བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་གཏན་སྲོལ་དང་རྩ་དོན།
ལི་ཏེ་ཁྲེང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08
ཨ་མེ་རི་ཁའི་ས་གནས་དེ་གའི་དུས་ཚོད་ཟླ་12པའི་ཚེས་27ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐེ་རོན་ཕུ་ཡིས་རྒྱལ་ཚོགས་གྲོས་འཆམ་བྱུང་བའི“2020ལོའི་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི”ཞེས་པའི་སྟེང་ མིང་རྟགས་བཀོད། ཁྲིམས་གཞི་དེ་ཡིས་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཇུས་གཏོགས་བྱས་པ་སྟེ། དེ་རུ“སྐུ་སྐྱེ་རང་ནི་ཁོང་ཉིད་གནས་གང་དུ་ཇི་ལྟར་སྐྱེ་བ་ལེན་པ། ཇི་ལྟར་ཡང་སྲིད་ཐག་གཅོད་པ། ཡང་ན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དགོས་མིན་གྱི་ཁྲིམས་མཐུན་དབང་ཆ་ཡོད་མཁན་གཅིག་པུ་ཡིན།”ཞེས་བརྗོད། ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་ལྟར་བླ་སྤྲུལ་ཡང་སྲིད་ལས་དོན་དོ་དམ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་ཆོས་པའི“ཆོས་ལུགས་རང་དབང”ལ་བཙན་གནོད་བྱས་པར་དམའ་འབེབས་བཏང་། ཀུན་གྱིས་ཤེས་གསལ་ལྟར། བླ་སྤྲུལ་གྱི་ཡང་སྲིད་ལས་དོན་ནི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ལྷད་མེད་ཅིག་མ་ཡིན་པར་མ་ཟད། དམིགས་ཡུལ་གཞན་ཡོད་མཁན་དག་གིས་བཤད་པ་ལྟར་ཡང་སྲིད་རང་ཉིད་ནི“ཁྲིམས་མཐུན་དབང་ཆ་ཡོད་མཁན་གཅིག་པུ”ཡིན་ཟེར་བ་ཀུན་ནས་མ་ཡིན་པར། དེ་ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་། སྲིད་གཞུང་གི་དབང་ཤུགས། ཆོས་ལུགས་ཀྱི་རྩ་དོན། དད་ལྡན་མང་ཚོགས་ཀྱི་བརྩེ་དུང་སོགས་ཕྱོགས་བསྡུས་ཀྱིས་མཚོན་ཡོད། བླ་སྤྲུལ་ཡང་སྲིད་ལམ་ལུགས་ནི་ལོ་ངོ་བརྒྱ་ཕྲག་རིང་གི་འཕེལ་རྒྱས་དང་འཕོ་འགྱུར་བརྒྱུད་དེ་རིམ་བཞིན་གཟབ་ནན་དང་ཚགས་དམ་པའི་ཆོས་ལུགས་ཀྱི་ཆོ་ག་ཆ་ཚང་ཞིག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་གྲུབ། དེར་གཙོ་བོ་སྐུ་སྐྱེ་རྒྱལ་ནང་དུ་འཚོལ་བ་དང་། ངོས་འཛིན། ཁྲི་འདོན་སོགས་ཀྱི་ནང་དོན་ཡོད། དེ་ལས་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་ནི་གསེར་བུམ་དཀྲུག་འདོན་གྱི་བྱེད་ཐབས་སྤྱད་དེ་ངོས་འཛིན་པ་དང་། ཀྲུང་དབྱང་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཞུས་ཏེ་ཁྲི་འདོན་བྱེད་པ་ནི་ལོ་རྒྱུས་ཀྱི་གཏན་སྲོལ་དུ་གྱུར། རྒྱལ་ནང་དུ་སྐུ་འཚོལ་བའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ཡང་སྔ་མོ་ནས་བླ་སྤྲུལ་ཡང་སྲིད་ལ་འགྱུར་བཅོས་བྱེད་མི་རུང་བའི་རྩ་དོན་གལ་ཆེན་དུ་གྱུར་ཡོད་དོ། །
གཅིག བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ནི་ངེས་པར་དུ་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་བྱེད་དགོས།
