སུའུ་དན།

ཚེ་དཔལ་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


སུའུ་དན་སྤྱི་མཐུན་རྒྱལ་ཁབ་ནི་ཧྥེ་གླིང་གི་ཤར་རྒྱུད་དང་མཚོ་དམར་གྱི་ནུབ་རྒྱུད་དུ་མཆིས་ཤིང་།
ཨ་རབ་ཀྱི་སྐད་ཁུངས་ལྟར་ན། སུའུ་དན་ཞེས་པ་ནི་མི་ནག་གམ་མི་ནག་གི་རྒྱལ་ཁབ་ཅེས་པར་འགྲེལ་ལ། གནའ་བོའི་དུས་སུ་སུའུ་དན་ལ་ནའོ་བྷིས་ཨིན(Nubian)དང་ཁའོ་ཧྲི(Kush)ཞེས་འབོད། མི་རིགས་ཀྱི་ཁྱབ་ཁོངས་ལྟར་ན། སུའུ་དན་གྱི་བྱང་རྒྱུད་དུ་ཨ་རབ་པ་འཚོ་ཞིང་། ལྷོ་རྒྱུད་དུ་གཙོ་བོ་མི་ནག་འཚོ་སྡོད་བྱས་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་སོ་སོར་སུའུ་དན་ནི་མི་རིགས་མང་པོ་གནས་སྤོ་བའི་འགྲུལ་བཞུད་ཀྱི་བཞི་མདོ་ལྟ་བུར་གྱུར་ཡོད་པས། ཕྱི་ཡོང་མི་རིགས་མང་པོ་གནས་འདིར་གཞིས་ཆགས་ནས་མི་རིགས་མཉམ་འདྲེས་དང་རིག་གནས་སྣ་མང་གྲུབ་ཡོད་པ་རེད།

ཧྥེ་གླིང་ལ་མཚོན་ན། སུའུ་དན་ནི་རང་བྱུང་གི་བཀོད་པ་ལྷུན་ཆགས་ཤིང་ལོ་རྒྱུས་ཀྱི་རྒྱུན་རིང་བ། རིག་གནས་ཀྱི་རྫོང་སྟུག་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། འདི་ལྟ་བུའི་རང་བྱུང་གི་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་བྱུང་བ་དེ་ནེའུ་ལའོ་གཙང་པོ་དང་འབྲེལ་བ་དམ་ཟབ་ལྡན་ཏེ། ནེའུ་ལའོ་གཙང་པོ་ནི་གནའ་བོའི་སུའུ་དན་ཤེས་རིག་གི་བསྐྱེད་ཡུམ་དུ་ངོས་འཛིན། སུའུ་དན་མངའ་ཁོངས་སུ་ནེའུ་ལའོ་གཙང་པོའི་བཞུར་རྒྱུན་གྱི་འགྲོས་མགྱོགས་ཤིང་། རྦབ་ཆུ་དང་ཆུ་ལག་མང་བ། བཞུར་རྒྱུན་གྱི་ཁོད་དོག་ཅིང་ཁུག་སོ་མང་བས། གཙང་པོའི་འདབས་རྒྱུད་རེ་རེའི་འཚོ་བའི་གོམས་གཤིས་དང་ཆོས་ལུགས་དད་མོས། ཡུལ་གྱི་བཀོད་པ། ཡུལ་སྲོལ་ཆ་ལུགས་སོགས་ལ་ཁྱད་པར་མཆིས་ཤིང་། རིག་གནས་སྣ་མང་དང་འཆམ་མཐུན་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཀྱང་ངང་གིས་ཆགས་ཡོད་པ་རེད། སུའུ་དན་གྱི་ལྷོ་རྒྱུད་དུ་ནེའུ་ལའོ་གཙང་པོ་སྔོན་པོ་དང་ནེའུ་ལའོ་གཙང་པོ་དཀར་པོ་སྟེ་ཆུ་ལག་གཉིས་སུ་གྱེས་ཡོད་པ་དང་། ཆུ་ལག་འདི་གཉིས་ཧྥེ་གླིང་ཤར་རྒྱུད་ཀྱི་ཚ་ཁུལ་མཐོ་སྒང་དང་། ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་བརྒྱུད་དེ་སུའུ་དན་གྱི་རྒྱལ་ས་ཁཱ་ཐའོ་མའོ་ནས་མཉམ་དུ་འདྲེས་འདུག །ཆུ་ལག་འདི་གཉིས་ཀྱི་སྟོད་རྒྱུད་དུ་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་དང་མུ་མཐའ་བྲལ་བའི་སྤང་ཐང་ཡོད་པ་དང་། ཆུ་ལག་གཉིས་ཀྱི་བར་རྒྱུད་དུ་ས་གཤིན་ལེགས་ཤིང་ཁོད་ཡངས་པའི་རྩྭ་ཐང་ཡོད། གཙང་པོའི་བཞུར་རྒྱུན་འདི་ནི་སུའུ་དན་ལྷོ་རྒྱུད་ཀྱི་མི་ནག་ཤེས་རིག་གི་ཕ་སར་ངོས་འཛིན། སུའུ་དན་མངའ་ཁོངས་ཀྱི་ས་དབྱིབས་དང་ནེའུ་ལའོ་གཙང་པོའི་བཞུར་རྒྱུན་ལས་སུའུ་དན་ལྷོ་བྱང་གི་ས་ཁམས་ཁྱད་པར་གྲུབ་པར་མ་ཟད། སུའུ་དན་རྒྱལ་ཁབ་ཡོངས་ཀྱི་རིག་གནས་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། འཚོ་ཚིས་གཉེར་ལུགས་སོགས་ལའང་ཤན་ཐེབས་པ་རེད།

