འཛམ་གླིང་མྱུར་བགྲོད་ཟམ་ཆེན་ཐོག་མ། པའེ་ཕན་གཙང་པོའི་ཟམ་ཆེན།

རིག་འཛིན་རང་གྲོལ་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


2018ལོར། མྱུར་བགྲོད་ཚོགས་པས་འཛུགས་སྐྲུན་བྱས་པའི་པའེ་ཕན་གཙང་པོའི་ཟམ་ཆེན་ལ་སྐབས་35པའི་རྒྱལ་སྤྱིའི་ཟམ་པའི་ཚོགས་ཆེན་གྱི་ཀུའུ་སུའུ་ཐཱ་ཧྥུའུ་ལིན་ཏུན་ཐའར་(Gustav Lindenthal)ཞེས་པའི་གསེར་གྱི་བྱ་དགའ་ཐོབ།


རྒྱལ་སྤྱིའི་ཟམ་པའི་ཚོགས་ཆེན་ནི་ཨ་རིའི་པིན་ཞི་ཧྥ་ཉི་ཡ་ཁུལ་གྱི་ཨར་ལས་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་སྤྱིའི་ཟམ་པའི་རིག་གཞུང་གྲོས་ཚོགས་མིང་གྲགས་ཅན་ཞིག་ཡིན་པས། འཛམ་གླིང་གི་ཟམ་པའི་ལས་རིགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད། བྱ་དགའ་འདི་1988ལོར་བཙུགས་ཤིང་ལོ་རེར་དཔྱད་འདེམས་ཐེངས་རེ་བྱེད་བཞིན་ཡོད་ལ། ད་ལྟའི་བར་དུ་སྐབས་35སྤེལ་ཏེ། ཟམ་པའི་ལས་རིགས་ཁྲོད་ཀྱི་ནོ་པེལ་བྱ་དགའ་ཞེས་པར་གྲགས། བྱ་དགའ་དེའི་ཁྲོད་ཀྱི་ཀུའུ་སུའུ་ཐཱ་ཧྥུའུ་ལིན་ཏུན་ཐའར་ཞེས་པའི་གསེར་གྱི་རྟགས་མ་ནི་ཕུལ་བྱུང་གི་ཟམ་པའི་ཨར་ལས་ཚད་ལྡན་དུ་བཙུགས་པའི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཞིག་ཡིན་ཏེ། དཔྱད་འདེམས་ཀྱི་ནང་དོན་གཙོ་བོར་ཟམ་པའི་བཀོལ་སྤྱོད་རང་བཞིན་དང་། ལག་རྩལ་གསར་གཏོད། རྒྱུ་ཆ་གསར་བཅོས། ཕྱི་ཚུལ་ཇུས་འགོད། ཁོར་ཡུག་མཐུན་སྦྱོར། དེ་བཞིན་དེའི་སྤྱི་དམངས་ཞུགས་ཚད་བཅས་ཡོད།

དེ་ཡང་ཡུན་ཀུའེ་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་བསྐྲུན་པའི་པའེ་ཕན་གཙང་པོའི་ཟམ་ཆེན་ནི་གཟབ་ཚད་སྨི་600ཅན་གྱི་པའེ་ཕན་གཙང་པོའི་“U”དབྱིབས་ཀྱི་གྲོག་རོང་ཆེན་མོ་འཕྲེད་དུ་བཅད་ཡོད་དེ། ས་བབ་གཟར་ཞིང་ས་གཤིས་ས་རྐྱེན་ཤིན་ཏུ་རྙོག་འཛིང་ཆེ། ཧང་རུའེ་མྱུར་བགྲོད་གཞུང་ལམ་པིས་ཏུའུ་ལམ་ཚིགས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གཞིའི་ཆ་ནས། ཟམ་ཆེན་དེའི་སྤྱིའི་རིང་ཚད་ལ་སྨི་1341.4དང་། བརྒལ་ཚད་ཆེས་ཆེ་བའི་བར་ཐག་ལ་སྨི་720 ཟམ་ངོས་ནས་གཙང་པོའི་ངོས་ཀྱི་དྲང་དཔྱང་བར་ཐག་སྨི་565སྟེ་ཁང་པ་ཐོག་བརྩེགས་200ཅན་ཞིག་གི་མཐོ་ཚད་དང་མཚུངས་པས། མིག་སྔའི་བར་གྱི་འཛམ་གླིང་ཐོག་ཆེས་མཐོ་བ་དང་། བརྒལ་ཚད་བར་ཐག་ཨང་གཉིས་པའི་ལྕགས་གདུང་འཕྲེད་ཟམ་ཡིན།