བླ་མའི་ཡང་སྲིད་ནི་ཐོག་མར་གཙོ་བོ་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་དབུ་ཁྲིད་ཀྱི་རྒྱུད་འཛིན་ཁྲི་འདོན་ལས་བྱུང་བ་ཡིན། བོད་ལྗོངས་རྙིང་པའི“ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་འོག །རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པ་དང་། ཆོས་ལུགས་དབུ་ཁྲིད་ཀྱི་བཀའ་ལ་ཉན་པ་ཡིན། བླ་མ་དང་ཁྱད་པར་དུ་བླ་སྤྲུལ་ཆེ་ཁག་གི་ཆོས་ལུགས་དབུ་ཁྲིད་ཀྱི་གོ་སའི་དབང་གིས་བོད་ཀྱི་སྤྱི་ཚོགས་ཀྱི་ཆོས་སྲིད་སྟོབས་ཤུགས་སྣ་ཚོགས་ཀྱིས་བླ་མའི་ཡང་སྲིད་ཀྱི་གཙོ་ཁྲིད་དབང་ཆ་འཕྲོག་རྩོད་དང་། བླ་མའི་ཡང་སྲིད་ལས་དོན་གྱི་ཚོད་འཛིན་བྱུང་སྟེ། བླ་མའི་ཡང་སྲིད་ལམ་ལུགས་ཀྱི་གདོད་མའི་དྭངས་གཙང་གི་དོན་སྙིང་རིམ་བཞིན་འགྱུར་ནས་བསླད་སྐྱོན་བྱུང་སྟེ་དམ་པའི་ཆོས་ལ་ཉེ་ཞོ་ཅི་རིགས་བྱུང་། ཐ་ན་སྤྱི་ཚོགས་གཏན་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡང་བྱུང་། གནད་དོན་འདི་གསལ་པོར་རྟོགས་པས་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བླ་མའི་ཡང་སྲིད་ཀྱི་སྒྲིག་ལམ་འཐུས་ཚང་དུ་གཏོང་ཆེད། 1793ལོར་གསེར་བུམ་དཀྲུགས་པའི་ལམ་ལུགས་ལག་དུ་བསྟར། འདི་ལ་སྔོན་གྱི་བླ་མའི་ཡང་སྲིད་ངོས་འཛིན་ཁྲོད་ཀྱི་བསླད་སྐྱོན་སྣ་ཚོགས་སྔོན་འགོག་བྱེད་པའི་ཕན་པ་ལྡན་པར་མ་ཟད། བླ་མའི་ཡང་སྲིད་སྐོར་གྱི་གཞུང་དོན་དང་སྲོལ་རྒྱུན། མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལ་བརྩི་བཀུར་གནང་བ་ཡང་མཚོན་ཐུབ། ལྷག་པར་དུ་ཀྲུང་དབྱང་སྲིད་གཞུང་གི་བླ་མའི་ཡང་སྲིད་ཐད་ཀྱི་དབང་ཤུགས་ཀྱང་མཚོན་པ་ཡིན་ནོ། །
བླ་མའི་ཡང་སྲིད་ངོས་འཛིན་ཁྲོད་གནས་པའི་བསླད་སྐྱོན་སེལ་བའི་ཆེད་དུ། གོང་མ་ཆན་ལུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི“ཁྲིམས་སྲོལ་གྱིས་ཡུན་རིང་རྒྱུན་གཏན་ཡོང་བའི”ཞུ་བ་དང་དུ་བླངས་ནས། 1792ལོར་དམག་དཔུང་བོད་དུ་མངགས་ཏེ་གོར་ཥའི་བཙན་འཛུལ་བ་ཕར་བསྐྲད་དེ་རྒྱལ་ཁ་བླངས། བཀའ་བབས་ནས་བོད་བསྐྱོད་དཔོན་རིགས་ཀྱིས་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་ལ་གྲ་སྒྲིག་བྱེད་དུ་བཅུག ཕྱི་ལོར་ཆིང་སྲིད་གཞུང་གིས《བོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུ》དངོས་སུ་ཁྱབ་བསྒྲགས་བྱས། རྩ་ཚིག་གི་དོན་ཚན་དང་པོར་གཏན་འབེབས་གནང་བ་ནི། “སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་སྐོར། སོ་སོས་རྩད་གཅོད་ངེས་ཏིག་བྱས་ངོས། ཆོས་སྐྱོང་བཞི་ལ་ལུང་ཞུས་ཐོག་གོང་ནས་བསྩལ་བའི་གསེར་བུམ་ནང་དུ་སྐུ་སྐྱེ་དོགས་གནད་ཡོད་རིགས་ཀྱི་མིང་དང་། ལོ་ཟླ་དུས་ཚེས་ཤིང་བྱང་ཐོག་བཀོད་པ་བཅུག་སྟེ། བླ་མ་ཡོན་ཏན་བཟང་བ་འདེམ་སྒྲུག་གིས་ཞག་བདུན་རིང་སྐུ་རིམ་བྱས་རྗེས། ཧོ་ཐོག་ཐུ་རྣམས་འཛོམས་ནས་ཇོ་བོའི་སྐུ་མདུན་དུ་ངོས་འཛིན་བྱེད་དགོས།” ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་ལྟ་བའི་སྐུ་སྐྱེ་ངོས་འཛིན་སྐབས། ཁོང་ཅག་གི་མཚན་ངེས་པར་མཉྫུ་དང་། རྒྱ་བོད་བཅས་ཀྱི་ཡི་གེ་སྣ་གསུམ་ཤིང་བྱང་ལ་བྲིས་ཏེ་མཉམ་དུ་སྤེལ་བ། འདི་དག་ཚང་མ་གོང་མ་ཆེན་པོས་དགེ་ལུགས་པའི་བསྟན་པ་རྒྱས་པ་དང་ཆོས་སྐྱོང་གིས་རྫུན་བཟོ་གཡོ་ལས་མི་བྱེད་པའི་ཆེད་དུའོ། །
