པཱ་ཧི་ཡིས་བསྟུད་མར་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-12


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱ་དང་སོ་བདུན་པ་བརྙན་རིས་ཀྱི་རྣམ་པས་སྤེལ་བ་དང་། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འདེམ་བསྐོའི་ཁྲོད། འདེམ་སྒུག་པ་གཅིག་པུ་ཡིན་པའི་པཱ་ཧི་ཡིས་བདེ་བླག་ངང་བསྟུད་འགན་ཁུར་ཐུབ་པ་བྱུང་། ལོ་རེ་བདུན་ཡིན་པའི་འཇར་མན་པ་དེས་ཉིས་སྟོང་ཉེར་ལྔ་ལོའི་བར་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་ལུས་རྩལ་ལས་ཁུངས་དེའི་འགན་དབང་འཛིན་རྒྱུ་རེད། 
        རིམས་ནད་ཀྱི་ཤུགས་རྐྱེན་འོག ན་ནིང་ཟླ་བདུན་པར་ཐོག་དང་པོར་སྐུད་ཐོག་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྤེལ་བའི་རྗེས་སུ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱང་སྐུད་ཐོག་ནས་སྤེལ་བ་རེད། ཀྲུའུ་ཞིའི་འདེམ་བསྐོའི་དུས་རིམ་དུ། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དག་གིས་སྐུད་ཐོག་ནས་འདེམ་ཤོག་འཕངས། སྤྱི་བསྡོམས་པས་འདེམ་ཤོག་གོ་བརྒྱད་ཁྲོད་ནས་འདེམ་ཤོག་གོ་གསུམ་གྱིས་རྒྱབ་སྐྱོར་བྱས་པ་དང་། འདེམ་ཤོག་གཅིག་གིས་ངོ་རྒོལ་བྱས་ལ། འདེམ་ཤོག་བཞི་ཡིས་དབང་ཆ་བསྐྱུར་བ་རེད། མཇུག་མཐར་པཱ་ཧི་ཡིས་བདེ་བླག་ངང་བསྟུད་འགན་ཁུར་ཐུབ་པ་རེད། 
        བསྟུད་འགན་ཁུར་རྗེས་ཀྱི་པཱ་ཧི་ཡིས་བརྙན་རིས་བརྒྱུད་དེ་སྐད་རིགས་དགུ་བཀོལ་ནས་ཨུ་ཡོན་ཚང་མ་དང་འཛམ་གླིང་ཡོངས་ཀྱི་སྨྱན་བྱད་དག་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ང་ཡིས་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད། ང་ཚོའི་མདུན་དུ་ལྷགས་པའི་བཅོས་བསྒྱུར་དང་དཀའ་ཁག་ལ་བསམ་བློ་བཏང་ན། བཀའ་དྲིན་ཞུས་ནས་ལྷག་ཏུ་རྣམ་དག་ཡིན་དགོས། ངས་བཤད་པ་ནང་བཞིན་རང་གི་འགྲན་རྩོད་ཁ་གཡང་སྟེ་སྣ་མང་རང་བཞིན་ཁྲོད་ནས་གཅིག་གྱུར་འཚོལ་ཞིབ་བྱེད་དགོས་ཞེས་པ་ལྟར་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་ལ་མགོ་ཁྲིད་བྱེད་པའི་རེ་བ་ཡོད། ང་ཡི་སེམས་ཀྱི་སྒོ་མོ་དུས་ནམ་ཡང་ཁྱོད་ཚོར་ཡངས་པོར་ཕྱེས་ཡོད་ལ། ང་ཡིས་རིམས་ནད་མཇུག་སྒྲིལ་རྗེས་སྔར་ལས་ཆེ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 
        པཱ་ཧི་ཡིས་ད་རུང་ཨོ་ལིན་ཕིག་གི་ཁ་གཡང་སྟེ་ཆེས་མྱུར་དང་། ཆེས་མཐོ། ཆེས་དྲག་པའི་རྨང་གཞིའི་སྟེང་མཉམ་དུ་གནས་ཞེས་པ་ཞིག་ཁ་སྣོན་བྱས་ཆོག་མིན་ལ་ཚང་མས་གྲོས་བསྡུར་བྱེད་འདོད་ཡོད་པའི་གྲོས་གཞི་བཏོན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1