2010ལོའི་ཟླ་10པར། འགྲིམ་འགྲུལ་སྐྱེལ་འགྲེན་པུའུ་ཡིས་ཆོག་མཆན་འོག་མྱུར་བགྲོད་ཚོགས་པས་ཧང་རུའེ་མྱུར་བགྲོད་གཞུང་ལམ་གྱི་ཀུའེ་ཀྲུའུ་ཞིང་ཆེན་པིས་ཅའེ་ནས་ཏུའུ་ཀུ་ལམ་ཚིགས་འཛུགས་སྐྲུན་བྱས་ཏེ། པིས་ཏུའུ་མྱུར་བགྲོད་གཞུང་ལམ་ཇུས་འགོད་ཀྱི་སྤྱིའི་ལམ་ཚད་ལ་སྤྱི་ལེ་140.177དང་། ཟམ་པའི་ཕུག་ལམ་གྱི་ལམ་ཐིག་གི་སྤྱིའི་རིང་ཚད་ཀྱི་45.32%ཟིན་ཡོད། ཨར་ལས་འདི་ལ་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་མ་ལག་གི་ཚན་རྩལ་གྲུབ་འབྲས་ཚད་ལྡན་ཕྱོགས་གཅིག་ཏུ་བསྡུས་ཏེ། བཟོ་ལས་ཇུས་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཀྱི་ཁྲོད་དུ་བེད་སྤྱད་ཡོད་པས་འགྲིལ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཚན་རྩལ་དཔེ་སྟོན་ལམ་དུ་གྱུར། ལོ་ངོ་བཞིའི་རིང་གི་འཛུགས་སྐྲུན་བརྒྱུད་ཧང་རུའེ་མྱུར་བགྲོད་ཀྱི་མཇུག་མཐའི་སྤྱི་ལེ་གཅིག་ཏུ་གྲགས་པའི་པའེ་ཕན་གཙང་པོར་དངོས་སུ་རླངས་འཁོར་ཤར་གཏོང་བྱས་པ་དང་། ཡུན་ནན་ཤོན་ཝུའེ་ནས་ཀུའེ་ཀྲུའུ་ལིའུ་ཕན་ཧྲུའེ་བར་གྱི་འགྲིམ་འགྲུལ་ལམ་ཐག་ཆུ་ཚོད་ལྔ་ནས་ཆུ་ཚོད་གཅིག་ཏུ་གྱུར་འདུག

