རོང་བྲག་བརྒྱ་གྱུར་བོད་གྲོང་དང་བུ་མོ་ཀུའེ་ཧྭ་ལྷ་མོ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-12



རྒྱལ་རོང་མཛེས་མ་ཞིག་གིས་ཕ་ཡུལ་གྱི་ལས་དབང་བསྒྱུར།

རོང་བྲག་བརྒྱ་གྱུར་བོད་གྲོང་དང་བུ་མོ་ཀུའེ་ཧྭ་ལྷ་མོ།


འདི་གར་མཛེས་པའི་ཞིང་ཁམས་ཟེར་སྲོལ་ཡོད་ལ་བྱིས་སྒྲུང་ནང་གི་འཇིག་རྟེན་ཞེས་ཀྱང་འབོད།མིང་གཞན་ཡང་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་སྡེ་དང་པོ་ཞེས་ཐོགས་ཡོད། སྔོན་ཆད་ས་ཆ་དེ་ནི་གོ་རྒྱུ་ཚོར་རྒྱུ་མེད་པའི་ལུང་ཁུག་ཅིག་ཡིན། ད་ལྟར་རྒྱལ་ཕྱི་ནང་དུ་སྐད་གྲགས་ཁྱབ་ཡོད་ལ།དེ་ཡང་བུ་མོ་མཛེས་མ་ཞིག་གི་ལས་དབང་དང་འབྲེལ་བ་དམ་པོ་ཡོད་པ་སུ་ཞིག་གིས་ཡིད་ཆེས་བྱེད་སྲིད་དམ།

མཛེས་ཉམས་ཀྱིས་ཕྱུག་པའི་བརྒྱ་གྱུར་བོད་གྲོང་།

རོང་བྲག་རྫོང་མཁར་ནས་སྤྱི་ལེ30ཙམ་ཡོད་པའི་སྟོང་དགུ་རང་བྱུང་མཛེས་ལྗོངས་དང་གདོང་གི་མཛེས་ལྗོངས་ཁྱད་མཚར་ཅན། འཛམ་གླིང་དུ་སྐད་གྲགས་ཡོད་པའི་སོག་ཕོ་མཁར་རྫོང་ཁྱུ་ཚོགས་བཅས་ཀྱིས་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག དེ་ལས་ཀུན་གྱིས་ཆེས་ཡིད་སྨོན་བྱེད་ཡུལ་དུ་གྱུར་པ་ནི་རི་མོའི་ནང་གྲོང་སྡེ་ལྟ་བུའི་ཀྲུང་གོའི་གྲོང་སྡེ་མཛེས་ཤོས་དང་པོའི་མཚན་སྙན་ཐོབ་པའི་བརྒྱ་གྱུར་བོད་གྲོང་ཡིན་ནོ།། བརྒྱ་གྱུར་ཟེར་བའི་རྒྱུ་མཚན་ནི་གྲོང་སྡེར་དུད་ཚང་བརྒྱ་ཡོད་པའི་ཆ་ནས་མིང་ཐོགས་པ་ཡིན་ལ། ད་ལྟར་བརྒྱ་གྱུར་བོད་གྲོང་དུ་གྲོང་སྡེ་གསུམ་ཡོད་པ་དང་དུད་ཚང150ལ་ཟིན་ཞིང་མི་འབོར700ཡོད། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་རི་ཀླུང་སྔོ་ཞིང་ལྗང་ལ། ཆུ་མོ་དྭངས་ཤིང་གཙང་བ་དང་། བརྒྱ་གྱུར་གྱི་མི་རབས་རྒྱུད་བཅས་ཀྱིས་བརྐོས་པའི་སྐས་ཞིང་གི་ཁྲོད་དུ་ཁྱད་ཆོས་ལྡན་པའི་མཁར་རྫོང་བོད་ཁང་རྣམས་ཕྲ་ཚོམ་བཏབ་པ་བཞིན་གནས་ཤིང་། ཐུན་མོང་མ་ཡིན་པའི་ཞིང་རའི་མཛེས་ཉམས་ཤིག་དོད་ཡོད།