སུའུ་དན་ནི་ཧྥེ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། མངའ་ཁོངས་ཡོངས་རི་བོས་མུ་ཁྱུད་དུ་བསྐོར་བའི་བདེ་ཐང་དང་དེའུ་འབུར་གྱིས་གྲུབ་པ་དང་། གནམ་གཤིས་ནི་ཚ་ཁུལ་སྐམ་ས་རང་བཞིན་གྱི་ཁོངས་སུ་གཏོགས། ས་བབ་ལྟར་ན་ཚ་ཁུལ་བྱེ་ཐང་དང་ཚ་ཁུལ་རྩྭ་ཐང་། ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་བཅས་གནམ་གཤིས་ཀྱི་ཁྱད་པར་མཆིས། རང་བྱུང་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་ཏེ། རྡོ་སྣུམ་དང་ནགས་ཚལ། སྲིང་བལ། བ་དམ་སོགས་ཀྱི་ཐོན་སྐྱེད་དང་བེད་ཆོད་ཚད་འཛམ་གླིང་གི་མདུན་གྲལ་དུ་ཚུད་ཡོད་པ་དང་། ནོར་ལུག་དང་རྔ་མོང་སོགས་སྒོ་ཕྱུགས་ཀྱི་འཕེལ་ཁའང་ཤིན་ཏུ་དར།

ལོ་རྒྱུས་རིག་པ་བས་སུའུ་དན་ནི་ཧྥེ་གླིང་སྐམ་ས་ཆེན་མོའི་ཤེས་རིག་དང་ཤར་དབུས་སམ། མཚོ་དབུས་རྒྱ་མཚོ་བཅས་འཛམ་གླིང་གནའ་བོའི་ཤེས་རིག་སྣ་མང་མཉམ་འདྲེས་ལས་གྲུབ་པའི་ཧྥེ་གླིང་གི་ལོ་རྒྱུས་བར་ཁྱམས་སུ་ངོས་འཛིན་ཞིང་། ལོ་ངོ་སྟོང་གཉིས་ཀྱི་སྔོན་ནས་བཟུང་། གནས་འདིའི་གཞིས་སྡོད་མི་རིགས་ཀྱིས་ནའོ་བྷིས་ཨིན་ཤེས་རིག་བསྐྲུན་པར་བཞེད། གནའ་བོའི་གྷི་རིག་གི་སྙན་ངག་པ་ཧའེ་མཱས་ཀྱང“རྒྱང་རིང་གི་རྒྱལ་ཁམས་དེ་ནི་མིའི་རིགས་ཀྱི་ཆེས་དྲང་བདེན་གྱི་ཡུལ་དང་། ལྷ་ཚོགས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་ཅིག་གོ”ཞེས་ངོ་མཚར་གྱིས་ཕྱུག་པའི་སུའུ་དན་ལ་བསྟོད་པའི་མེ་ཏོག་གཏོར་མྱོང་ངོ་། །