2016ལོའི་ཟླ་12པའི་ཚེས་29ཉིན། པའེ་ཕན་གཙང་པོ་ཟམ་ཆེན་དང་པོར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཟམ་ངོས་ནས་གྲོག་རོང་གི་ཆུ་ངོས་བར་སྨི་565ཡོད་པས། འཛམ་གླིང་གི་གཞུང་ལམ་ཟམ་ཆེན་དང་པོར་གྱུར་ཏེ་རྒྱལ་ཕྱི་ནང་གིས་དོ་སྣང་ཆེན་པོ་བྱས། དེ་བཞིན་དུ་དབྱིན་ཇིའི་BBCབརྙན་འཕྲིན་ཁང་དང་ཨ་རིའི་《ཝ་ཤིན་ཏོན་སྦྲགས་སྲིད་ཚགས་པར》ཀྲུང་དབྱང་བརྙན་འཕྲིན་ཁང་གི་《དཔལ་འབྱོར་ཆུ་ཚོད་ཕྱེད་ཀ》དེ་མིན་འཇར་པན་དང་ཁོ་རི་ཡ་སོགས་ཀྱི་གསར་འགྱུར་སྡེ་ཁག་སོགས་རྒྱལ་ཕྱི་ནང་གི་གཙོ་རྒྱུགས་སྨྱན་སྦྱོར་30ལྷག་གིས་དེའི་སྐོར་ནས་ཁྱབ་བསྒྲགས་བྱས་འདུག །
དེ་ཡང་འཛམ་གླིང་ཟམ་པའི་ལས་རིགས་སུ་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ། འཛམ་གླིང་གི་ཟམ་པའི་འཛུགས་སྐྲུན་གླེང་ན། དུས་རབས་20པའི་ལོ་རབས་70པའི་ཡར་སྔོན་དུ་ཡོ་རོབ་དང་མེ་གླིང་རབ། དུས་རབས་90པར་འཇར་པན་མཆོག་ཡིན། །དུས་རབས་21པར་ཀྲུང་གོའི་ཡན་མེད་ཅེས་པ་ལྟར། དེའི་གསར་གཏོད་ནུས་ཕྱོད་ཐད་ནས་རྒྱལ་སྤྱིའི་རྩེ་གྲའི་ཆུ་ཚད་དང་། རང་མོས་ཤེས་བྱའི་བདག་དབང་ཡོད་པའི་ཚན་རྩལ་གསར་གཏོད་གྲུབ་འབྲས་ལྡན་པ་སྨྲོས་མ་དགོས་པ་རེད། ལྷག་པར་དུ་ཟམ་ཆེན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད། ཉེ་འཁོར་གྱི་མི་ཁྲི་1.5ལྷག་ལ་ལས་ཞུགས་ཀྱི་གོ་སྐབས་ཐོབ་ཅིང་དབུལ་གྲོལ་ཡོང་འཕར་ཐད་ནས་སྣེ་ཁྲིད་བྱས་པ་དང་། ཡུལ་སྐོར་དང་དེ་མིན་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏིང་ཟབ་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས། རྒྱུད་གཅིག་ལམ་གཅིག་དང་འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཟུང་དུ་སྦྲེལ་ཏེ་ས་ཁོངས་གོང་བུ་གཅིག་ཏུ་སྒྲིལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པ་རེད།

པའེ་ཕན་གཙང་པོའི་ཟམ་ཆེན་ནི་ཀུའེ་ཀྲུའུ་ཡི་ཟམ་པའི་འཛུགས་སྐྲུན་གྱི་ཚབ་མཚོན་ཡིན་ཏེ། མིག་སྔར། ཀུའེ་ཀྲུའུ་རུ་ཟམ་པ་ཁྲི་2ལྷག་དང་སྤྱིའི་ལམ་ཚད་ལ་སྤྱི་ལེ་2500ཡས་མས་བཙུགས་པར་མ་ཟད་ཕལ་ཆེར་འཛམ་གླིང་ཐོག་གི་ཟམ་སྣ་ཡོད་ཚད་འདུ་བ་རེད། འཛམ་གླིང་ཐོག་གི་མྱུར་བགྲོད་ཟམ་པ་ཨང་བརྒྱའི་གྲས་སུ་ཀྲུང་གོའི་ཟམ་པ་80ལྷག་ཡོད་པ་དང་། དེའི་ཁྲོད་དུ་ཟམ་པ་40ཀུའེ་ཀྲུའུ་ན་ཡོད་པས། འཛམ་གླིང་གི་ཟམ་པའི་དངོས་མང་བཤམས་སྟོན་ཁང་ཞེས་བརྗོད་ཀྱང་ཆོག་ཆོག་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1