བརྒྱ་གྱུར་བོད་གྲོང་དེ་སྐད་གྲགས་ཆེ་རུ་འགྲོ་བ་ཡང་ཀུའེ་ཧྭ་ཟེར་བའི་བུ་མོ་མཛེས་མ་ཞིག་གི་ལས་སྐལ་དང་འབྲེལ་བ་ཆེན་པོ་ཡོད། བརྒྱ་གྱུར་བོད་གྲོང་དུ་ཡོང་མཁན་ཡུལ་སྐོར་བ་ཕལ་ཆེར་ཀུའེ་ཧྭ་ཚང་ལ་ཞག་སྡོད་བྱས་པ་རེད། རྒྱུ་མཚན་གཙོ་བོ་ནི་ཀུའེ་ཧྭ་ནི་ཡུལ་དེའི་ཡུལ་སྐོར་སྣེ་ལེན་གཉེར་མཁན་ཨང་དང་པོ་ཡིན་ལ། ཀུའེ་ཧྭ་ལ་ནུ་མོ་གཉིས་ཡོད་ཅིང་། ཆུང་བ་རྒྱ་མཚོ་ལྷ་མོ་ལ་རོང་བྲག་རྫོང་གིས་མཛེས་མ་བདམས་དུས་སེའུ་མེ་ཏོག་ཅེས་པའི་མཛེས་སྙན་ཐོབ་ཡོད། ཡུལ་སྐོར་བ་མང་པོ་ཞིག་བོད་ཀྱི་བུ་མོ་སྤུན་གསུམ་གྱི་གནས་ཚང་གི་སྐད་གྲགས་ལ་སྨོན་ནས་ཡོང་བ་རེད།

རོང་བྲག་བརྒྱ་གྱུར་བོད་གྲོང་དང་བུ་མོ་ཀུའེ་ཧྭ་ལྷ་མོ།

ཤེས་རིག་ཡོན་ཏན་ལ་བརྟེན་ནས་བུ་མོ་ཀུའེ་ཧྭ་ཡི་ལས་དབང་བསྒྱུར།

ཀུའེ་ཧྭ་ཟེར་བ་ནི་རྒྱ་མིང་ངོ་མ་ཡིན་ཞིང་། ཆུང་དུས་རྒྱ་རིགས་བུད་མེད་ཅིག་གི་བུམ་ཚབ་བྱས་པས་མིང་དེ་ལྟར་ཐོགས། ཀུའེ་ཧྭ་ནི་བརྒྱ་གྱུར་གྲོང་སྡེ་དང་པོར་འཚར་ལོངས་བྱུང་བའི་བུ་མོ་ཞིག་ཡིན། མོའི་ཕ་མ་གཉིས་ཀ་བརྒྱ་གྱུར་གྲོང་སྡེའི་ཞིང་པ་ཡིན་ཞིང་། མོའི་འོག་ལ་ད་དུང་ནོར་བུ་ལྷ་མོ་དང་རྒྱ་མཚོ་ལྷ་མོ་སྟེ་ནུ་མོ་གཉིས་ཡོད་པ་རེད།