སྒྲིག་ཡིག་ཁྱབ་བསྒྲགས་བྱས་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་གཙོ་བྱས་པའི་བོད་ས་གནས་སྲིད་གཞུང་གིས་སྒྲིག་ཡིག་དང་འབྲེལ་ཡོད་ཡིག་ཆ་བོད་ཡིག་ཏུ་བསྒྱུར་ཏེ། དེ་དུས་ཆེས་གལ་ཆེ་བའི་ཁྲིམས་ཡིག་ཏུ་བརྩིས་ནས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་བཀྲམ། ལོ་དེ་ནི་བོད་ཀྱི་ཆུ་གླང་ལོ་ཡིན་པས《ཆུ་གླང་ཞིབ་གཞུང》ཞེས་བརྗོད་དོ། །དེ་དང་མཉམ་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་བོད་ཀྱི་ཡུལ་ཀུན་ཏུ《ཆུ་གླང་རྩ་ཚིག》བཀྲམ་ནས་གསེར་བུམ་དཀྲུག་པའི་བྱེ་བྲག་གི་བྱེད་ཐབས་ཞིབ་གསལ་གཏན་འབེབས་གནང་། 《ཆུ་གླང་ཞིབ་གཞུང》དང་། ཁྱད་པར་དུ་《ཆུ་གླང་རྩ་ཚིག》གིས་རྩ་ཚིག་གི་ཁྲིམས་ལུགས་དགོངས་དོན་ཡོངས་སུ་མངོན་པར་མ་ཟད། ད་དུང་རྩ་ཚིག་གིས་གཏན་འབེབས་གནང་བའི་གསེར་བུམ་དཀྲུག་འདོན་གྱི་རྩ་དོན་ཆ་ཚང་མངོན་ཡོད། གསེར་བུམ་དཀྲུག་འདོན་གྱི་ལམ་ལུགས་ལག་བསྟར་བྱས་པའི་གལ་ཆེའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡང་ཡིན་ནོ། །
གསེར་བུམ་དཀྲུག་པའི་ལམ་ལུགས་ལག་བསྟར་བྱས་རྗེས། ཆིང་ཀྲུང་དབྱང་སྲིད་གཞུང་གིས་ད་དུང“ཁྲིམས་སྲོལ”དང“རྒྱུན་སྲོལ”སོགས་ཁྲིམས་ལུགས་ཀྱི་རྣམ་པས《ཆིང་གི་ཁྲིམས་སྲོལ་དཔེ་མཚོན་དང》དང《བོད་དོན་ལས་འཛིན་གླིང་གི་རྒྱུན་སྲོལ》སོགས་ཁྲིམས་ལུགས་ལམ་ལུགས་ཁྲོད་དུ་བཀོད། དེ་ནི་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བླ་མའི་ཡང་སྲིད་ལས་དོན་དོ་དམ་གྱི་ལོ་རྒྱུས་གཏན་སྲོལ་དུ་ཆགས། གསེར་བུམ་དཀྲུག་འདོན་ལག་བསྟར་བྱེད་པའི་གཞི་རྩའི་དམིགས་ཡུལ་ནི་བླ་མའི་སྐུ་སྐྱེ་ངོས་འཛིན་ཐད་དབང་ཆ་གང་འདོད་དུ་སྤྱོད་པ་དང་མི་སྒེར་གྱི་ཚོད་འཛིན་ཐེབས་པ་སེལ་བའི་ཕྱིར་དང་། ནན་ཏན་སྒོས་འདྲ་མཉམ་ཡོང་བ་དང་ཁྱད་དབང་ལ་རྒོལ་བའི་ཁྲིམས་སྐྱོང་རྩ་དོན་གྱི་གཞི་རྩའི་འདུ་ཤེས་དང་ཡོངས་ཁྱབ་རིན་ཐང་དང་ཡོངས་སུ་འཚམ་པོ་ཡོང་བའི་ཕྱིར་རོ། །
གཉིས། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ནི་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་བྱས་པ་བརྒྱུད་ ནས་ཁྲིར་འདོན་པ།
བླ་མའི་ཡང་སྲིད་ལམ་ལུགས་ཀྱི་བྱུང་བ་ནི་ཀྲུང་དབྱང་སྲིད་དབང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཡིན། དེ་ནས་བཟུང་བླ་མའི་ཡང་སྲིད་ནི་སྲིད་གཞུང་གིས་ངོས་འཛིན་བྱེད་པའི་མཐར་ཐུག་གི་དབང་ཤུགས་བྱུང་བ་ཡིན། ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ནི་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་བརྒྱུད་དེ་ཁྲི་འདོན་བྱེད་པ་ཡང་ལོ་རྒྱུས་ཀྱི་གཏན་སྲོལ་དུ་ཆགས་ཟིན་པ་ཡིན།