ལོ་ངོ་སྟོང་གསུམ་གྱི་གོང་རོལ་གྱི་གནའ་བོའི་ནའོ་བྷིས་ཨིན་ཤེས་རིག་དུས་སྐབས་ནས་བཟུང་།
བཀོད་པ་ལེགས་ཤིང་རྔམ་བརྗིད་ལྡན་པའི་ལྷ་ཁང་དང་ཕོ་བྲང་སོགས་སྒྱུ་རྩལ་གྱི་རིན་ཐང་གཞལ་དུ་མེད་པའི་བཟོ་བཀོད་མང་པོ་བསྐྲུན་ཡོད་པ་དང་། བཟོ་བཀོད་དེ་དག་ལ་གནའ་བོའི་ཨེ་ཅིབ་ཀྱི་སྒྱུ་རྩལ་རིག་གནས་ཀྱིས་ཤན་ཐེབས་ཤིང་། ས་གནས་རང་གི་ཁྱད་ཆོས་ཀྱི་གྲ་ཉམས་མེད་པས། མིའི་རིགས་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་བཟུང་ཡོད། ཡེ་ཤུའི་ཆོས་ལུགས་དར་བ་ནས་བཟུང་།
སུའུ་དན་གྱི་སྒྱུ་རྩལ་རིག་གནས་ལ་གནའ་བོའི་ཡེ་ཤུའི་ཆོས་ལུགས་ཀྱི་ཤན་ཐེབས་ཡོད་པ་སྐབས་དེའི་ལྷ་ཁང་མང་པོའི་ལྡེབས་རིས་ལས་རྟོགས་ཐུབ་ཅིང་། དུས་རབས་བར་མ་ནས་བཟུང་། ནའོ་བྷིས་ཨིན་མིའི་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་འདུ་ཤེས་ལ། ཨ་རབ་རིག་གནས་ཀྱིས་ཤན་ཐེབས་མུར། རིག་གནས་མཉམ་འདྲེས་ཀྱི་སྣང་ཚུལ་བྱུང་ཞིང་། དེ་ནི་སུའུ་དན་གྱི་དེང་རབས་སྒྱུ་རྩལ་གྱི་རྨང་གཞིར་བཞེད་དོ། །

ལོ་རྒྱུས་སྟེང་སུའུ་དན་ནི་མི་རིགས་མང་པོ་མཉམ་འདྲེས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་སམ་ཡུལ་ལུང་སོ་སོས་ད་ལྟ་བར་རྒྱུན་འཛིན་བྱས་པའི་སྐད་རིགས་ཀྱང་ཤིན་ཏུ་མང་། སྤྱིར་ན་ཧྥེ་གླིང་གི་སྐད་རིགས་ཡོངས་སྐད་སྡེ་བཞིར་བསྡུས་ཆོག་ཅིང་།
དེ་ལས་ཧྲན་ཧན་སྐད་སྡེ་དང་ནིས་རི་ཨེར-ཁའོ་ཨེར་ཏའོ་ཧྥན་སྐད་སྡེ། ནེའུ་ལའོ-སཱ་ཧ་རན་སྐད་སྡེ་གསུམ་གྱི་ཁོངས་གཏོགས་སུ་གྱུར་བའི་སྐད་རིགས་མང་པོ་སུའུ་དན་གྱི་མངའ་ཁོངས་སུ་ཁྱབ་ཡོད། ཧྲན་སྨི་ཐི་སྐད་ཁྱིམ་ནི་ཧྲན་ཧན་སྐད་སྡེའི་ཡན་ལག་གལ་ཆེན་ཞིག་ཡིན་ཞིང་། སུའུ་དན་མངའ་ཁོངས་ཀྱི་ཨ་རབ་སྐད་ནི་ཧྲན་སྨི་ཐི་སྐད་སྡེའི་ཁོངས་སུ་གཏོགས། སུའུ་དན་གྱི་ཙན་ཏི་སྐད(Azande) སོགས་ནི་ནིས་རི་ཨེར-ཁའོ་ཨེར་ཏའོ་ཧྥན་སྐད་སྡེའི་ཁོངས་སུ་གཏོགས་ཤིང་། ནེའུ་ལའོ-སཱ་ཧ་རན་སྐད་སྡེའི་ཁོངས་གཏོགས་ཀྱི་ཡུལ་སྐད་མང་པོ་ཞིག་གི་དབྱེ་འབྱེད་ཐད་གཅིག་མཐུན་གྱི་ལྟ་ཚུལ་བྱུང་མེད་པས་ཞིབ་ཏུ་སྤྲོས་མི་སྤོབས། སུའུ་དན་མངའ་ཁོངས་སུ་སྐད་ཆའམ་ཡུལ་སྐད་400ལྷག་མཆིས་པ་དང་། དེའི་ཁྲོད་ཡུལ་སྐད་མང་པོ་ཞིག་མི་འགའ་ཤས་ཀྱིས་མ་གཏོགས་སྤྱོད་བཞིན་མེད་པས་འཇིག་ཉམས་ཀྱི་ཉེན་ཁར་འཕྲད་ཡོད། སྤྱི་ཚོགས་སྟེང་སྤྱོད་རྒྱ་ཅུང་ཆེ་བ་ནི་དབྱིན་སྐད་དང་ཨ་རབ་ཀྱི་སྐད་ཡིན་ཞིང་། སྐད་རིགས་ཀྱི་ཁྱད་པར་ནི་སུའུ་དན་གྱི་ཡུལ་ཚོ་དང་མི་རིགས་རིགས་དབྱེ་འབྱེད་ཀྱི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་ངོས་འཛིན།