དུས་རབས་གོང་མའི་ལོ་རབས80པའི་སྐབས་སུ་བརྒྱ་གྱུར་བོད་གྲོང་དེ་གོ་རྒྱུ་ཚོར་རྒྱུ་མེད་པའི་ལུང་པ་དབུལ་ཕོངས་ཤིག་ཡིན་ཞིང་། དཔལ་འབྱོར་དཀའ་ངལ་ཆེ་བའི་དབང་གིས་ཡུལ་དེའི་ཞིང་པའི་བུ་རྒྱུད་སློབ་གྲྭ་མངགས་མཁན་མེད་ཅིང་། སློབ་གྲྭར་ཞུགས་པ་དེ་ཡུལ་དེ་གའི་ཞིང་པའི་བུ་རྒྱུད་ཀྱི་མཚན་མོའི་རྨི་ལམ་ནང་ཤར་བའི་སྣང་ཚུལ་ཙམ་ལས་མ་འདས། བུ་མོ་སྤུན་གསུམ་དེ་མཛེས་ཤིང་སྤྱང་གྲུང་ལྡན་ནའང་སློབ་གྲྭར་མངགས་ཐུབ་མེད། བརྒྱ་གྱུར་བོད་གྲོང་ནས་རོང་བྲག་རྫོང་བར་ལམ་ཐག་སྤྱི་ལེ10ལྷག་ཙམ་ཡོད་པའི་ཐོག་འགྲོ་ལམ་ཡང་བདེ་མོ་མེད་པས་རྫོང་མཁར་དུ་ཐེངས་གཅིག་འགྲོ་དུས་ཀྱང་དཀའ་ཁག་ཆེན་པོ་ཡོད། རྫོང་མཁར་དུ་ཐེངས་རེར་སླེབས་དུས་ཀྱང་ཀུའེ་ཧྭའི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་སོང་ཡོད་ལ། དེ་དུས་མོས་ཤེས་རིག་ཡོན་ཏན་ཡོད་ན་གཞིགས་ནས་ལས་དབང་བསྒྱུར་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་བ་རེད། མོས་ཕ་མར་སློབ་གྲྭར་འགྲོ་རྒྱུའི་རེ་བ་ཞུ་དུས་ཕ་མ་གཉིས་ཀྱིས་ཀྱང་མོའི་རེ་བ་ལྡོག་མི་བཟོད་ནས་མོ་རང་རི་འདབས་ཀྱི་བརྒྱ་གྱུར་སློབ་ཆུང་ནང་བསྐྱལ་ནས་ཡི་གེ་སྦྱོང་དུ་བཅུག

ཀྭའེ་ཧྭ་ཡིས་བློ་རིག་བསྒྲིམས་ནས་སློབ་སྦྱོང་འབད་བརྩོན་བྱས་པའི་ཁྲོད་སྦྱངས་འབྲས་ལེགས་པོ་ཐོབ་ནས་རྫོང་མཁར་གྱི་སློབ་འབྲིང་ལ་རྒྱུག་འཕྲོད་ན་ཡང་། སློབ་ཡོན་དང་འཚོ་བའི་འགྲོ་གྲོན་དེ་ཁྱིམ་ཚང་གི་དཀའ་ངལ་ཆེ་ཤོས་སུ་གྱུར། དེའི་དུས་ཨ་མ་དང་ནུ་མོ་ལྷ་མོས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། ནུ་མོ་ནོར་བུ་ལྷ་མོས་ཨ་ཅེའི་སློབ་ཡོན་གྱི་ཆེད་དུ་གྲོང་ཚོའི་ཁྱིམ་ཚང་ཞིག་ལ་མནའ་མ་འགྲོ་རྒྱུ་ཁས་ལེན་ཞིང་། མནའ་མ་འགྲོ་བའི་སྔོན་འགྲོ་ཆ་རྐྱེན་ནི་ཁྱིམ་ཚང་གིས་ཀུའེ་ཧྭ་ལ་སློབ་ཡོན་སྤྲད་རོགས་བྱ་རྒྱུ་དེ་ཡིན་པ་རེད། ཁྱིམ་མིའི་རེ་བ་སྟོང་ཟད་དུ་མི་གཏོང་ཆེད། མོས་སློབ་སྦྱོང་ལ་དེ་བས་འབད་བརྩོན་སྙིང་རུས་བྱས་མཐར1995ལོར་མོ་ཁྲེང་ཏུའུ་ཡི་བཟོ་སྐྲུན་སློབ་གྲྭ་ཞིག་ལ་རྒྱུགས་འཕྲོད། དེ་ནི་མི་སེམས་ལ་སྐུལ་མ་ཐེབས་བྱེད་ཀྱི་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་ཀུའེ་ཧྭ་ཡི་སློབ་ཞུགས་གྲོན་དངུལ་རྐྱེན་གྱིས་ཁྱིམ་མི་ཚང་མ་ལ་དགའ་སྤྲོ་དེ་ཙམ་སྐྱེས་ཐུབ་མེད། སྟབས་ལེགས་པ་ཞིག་ལ་གཉེན་ཉེ་ཚང་མས་ཀུའེ་ཧྭ་ལ་རེ་བ་བཅོལ་གྱི་ཡོད་པས། ཚང་མས་ཕར་བསྡུས་ཚུར་རུབ་བྱས་ནས་ཀུའེ་ཧྭ་ཡི་སློབ་དུས་དང་པོའི་འགྲོ་གྲོན་འདང་ངེས་ཤིག་བསྡུས་ཐུབ་ཡོད་པ་རེད།