1288ལོར་ཀརྨ་པ་རང་བྱུང་རྡོ་རྗེ་མཚུར་ཕུ་དགོན་དུ་གསེར་ཁྲི་མངའ་གསོལ་རྗེས། དེ་སྔོན་ཡོན་མོང་གོར་རྒྱལ་པོས་ཀརྨ་པཀྵིར་ཞྭ་ནག་གསེར་མདོངས་ཅན་གནང་བ་དེ་གསོལ་བས་བླ་རྒྱུད་འདི་ལ་ཀརྨ་བཀའ་བརྒྱུད་ཞྭ་ནག་པ་ཞེས་ཐོགས། ཞྭ་ནག་དེ་རིམ་བཞིན་བླ་རྒྱུད་འདི་བའི་མཚོན་བྱེད་དང་མི་རབས་བརྒྱུད་པའི་མཚོན་རྟགས་སུ་གྱུར། བླ་རྒྱུད་འདི་ལ་ཡང་གོང་མས་བཀའ་ཡིས་བསྩལ་བའི་དོན་སྙིང་ལྡན་ལ། དེར་བླ་མའི་ཡང་སྲིད་ལམ་ལུགས་བྱུང་བའི་ཁྲོད་ཀྲུང་དབྱང་སྲིད་གཞུང་གི་དབང་ཤུགས་ཀྱི་བྱེད་ནུས་མངོན་པ་ཡིན། 1332ལོར་ཀརྨ་པ་རང་བྱུང་རྡོ་རྗེ་པེ་ཅིང་དུ་ཕེབས་ཏེ་གོང་མར་ཆོས་གསུངས། ཡོན་གྱི་གོང་མ་ཧྲུན་ཏེ་ཡིས་སྟོང་ཉིད་ཐམས་ཅད་མཁྱེན་པའི་ཀརྨ་པ་ཞེས་པའི་མཚན་བཏགས་དང་གོ་ཤྲིའི་འཇའ་ས་དང་བཅས་པ་གནང་། སྐུ་སྐྱེ་དེ་ཡི་ཁྲིམས་མཐུན་ཐོབ་ཐང་དང་ཁྲིམས་མཐུན་གོ་གནས་ལ་ཡོན་ཀྲུང་དབྱང་སྲིད་གཞུང་གིས་གཏན་ཁེལ་བྱས། བླ་མའི་སྐུ་སྐྱེ་ཡང་དམངས་ཁྲོད་རང་ནས་འཕེལ་ཏེ་ཁྲིམས་ལུགས་ཀྱི་དོན་སྙིང་བྱུང་བས་ཁྲིམས་མཐུན་རང་བཞིན་ལྡན་པ་དང་། ཡང་ཁྲིམས་མཐུན་དུ་གྱུར་བས་དངོས་སུ་ལམ་ལུགས་བྱུང་བ། དེ་མ་ཟད་བླ་མའི་ཡང་སྲིད་ལམ་ལུགས་ཀྱི་འཕེལ་རྒྱས་ལ་ཡང་སྐུལ་འདེད་བཏང་བའོ། །
1653ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་པེ་ཅིང་དུ་ཆིབས་ཞལ་བསྒྱུར་ནས་ཆིང་གོང་མ་ཧྲུན་ཀྲིས་ལ་མཇལ་འཕྲད་ཞུས། གོང་མས་རྒྱལ་དབང་མཆོག་ལ་ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་གསེར་ཐམ་འཇའ་ས་གནང་། དེ་ནས་བཟུང་ཏཱ་ལའི་བླ་མ་ཞེས་པའི་མཚན་དང་ཁོང་ཉིད་བོད་ཀྱི་ཆོས་ལུགས་ཁྲོད་ཀྱི་ཁྲིམས་མཐུན་གོ་ཐོབ་ལ་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་གཏན་ཁེལ་བྱས། དེའི་རྗེས་སུ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ཀྲུང་དབྱང་སྲིད་གཞུང་བརྒྱུད་ནས་མཚན་བཏགས་གནང་བའི་ལམ་ལུགས་རིམ་བཞིན་གཏན་སྲོལ་དུ་ཆགས། སྤྱི་ལོ་1940ལོའི་ཟླ་2པའི་ཚེས་5ཉིན། གོ་མིན་སྲིད་གཞུང་གིས(གཞུང་ཡིག་ཨང898པ)གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པའི་བཀའ་བབས་ནས། མཚོ་སྔོན་གྱི་བྱིས་པ་ལྷ་མོ་དོན་འགྲུབ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བར་དམིགས་བསལ་གྱིས་ཆོག་མཆན་གནང་། དེ་བས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ཁྲིམས་མཐུན་རང་བཞིན་ནི་གོ་མིན་སྲིད་གཞུང་གིས་ཆོག་མཆན་ཁས་ལེན་ལས་བྱུང་བ་ཡིན།
བླ་སྤྲུལ་ཆེ་ཁག་ལ་གནང་བའི་འཇའ་ས་ནི་འཇའ་ས་གནང་བའི་ལམ་ལུགས་ཤིག་ཡིན་ལ། དོ་དམ་ལམ་ལུགས་ཤིག་ཀྱང་ཡིན། དེས་ཀྲུང་དབྱང་སྲིད་གཞུང་གིས་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་ལ་ཐུགས་ཁུར་དང་མཐོང་ཆེན་གནང་བ་མཚོན་ལ། ཡང་ཀྲུང་དབྱང་སྲིད་གཞུང་གིས་དེ་ལ་དོ་དམ་ཚད་ལྡན་དང་ཤུགས་ཇེ་དྲག་བཏང་བ་མཚོན། དེ་དང་མཉམ་དུ་འཇའ་ས་ཐོབ་པའི་བླ་སྤྲུལ་ཆེ་ཁག་གིས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ལ་བློ་སེམས་དཀར་བ་དང་། འགན་འཁྲི་དང་འོས་འགན་འཁུར་དགོས་པ་མཚོན། བླ་སྤྲུལ་ཆེ་ཁག་ལ་འཇའ་ས་གནང་བའི་ལམ་ལུགས་བརྒྱུད་དེ། ཀྲུང་དབྱང་སྲིད་གཞུང་གི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ཀྱི་མཐར་ཐུག་དབང་ཤུགས་གཏན་འཁེལ་གནང་།