སུའུ་དན་ནི་ཆོས་ལུགས་ཀྱི་གྲུབ་མཐའ་མང་བའི་རྒྱལ་ཁབ་ཅིག་ཀྱང་ཡིན་ཏེ། གཙོ་བོ་དབྱི་སི་ལན་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། གདོད་མའི་ཆོས་ལུགས་བཅས་ཀྱི་དད་མོས་དང་ཆོ་གའི་ཤུགས་རྐྱེན་ཅུང་མངོན་གསལ་ཡིན། ལོ་རྒྱུས་ཀྱི་འཕེལ་རིམ་ངོས་ནས་གཞིགས་ན། སུའུ་དན་ནི་གནའ་བོའི་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གྱི་ཡུལ་འགངས་ཆེན་ཞིག་ཡིན་པ་དང་། སུའུ་དན་གྱི་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་མངའ་སྡེ་མང་པོའི་མི་དམངས་ཀྱིས་ཡེ་ཤུའི་ཆོས་ལུགས་ལ་དད། དབྱི་སི་ལན་ཆོས་ལུགས་ནི་དུས་རབས་བདུན་པ་ནས་བཟུང་ཨ་རབ་ཕྱེད་གླིང་དུ་དར་བ་དང་། དུས་རབས་བཅུ་བཞིའི་སྟོད་ཀྱི་ཆར་སུའུ་དན་གྱི་ཆོས་ལུགས་རིག་གནས་ཀྱི་ཁྱབ་ཁོངས་སུ་གོ་གནས་གལ་ཆེན་བཟུང་བ་རེད། སུའུ་དན་ལྷོ་རྒྱུད་ཀྱི་མི་རིགས་མང་པོས་གདོད་མའི་ཆོས་ལུགས་ཏེ། གཙོ་བོ་སྲོག་ཆགས་དང་རྩི་ཤིང་།
རང་བྱུང་གི་སྣང་ཚུལ་སོགས་ལ་དད། ཚོ་ཁག་ལ་ལས་བ་གླང་ནི་ཆེས་མཆོག་ཏུ་གྱུར་བའི་སྲོག་ཆགས་ཤིག་ཏུ་བརྩི་ཞིང་། དེ་ནི་དད་ལྡན་མང་ཚོགས་དང་ཚེ་འདས་མེས་པོའི་བར་གྱི་སྦྲེལ་ཟམ་དུ་ངོས་འཛིན་པར་མ་ཟད། སྟོབས་ཤུགས་དང་རྒྱུ་འབྱོར་གྱི་མཚོན་དོན་དུའང་འགྲེལ། གཞན་སྦྲུལ་དང་གཙང་པོ། འབྲུག་སྒྲ། རྡོ་དང་སྡོང་བོ་སོགས་ལ་དད་མཁན་ཡང་མཆིས།