ཀུའེ་ཧྭ་སློབ་གྲྭར་ཞུགས་རྗེས། དེའི་རྗེས་ཀྱི་འཚོ་བའི་འགྲོ་གྲོན་ཡང་ཀུའེ་ཧྭ་ཡི་མགོ་ན་བའི་བྱ་བ་ཞིག་ཏུ་གྱུར། སྐབས་དེར་ལོ16ལ་སོན་མེད་པའི་ནུ་མོ་ཆུང་བ་རྒྱ་མཚོ་ལྷ་མོས་སེམས་ཐག་བཅད་དེ་ཁྲེང་ཏུའུ་ལ་ཞོར་ལས་སུ་སོང་ནས་ཟླ་རེའི་གླ་དངུལ་ཨ་ཅེའི་སློབ་ཡོན་དང་འཚོ་དངུལ་དུ་སྤྲད་ནས་ཨ་ཅེའི་རྒྱབ་ཀྱི་སེམས་ཁྲལ་སེལ་རོགས་བྱས་པ་རེད།

རོང་བྲག་བརྒྱ་གྱུར་བོད་གྲོང་དང་བུ་མོ་ཀུའེ་ཧྭ་ལྷ་མོ།

ཀུའེ་ཧྭ་ཡིས་བརྒྱ་གྱུར་བོད་གྲོང་ཕྱིར་ངོ་སྤྲོད་ཐེངས་དང་པོར་བྱས།

1998ལོར་ཀུའེ་ཧྭ་སློབ་མཐར་ཕྱིན་ནས་རོང་བྲག་རྫོང་དུ་ཕྱིར་ལོག་དུས་རྫོང་དེའི་རྒྱལ་དབང་ཁེ་ལས་ཤིག་ཏུ་ཞུགས་ནས་བཟོ་འགོད་པའི་ལས་འགན་ཁུར། རྫོང་དུ་ཕྱིར་ལོག་པའི་ལམ་བར་དུ་ཞང་ཀང་ནས་སི་ཁྲོན་དུ་ཡུལ་སྐོར་ཡོང་མཁན་སུན་ག་གེ་མོ་ཞིག་ངོ་ཤེས་པ་དང་། མོས་སྐུ་ཞབས་སུན་ལགས་ལ་བརྒྱ་གྱུར་བོད་གྲོང་གི་གནས་ཚུལ་མང་པོ་ཞིག་ངོ་སྤྲོད་བྱས། སྐུ་ཞབས་སུན་ལགས་ཧ་ལས་ནས་ཀུའེ་ཧྭ་དང་མཉམ་དུ་བརྒྱ་གྱུར་བོད་གྲོང་དུ་ལྟ་རུ་འགྲོ་འདོད་ཡོད་པའི་བསམ་ཚུལ་བཤད་དུས། ཀུའེ་ཧྭ་ཡིས་དགའ་སྤྲོ་ཆེན་པོས་སྐུ་ཞབས་སུན་ལགས་ཕ་ཡུལ་དུ་ཁྲིད་པ་དང་། ཁྱིམ་མི་ཚང་མས་སྐུ་ཞབས་སུན་ལགས་དེ་སྐུ་མགྲོན་རྩ་ཆེན་ཞིག་ཏུ་བརྩིས་ནས་སྣེ་ལེན་བྱས་པ་རེད། བརྒྱ་གྱུར་བོད་གྲོང་གི་སྤྱི་ལེ5ཙམ་གྱི་ས་ཆའི་ཐོག་གི་ཁྱད་ཆོས་ལྡན་པའི་བོད་ཁང་དང་མཁར་རྫོང་བཟོ་སྐྲུན་བཅས་ལ་སྐུ་ཞབས་སུན་ལགས་ཀྱིས་བསྔགས་བརྗོད་ཚད་མེད་བྱས་པ་དང་ཀུའེ་ཧྭའི་ཁྱིམ་དུ་ཉིན་ལྔ་བསྡད་ཀྱང་རང་ཡུལ་དུ་ལོག་འདོད་མེད་ཅིང་། འགྲོ་ཁར་ཡང་རྗེས་མ་ད་དུང་ཡོང་རྒྱུ་ཡིན། མི་མང་པོ་ཡང་ཁྲིད་ཡོང་རྒྱུ་ཡིན་ཞེས་བཤད་པ་རེད།

སྐུ་ཞབས་སུན་གྱིས་བཤད་པ་ནང་བཞིན1999ལོའི་ཟླ་བ5པར་ཁོང་ཡང་བསྐྱར་བརྒྱ་གྱུར་ལ་ཡོང་ཞིང་། ཐེངས་འདིར་ཁོང་གིས་མི10ལྷག་ཙམ་ལས་གྲུབ་པའི་ཡུལ་སྐོར་ཚོ་ཆུང་ཞིག་ཁྲིད་དེ་ཀུའེ་ཧྭ་ཚང་དུ་བསླེབས། ཀུའེ་ཧྭ་ཚང་གིས་ཐག་རིང་ནས་ཡོང་བའི་མགྲོན་པར་དགའ་བསུ་ཆེན་པོ་བྱས་ནས་ཡུལ་མི་མང་པོ་འདུ་འཛོམས་བྱས་ནས་ཉིན་གསུམ་ལ་གླུ་ལེན་བྲོ་འཁྲབ་དང་བོད་ཟས་ཀྱིས་གསོལ་སྟོན་བཤམས། དེའི་རྗེས་བུ་མོ་སྤུན་གསུམ་སྐུ་ཞབས་སུན་ལགས་ཀྱི་བུམ་ཚབ་ཏུ་གྱུར།

དེ་ནས་བཟུང་། སྐུ་ཞབས་སུན་ལགས་དང་བཅས་པས་བརྒྱ་གྱུར་བོད་གྲོང་དེ་གྲོགས་པོ་ཚང་མར་ངོ་སྤྲོད་བྱས་ནས་གྲོགས་པོ་ཚོ་གཅིག་རྗེས་གཉིས་མཐུད་ནས་རྒྱལ་རོང་དུ་ཡུལ་སྐོར་དུ་ཡོང་བ་དང་། ཀུའེ་ཧྭ་ཚང་ཡང་ཡུལ་སྐོར་འགྲུལ་པར་སྣེ་ལེན་བྱེད་གནས་སུ་གྱུར་ནས་ཡུལ་སྐོར་བ་ཚན་པ་གཅིག་དང་གཅིག་གིས་རྒྱ་མོ་ཚ་བ་རོང་གི་བརྒྱ་གྱུར་བོད་གྲོང་སྐད་གྲགས་གང་སར་ཁྱབ་ཏུ་བཅུག་ཏེ་ཡུལ་སྐོར་ཡོང་མཁན་ཡང་ཇེ་མང་སོང་བ་རེད།