1995ལོའི་ཟླ་11པར། སྐབས་དེའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ཡིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་སྟེང་གསུངས་དོན། ནང་བསྟན་གྱི་མདོ་སྔགས་ཀྱི་བསྟན་པ་གང་ཡིན་རུང་། བོད་བརྒྱུད་དང་རྒྱ་བརྒྱུད་གང་ཡིན་རུང་། ཉམས་ལེན་གྱི་སྟེང་ནས་ཚང་མས་ཐུན་མོང་སྒོས་ཚིགས་སུ་བཅད་པ་གཅིག་སློབ་པ་ཡིན། དེ་ནི“བདག་གི་བསོད་ནམས་སྟོབས་དག་དང་། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་ནི། །ཀུན་ལ་མཆོད་པའི་ཕྱིར་དུ་བཞུགས། །”དེ་དང་མཉམ་དུ་ཡང་སྲིད་ཀྱི་ཐད་ནས་ནན་གྱིས་གསུངས་དོན། བསོད་ནམས་ཀྱི་སྟོབས་ཞེས་བྱ་བ་ནི་ཡང་སྲིད་ཀྱི་སྨོན་ལམ་གྱི་སྟོབས་དང་། བྱིན་རླབས་ཀྱི་སྟོབས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱིན་རླབས་འཇུག་པའི་གསེར་བུམ་དཀྲུག་འདོན་གྱི་བརྡར་ཤ་གཅོད་པའི་སྟོབས་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་ཞེས་བྱ་བ་ནི་ཀྲུང་དབྱང་སྲིད་གཞུང་གི་ཐག་གཅོད་དབང་ཆ་དང་མང་ཚོགས་ཀྱི་ཡིད་ཆེས་ཀྱི་སྟོབས་སོ། །དེ་བས་བླ་མའི་སྐུ་སྐྱེ་ཐད་རྒྱལ་ཁབ་ཀྱི་དབང་ཆ་དང་། ཀྲུང་དབྱང་གི་དབང་ཤུགས་གཉིས་ནམ་ཡང་ཨང་དང་པོ་རུ་བཞག་ཡོད། འདི་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པར་མ་ཟད། ནང་བསྟན་གྱི་རྩ་བའི་གཞུང་དང་ཡང་ཡོངས་སུ་མཐུན་པའོ། །
ལོ་རྒྱུས་ཀྱི་གཏན་སྲོལ་ལ་གཞིགས་ན། ཤུགས་རྐྱེན་ཆེ་བའམ་ཤུགས་རྐྱེན་ཧ་ཅང་ཆེ་བའི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་པར་ཐོག་མར་བླ་མའི་གདན་ས་ཡོད་སའི་ས་གནས་སྲིད་གཞུང་བརྒྱུད་དེ་ཀྲུང་དབྱང་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ། ཡང་སྲིད་བརྩད་ཞིབ་ཚོ་ཆུང་སྒྲིག་འཛུགས་བྱེད་པའི་ཆོག་མཆན་ཞུ་བ། དེ་ནས་གསེར་བུམ་དཀྲུག་འདོན་ལམ་ལུགས་ཀྱི་ལག་ལེན་སྐབས་སུ། ས་གནས་སྲིད་གཞུང་གིས་ཆོས་ལུགས་ཀྱི་ཆོ་ག་ལྟར་བཙལ་རྙེད་བྱུང་བའི་ཡང་སྲིད་འོས་མིའི་གནས་ཚུལ་ཀྲུང་དབྱང་སྲིད་གཞུང་ལ་སྙན་ཞུ་བྱས་ཏེ། གསེར་བུམ་དཀྲུག་འདོན་གྱི་ཆོག་མཆན་ཞུ་བ། གསུམ། ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆོག་གནང་རྗེས་ད་གཟོད་གཟའ་སྐར་བཟང་པོར་བརྟག་ནས། ཇོ་བོའི་མདུན་དུ་ཀྲུང་དབྱང་སྲིད་གཞུང་གི་མངགས་པའི་དཔོན་རིགས(བོད་ཀྱི་ལོ་རྒྱུས་སྟེང་བོད་སྡོད་ཨམ་བན)ཀྱིས་དཀྲུག་འདོན་གྱི་གཙོ་སྐྱོང་གནང་ནས་ཡང་སྲིད་ངོས་འཛིན་པ་ཡིན། བཞི། གསེར་བུམ་དཀྲུག་འདོན་གྱི་མཇུག་ལེགས་པར་གྲུབ་རྗེས་དཀྲུག་འདོན་ལ་གཙོ་སྐྱོང་གནང་བའི་དཔོན་རིགས་དང་། ས་གནས་སྲིད་གཞུང་གི་འགན་ཁུར་མི་སྣ། ཡང་སྲིད་བརྩད་ཞིབ་བྱེད་པའི་འགན་ཁུར་མི་སྣ་སོགས་ཀྱིས་མྱུར་དུ་ཀྲུང་དབྱང་སྲིད་གཞུང་ལ་དཀྲུག་འདོན་གྱི་གནས་ཚུལ་དང་མཇུག་འབྲས། ཡོངས་འཛིན་གྱི་འོས་མི། ཁྲི་འདོན་གྱི་གཟའ་སྐར་སོགས་སྙན་ཞུ་ཕུལ་ཏེ། སྐུ་སྐྱེ་ཁྲིར་བཞུགས་པར་དངོས་སུ་ཆོག་མཆན་ཞུ་བ། ལྔ། ཀྲུང་དབྱང་སྲིད་གཞུང་གིས་ཡང་སྲིད་ཁྲིར་བཞུགས་པ་དང་ཁྲིར་བཞུགས་པའི་དུས་ཚོད་ལ་ཆོག་མཆན་གནང་རྗེས། ད་གཟོད་ཁྲི་འདོན་མཛད་སྒོ་སྤེལ་ཏེ་དངོས་སུ་སྐུ་གོང་མའི་བླ་རྒྱུད་བསྐྱངས་ཆོག་པ་ཡིན། ལོ་རྒྱུས་སྟེང་རྒྱལ་བ་ཡབ་སྲས་ཀྱི་ཁྲི་འདོན་མཛད་སྒོར་ཀྲུང་དབྱང་སྲིད་གཞུང་གི་དམིགས་བསལ་འཐུས་ཚབ་མི་སྣ་དངོས་སུ་ཐོན་ནས་གཙོ་སྐྱོང་དང་ལྟ་རྟོག་བྱེད་པ་ཡིན། དེ་དང་མཉམ་དུ་ཀྲུང་དབྱང་སྲིད་གཞུང་གི་འཇའ་ས་བསྒྲགས་པ་དང་གཟིགས་བཟོས་གནང་བ་ཡིན། ཁྲི་འདོན་མཛད་སྒོའི་མཇུག་ལེགས་པར་གྲུབ་རྗེས། ཏཱ་ལའི་བླ་མའམ་པཎ་ཆེན་རྣམ་གཉིས་ནས་བཀའ་དྲིན་ཞུ་དགོས་པ་ཡིན།
ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ལ་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཁྲིར་བཞུགས་པ་ནི་རྒྱལ་ཁབ་ཀྱི་བོད་ས་གནས་སྲིད་གཞུང་གི་བདག་དབང་དང་། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཐད་ཀྱི་དབང་ཤུགས་མངོན་པ་ཡིན། སྲིད་དབང་ནི་ལྷ་དབང་ལས་བཙན་པའི་འབྲེལ་བ་དང་། “རྒྱལ་པོར་བརྟེན་ནས་བསྟན་པ་སྤེལ”བའི་གནས་ལུགས་མངོན་པ་ཡིན་ལ། ཁྲིམས་ལྟར་རྒྱལ་སྐྱོང་གི་འདུ་ཤེས་ཀྱང་མངོན་པ་ཡིན། འཛམ་གླིང་སྟེང་གི་རྒྱལ་ཁབ་གང་ཞིག་ཡིན་རུང་ཀུན་གྱིས་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་རང་གི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ཡིན། གནའ་དེང་ཕྱི་ནང་གང་ཡིན་རུང་འདི་ལས་མ་འདས། འདི་ནི་ལྷ་མེད་སྨྲ་བ་དང་ལྷ་ཡོད་སྨྲ་བའི་དད་མོས་ལ་འབྲེལ་བ་སྤུ་ཙམ་ཡང་མེད། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་ལས་འགན་གྱི་དགོས་ངེས་བླང་བྱ་ཡིན། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་འབྲེལ་བ་དང་། སྤྱི་ཚོགས་སྤྱི་བའི་ཁེ་ཕན་གྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་པ་ཡིན། དེ་ཡིས་ཁྲིམས་མཐུན་ལ་སྲུང་སྐྱོབ་དང་། ཁྲིམས་འགལ་ལ་བཀག་འགོག སིམ་འཛུལ་ལ་འགོག་རྒོལ། ཉེས་གསོག་ལ་རྡུང་རྡེག་སོགས་ནང་དོན་མང་པོ་མཚོན་པ་ཡིན། མཐར་ཐུག་གི་དམིགས་ཡུལ་ནི་ཆོས་ལུགས་སྡེ་ཁག་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། དེ་ལ་བརྟེན་ནས་ཆོས་ལུགས་སྡེ་ཁག་གི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་རྒྱབ་སྐྱོར་དང་བརྩི་བཀུར་བྱེད་པ་དེའོ། །
གསུམ། ཡང་སྲིད་ནི་ངེས་པར་རྒྱལ་ནང་དུ་འཚོལ་བ།
ལོ་རྒྱུས་སྟེང་དུ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་རྒྱལ་ནང་དུ་འཚོལ་བའི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཡོད་པ་ལས། ནམ་ཡང་ཕྱི་རྒྱལ་དུ་བཙལ་བའི་དཔེ་མེད། འདི་ཡང་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཐད་ངེས་པར་རྒྱུན་འཁྱོངས་བྱ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན།
