང་། ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ཏེ། བོད་ཀྱི་བསླབ་གཞིའི་སྤུས་ཚད་ཇེ་ལེགས་ཇེ་བཟང་དུ་བཏང་ནས་བོད་སྐད་ཡིག་སློབ་གསོ་འདི་ཉིད་རིག་པའི་གཞུང་ལུགས་དང་མཐུན་ལ། དངོས་ཡོད་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་ཞིང་། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་པ་མ་ཟད། བོད་སྐད་ཡིག་སློབ་གསོ་ཁྲིམས་མཐུན་དང་། བདེ་ཐང་།ནུས་ལྡན། ལུགས་མཐུན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་ཐབས་བྱེད་དགོས་སྙམ་མོ། །
དཔྱད་གཞིའི་ཡིག་ཆ།
[1] 周炜.中国少数民族语言权益保护研究[M].中国藏学出版社,2013.3(1):64.
[2] 周炜.中国少数民族语言权益保护研究[M].中国藏学出版社,2013.3(1):65.
[3] 西藏自治区地方志编纂委员会.西藏自治区教育志[M].西藏人民出版社,2005(1):231.
[4] 索朗丹增.西藏教材编译事业取得辉煌成就.西藏教育[J].2011(11):11.
[5] བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་སློབ་གཞི་རྩོམ་སྒྱུར་ཁང་ནས་བསྒྲིགས། བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་འབྲིང་གི་སློབ་དེབ། ཚོད་ལྟ། སྐད་ཡིག དེབ་དང་པོ། 1983ལོའི་ཟླ་6པ། ལྷ་སར་པར་གཞི་དང་པོའི་ཐེངས་3པ། ཤ204
[6] ལྗོངས་དང་ཞིང་ཆེན་ལྔའི་མཉམ་སྒྲིག་བསླབ་གཞི། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་བཞི་པ། 1988ལོའི་ཟླ་བ་8པར་གཞི་གཉིས་པ། ཤ 163
[7] ལྗོངས་དང་ཞིང་ཆེན་ལྔའི་མཉམ་སྒྲིག་བསླབ་གཞི། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་བཞི་པ། 1994ལོའི་ཟླ་བ་4པར་གཞི་དང་པོ། གསལ་བཤད།
[8] ལྗོངས་དང་ཞིང་ཆེན་ལྔའི་མཉམ་སྒྲིག་བསླབ་གཞི། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་བཞི་པ། 1994ལོའི་ཟླ་བ་4པར་གཞི་དང་པོ། གསལ་བཤད།
[9] སྐལ་རྡོར་དང་ཟླ་བ་རྡོ་རྗེས་བསྒྲིགས། སློབ་ཁྲིད་ཞིབ་འཇུག་གནས་ཚུལ། ལྷ་ས་སློབ་གྲྭ་འབྲིང་བའི་སློབ་ཁྲིད་ཞིབ་འཇུག་ཧྲེ།
1991ལོའི་དེབ་དང་པོ། ལྷ་ས་སློབ་འབྲིང་གི་དགེ་རྒན་གྱི་དཔྱད་རྩོམ་དུས་དེབ། ནང་ཁུལ་དཔྱད་གཞི།
[10] 蔡灵杰.语文教材单元的研究——以上海高中试用本为例[J].上海师范大学硕士论文,2012(4):5.
[11] 卢亚军,马进武.九年义务教育藏语文教材建设刍议[J].西北民族大学学报(哲学社会科学版),2003(1):114.
[12] 卢亚军,马进武.九年义务教育藏语文教材建设刍议[J].西北民族大学学报(哲学社会科学版), 2003(1):114.
[13] ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ། སྐད་ཡིག དེབ་གསུམ་པ། 2001ལོའི་ཟླ་བ་5པར་གཞི་དང་པོ། ཤ3
[14] 郑国民.关于构建基础性与选择性相统一的高中语文课程结构的认识[J].语文学习,2003(6).
[15] བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་སློབ་གསོ་ཐིང་ལྔས་མཉམ་འབྲེལ་ཐོག་གཏན་ལ་ཕབ། མཐོ་རིམ་སློབ་འབྲིང་། སྐད་ཡིག་བསླབ་ཚན་གྱི་ཚད་གཞི།(ཚོད་ལྟ) [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2010ལོའི་ཟླ་བ་5པར་གཞི་དང་པོ། ཤ57
[16] ཟོན་ཐར་རྒྱལ། མཐོ་འབྲིང་གི་སྐད་ཡིག་བསླབ་ཚན་ཚད་གཞིའི《སྐད་ཡིག》(ངེས་སྦྱོང)སློབ་དེབ་ངོ་སྤྲོད།[J] བོད་ལྗོངས་སློབ་གསོ། 2010ལོའི་དུས་དེབ་དྲུག་པ། ཤ1.