ཧྥེ་གླིང་གི་མི་རིགས་མང་པོ་ཞིག་གིས་གདོང་རིས་སྲོལ་རྒྱུན་གྱི་རྒྱུན་བསྐྱངས་མུས་སུ་མཆིས་ཤིང་།
སུའུ་དན་གྱི་མངའ་ཁོངས་སུ་གདོང་རིས་སྲོལ་རྒྱུན་བརྩི་སྲུང་བྱེད་མཁན་ནི་ཨ་རབ་པ་གཅིག་པུ་མ་ཡིན་པར། གཞན་ནའོ་བྷིས་ཨིན་མི་དང་ནའོ་བྷ་མི། ནེའུ་ལའོ་ཐི་མི་སོགས་ཀྱིས་ཀྱང་སྲོལ་འདི་སྲུང་ཞིང་བརྩི། གདོང་རིས་ནི་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་བའི་སྲོལ་རྒྱུན་ཞིག་ཡིན་ཞིང་། འབྲེལ་ཡོད་དཔྱད་འབྲས་ལྟར་ན། གནའ་བོའི་ཁའོ་ཧྲི་རྒྱལ་རབས་ནས་བཟུང་། སུའུ་དན་བྱང་རྒྱུད་ཀྱི་ནའོ་བྷིས་ཨིན་མིས་སོལ་བ་དང་ལྕགས་ཆས་སོགས་ཀྱིས་བྱིས་པའི་གདོང་ལ་ཚོ་བའི་རྟགས་མཚན་བཀོད་པའི་སྲོལ་མཆིས་པར་བཞེད། གདོང་རིས་སྲོལ་རྒྱུན་གྱི་བྱུང་འཕེལ་ངོས་ནས་གཞིགས་ན། དེ་ལ་མེས་པོ་གོང་མར་དད་གུས་དང་། ཚོ་བའི་ཆིག་སྒྲིལ་གྱི་སྟོབས་ཤུགས་མཚོན་པའི་བྱེད་ནུས་ལྡན་ཞིང་། རིམ་བཞིན་ཆོས་ལུགས་གྲུབ་མཐའ་དང་ཁྱིམ་རྒྱུད་ཀྱི་རྟགས་མཚན་དུ་གྱུར་བར་མ་ཟད། མཛེས་དཔྱོད་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཏུའང་གྱུར་བ་རེད།

དུས་རབས་བར་མ་ནས་བཟུང་། ཨ་རབ་རིག་གནས་ཀྱི་ཤན་ཐེབས་པར་བརྟེན། ཨ་རབ་རྩོམ་རིག་རིམ་བཞིན་སུའུ་དན་རྩོམ་རིག་གི་ནང་དོན་གལ་ཆེན་ཞིག་ཏུ་གྱུར། སུའུ་དན་གྱི་རྩོམ་རིག་སྒྱུ་རྩལ་ཁྲོད་མུ་ཏིག་བཞིན་འོད་དུ་འཚེར་བ་ནི་སྙན་ངག་ཡིན་ཞིང་།
རྩོམ་རིག་འཕེལ་རིམ་གྱི་ངོས་ནས་དེ་ལ་ནང་དོན་གཉིས་ལྡན་ཏེ། གཅིག་ནི་དམངས་རྩོམ་གྱི་རྨང་གཞིའི་སྟེང་བྱུང་བའི་ངག་ཐོག་སྙན་ངག་སྟེ། དེ་ལས་གཉའ་གནོན་ལ་ངོ་རྒོལ་དང་རང་དབང་ལ་རེ་བའི་སེམས་འདུན་དང་། མི་ཕལ་བ་རེ་རེའི་སྣང་བརྙན་ལས་མངོན་པའི་སྤྱི་ཚོགས་ཀྱི་ངོ་གདོང་མཚོན། ཅིག་ཤོས་ནི་ཡིག་ཐོག་སྙན་ངག་སྟེ། དེ་ལས་གཙོ་བོ་མཐོ་རིམ་སྤྱི་ཚོགས་ཀྱི་འཚོ་བའི་སྣང་བརྙན་དང་ནང་སེམས་ཀྱི་བྱི་དོར། བྱས་རྗེས་ཅན་ལ་ཡི་རངས་པའི་སེམས་ཀྱི་སྨོན་པ་སོགས་མཚོན། སུའུ་དན་གྱི་དེང་རབས་རྩོམ་རིག་ལ་མཚོན་ན། སྤྱིའི་ཆ་ནས་ནང་དོན་ཆེན་པོ་གསུམ་གྱིས་གྲུབ་ཡོད་དེ། དང་པོ་ནི་ཨ་རབ་ཀྱི་སྐད་ཡིག་གིས་བྲིས་པའི་བརྩམས་ཆོས་ཏེ། དེ་ནི་ཨ་རབ་རྩོམ་རིག་སྤྱིའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན། གཉིས་པ་ནི་དབྱིན་ཡིག་གིས་བྲིས་པའི་བརྩམས་ཆོས་ཏེ། དེ་ནི་ནུབ་གླིང་རྩོམ་རིག་དང་སུའུ་དན་རྩོམ་རིག་གཉིས་མཉམ་འདྲེས་སམ་མཐུན་སྦྱོར་གྱི་གོ་རིམ་དུ་བཞེད། གསུམ་པ་ནི་སུའུ་དན་ལྷོ་རྒྱུད་ཀྱི་མི་ནག་ཚོ་བ་ཁག་གིས་རྒྱུན་འཛིན་བྱས་པའི་དམངས་ཁྲོད་རྩོམ་རིག་གོ ། 

18


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1