ཀྲུང་གོ་ནི་བོད་བརྒྱུད་ནང་བསྟན་གྱི་ཕ་ཡུལ་ཡིན། བོད་བརྒྱུད་ནང་བསྟན་མ་གཞི་ནས་སངས་རྒྱས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཐོན་དངོས་ཤིག་དང་། ཀྲུང་གོའི་རང་ས་ཅན་དུ་འགྱུར་བའི་ཆོས་ལུགས་ཤིག་ཡིན། ཆོས་ལུགས་ཀྱི་ལྟ་བའམ་བསམ་བློ། ཡང་ན་ཆོས་ལུགས་ཀྱི་བརྩེ་དུང་ངམ་ཉམས་ལེན། ཆོས་ལུགས་ཀྱི་བྱ་སྤྱོད་དམ་བྱ་འགུལ། ཡང་ན་ཆོས་ལུགས་ཀྱི་རྩ་འཛུགས་དང་ལམ་ལུགས་གང་ཐད་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་མཉམ་དུ་འདྲེས་ཟིན་པས། བོད་བརྒྱུད་ནང་བསྟན་ནི་ཀྲུང་གོ་ཅན་དུ་ཡོངས་སུ་འགྱུར་ཟིན་པའི་སངས་རྒྱས་ཆོས་ལུགས་ཡིན་ནོ། །བོད་བརྒྱུད་ནང་བསྟན་དར་བའི་ས་ཁུལ་གཙོ་བོ་དང་དད་ལྡན་མང་ཚོགས་མང་ཤས་ཡང་ཀྲུང་གོ་རུ་ཡོད་ལ། སྤྲུལ་སྐུའི་ཡང་སྲིད་ཀྱི་རྒྱུད་འཛིན་ལམ་ལུགས་ཀྱང་ཀྲུང་གོ་ནས་ཐོག་མར་བྱུང་བ་ཡིན་པས། ཀྲུང་གོའི་དགོན་པ་ལ་གཏོགས་པ་དང་དེའི་ཡང་སྲིད་དོ་དམ་ནི་ཀྲུང་གོའི་ཆོས་ལུགས་ལས་དོན་དོ་དམ་དང་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན། ཁྲིམས་ལྟར་ཁོངས་གཏོགས་ས་ཆར་དོ་དམ་བྱ་རྒྱུ་དང་། རྒྱལ་ནང་དུ་ཡང་སྲིད་འཚོལ་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་རེད། ཆོས་ལུགས་ལ་རྒྱལ་མཚམས་མེད་ཀྱང་ཆོས་པ་ལ་རྒྱལ་མཚམས་ཡོད་དོ། །ཏཱ་ལའི་བླ་མ་ན་རིམ་གྱི་གདན་ས་ནི་ཀྲུང་གོའི་འབྲས་སྤུངས་དགོན་པ་ཡིན། ཏཱ་ལའི་བླ་མ་སོགས་བླ་སྤྲུལ་ཆེ་ཁག་ཀྱང་ཀྲུང་གོའི་རྒྱལ་ནང་དུ་ཡང་སྲིད་ངོས་འཛིན་བྱས་པ་ལས་ཕྱི་རྒྱལ་དུ་ཡང་སྲིད་བཙལ་བའི་དཔེ་རྩ་བ་ནས་མེད། མངའ་ཁོངས་གི་བརྩེ་སེམས་དང་། དད་ལྡན་མང་ཚོགས་ཀྱི་བརྩེ་དུང་ནི་བླ་མའི་ཡང་སྲིད་ཐག་གཅོད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། བླ་སྤྲུལ་གང་གི་ཡང་སྲིད་ཀྱང་ཁོང་གསོ་སྐྱོང་བྱས་པའི་དགོན་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་དང་གཏན་ནས་ཁ་འབྲལ་མི་རུང་བ་མ་ཟད། ས་གནས་དེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་བརྩེ་དུང་ལ་གཏན་ནས་མཐོང་ཆུང་བྱེད་མི་རུང་ངོ་། །
2010ལོའི་7པའི་ཚེས་4ཉིན། བོད་ལྗོངས་ལྷུན་རྩེ་རྫོང་གི་དཔལ་ལྡན་བྲ་འོར་ཆོས་ཀྱི་སྡེའི་སྡེ་དྲུག་རིན་པོ་ཆེ་སྐུ་ཕྲེང་ལྔ་བའི་ཡང་སྲིད་ངོས་འཛིན་གྱི་གསེར་བུམ་དཀྲུགས་པའི་ཆོ་ག་དེ་ལྷ་ས་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་གཟབ་རྒྱས་ངང་སྤེལ། འོས་མི་བློ་བཟང་རྡོ་རྗེ་དཀྲུག་འདོན་བྱུང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁོང་ནི་སྡེ་དྲུག་སྐུ་ཕྲེང་ལྔ་བ་འཇམ་དཔལ་སྐལ་བཟང་རྒྱ་མཚོའི་ཡང་སྲིད་དུ་ཆོག་མཆན་གནང་བར་མ་ཟད། སྐྲ་ཕུད་བཅད་དེ་སྡེ་དྲུག་སྐུ་ཕྲེང་དྲུག་པའི་ཁྲིར་བཞུགས། འདི་ནི《བོད་བརྒྱུད་ནང་བསྟན་ཡང་སྲིད་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་རྗེས། གསེར་བུམ་དཀྲུགས་པའི་བྱ་ཐབས་སྤྱད་དེ་ཐག་བཅད་པའི་ཡང་སྲིད་དང་པོ་དེ་ཡིན། ཁོང་གི་ཡང་སྲིད་འཚོལ་བ་དང་ངོས་འཛིན་གྱི་མགོ་སྔ་བར་གསུམ་ཚང་མར་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་གཏན་སྲོལ། གསེར་བུམ་དཀྲུགས་པ། སྲིད་གཞུང་གིས་ཆོག་མཆན་གནང་བ་སོགས་རྩ་དོན་རྒྱུན་འཁྱོངས་བྱས་ཡོད། ལྷག་པར་དུ་སྡེ་དྲུག་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ལྷུན་རྩེ་རྫོང་ནས་འཁྲུངས་པའི་བླ་མ་ཡིན་པས། ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྡེའི་བསམ་འཆར་ལ་བརྩི་འཇོག་གང་ལེགས་གནང་བ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལ་བརྩི་འཇོག་གང་ལེགས་གནང་སྟེ། རྒྱལ་ནང་དུ་ཡང་སྲིད་འཚོལ་བ་དང་ས་ཁོངས་སུ་འཚོལ་བ་རྒྱུན་འཁྱོངས་བྱས་ཡོད། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་ལག་བསྟར་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཐེངས་ཤིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་ལས་དོན་དོ་དམ་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན་དུ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་མངོན་གསལ་བླངས་པ་མཚོན་ཡོད། གཞན་ཡང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཏན་ཏིག་སྒོས་ལག་ལེན་མཐར་ཕྱིན་དང་ལག་བསྟར་བྱས་པ་མངོན་པའོ། །
བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་ལས་དོན་དོ་དམ་གྱི་ལོ་རྒྱུས་འཕེལ་རྒྱས་ལ་བལྟས་ན། དེ་ལས་ བྱུང་བའི་བླ་མའི་ཡང་སྲིད་ཀྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལ་བརྩི་འཇོག་བྱེད་པ་ནི་ངེས་པར་བརྩི་སྲུང་བྱ་དགོས་པའི་གཞི་རྩའི་རྩ་དོན་ཡིན། གསེར་བུམ་དཀྲུག་འདོན་ལམ་ལུགས་དང་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་སྟེ་ཁྲིར་འདོན་པའི་ལམ་ལུགས། ཡང་ན་རྒྱལ་ནང་དུ་ཡང་སྲིད་འཚོལ་བའི་རྩ་དོན་ཐམས་ཅད་ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་ཆེས་མཐོ་བའི་མཐོང་ཆེན་དང་། བོད་བརྒྱུད་ནང་བསྟན་གྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པ་ཡིན། ཡང་བོད་བརྒྱུད་ནང་བསྟན་གྱི་སྡེ་ལ་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྲུང་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་ལྡན་པ་གསལ་བཤད་བྱས་ཡོད། ད་ལྟའི་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག །བླ་མའི་ཡང་སྲིད་ཀྱི་ལོ་རྒྱུས་གཏན་སྲོལ་དང་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོབ་དང་། ཆོས་ལུགས་འཆམ་མཐུན་ལ་སྲུང་སྐྱོབ། སྤྱི་ཚོགས་ཞི་མཐུན་གྱི་དགོས་ངེས་ཆ་རྐྱེན་ཡིན། ཨ་མེ་རི་ཁའི“ཁྲིམས་གཞི”ཟེར་བ་ནི་འཇིག་རྟེན་གྱི་མིའི་མདུན་དུ་དམར་རྗེན་གྱིས་རྒྱལ་ཁབ་གཞན་གྱི་རྒྱལ་སྲིད་ལ་ཇུས་གཏོགས་དང་མགོ་རྨོངས་གྱང་ལ་རྡེབ་པའི་ཁྲེལ་དགོད་ཀྱི་གཞི་ལས་མ་འདས་སོ། །