བརྒྱ་གྱུར་བོད་གྲོང་གི་ཡུལ་སྐོར་སྣེ་ལེན་ཁང་དང་པོར་བཙུགས།

དེ་དུས་ཀུའེ་ཧྭའི་སེམས་སུ་བརྒྱ་གྱུར་བོད་གྲོང་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད་པས་ཕ་ཡུལ་ཕྱི་ཕྱོགས་ལ་ངོ་སྤྲོད་བྱས་ནས་མི་དེ་བས་མང་པོས་ཕ་ཡུལ་གྱི་མཛེས་སྡུག་གོ་ཐབས་བྱེད་པའི་བསམ་ཚུལ་ཞིག་བྱུང་། དེ་ནས་ཀུའེ་ཧྭ་ཡིས་རང་ཉིད་ཀྱི་ཤེས་རིག་ཡོན་ཏན་ལ་བརྟེན་ནས་བརྒྱ་གྱུར་བོད་གྲོང་ངོ་སྤྲོད་བྱས་པའི་དྲྭ་ཚུགས་ཤིག་བཙུགས་ཤིང་། དྲ་བ་བརྒྱུད་ནས་བརྒྱ་གྱུར་བོད་གྲོང་གི་སྐད་གྲགས་དེ་བས་ཆེ་རུ་སོང་བ་དང་བསྟུན། ཡུལ་སྐོར་བ་ཟམ་མི་ཆད་མེད་པར་ཡོང་བ་རེད། 2000ལོར་ཀུའེ་ཧྭ་ཚང་གིས་ཁྱིམ་ཚང་ཡུལ་སྐོར་སྣེ་ལེན་ཁང་དང་པོ་བཙུགས་ཏེ་བོད་ཀྱི་བུ་མོ་སྤུན་གསུམ་གྱི་གནས་ཚང་ཞེས་མིང་བཏགས་པ་རེད།

རོང་བྲག་རྫོང་ཡུལ་སྐོར་ཅུས་ཀྱིས་བརྒྱ་གྱུར་བོད་གྲོང་གི་ཡུལ་སྐོར་མདུན་ལམ་མཐོང་དུས་དང་ཐོག་ཀུའེ་ཧྭ་དང་པའོ་ཧྲེང་སོགས་དུད་ཚང་བཞི་ལ་ཡུལ་སྐོར་སྣེ་ལེན་དཔེ་སྟོན་དུད་ཚང་གི་སྒོ་བྱང་སྤྲད་ཅིང་། དེ་ནས་བརྒྱ་གྱུར་བོད་གྲོང་གི་ཡུལ་སྐོར་བྱ་གཞག་དངོས་སུ་སྤེལ་བ་རེད།

2001ལོར་བརྒྱ་གྱུར་བོད་གྲོང་དུ་མི་སེམས་ལ་སྐུལ་མ་ཐེབས་པའི་གཏམ་བཟང་ཞིག་ཐོས་པ་སྟེ། ཀུའེ་ཧྭའི་ནུ་མོ་ཆུང་བ་རྒྱ་མཚོ་ལྷ་མོར་རོང་བྲག་རྫོང་གི་རྒྱལ་རོང་ཡུལ་སྲོལ་གོམས་གཤིས་དུས་ཆེན་སྐབས་དང་པོའི་ཐོག་སེའུ་མེ་ཏོག་མཛེས་སྙན་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། དེ་ནས་རྒྱ་མཚོ་ལྷ་མོ་མཛེས་མ་བདམས་པའི་གཏམ་བཟང་གསར་འགྱུར་འཕྲིན་སྦྱོར་བརྒྱུད་ནས་གང་སར་ཁྱབ་ཏེ་རྒྱལ་ནང་གི་དུས་དེབ་མང་པོའི་མདུན་ཤོག་ཏུ་མོའི་པར་རིས་བཀོད་ཡོད། ཡུལ་སྐོར་བ་དེ་བས་མང་པོ་མཛེས་མར་ལྟ་ཕྱིར་ཡོང་བ་དང་། ཀུའེ་ཧྭ་ཚང་གི་ཁྱིམ་དུ་ཡུལ་སྐོར་བ་མང་པོ་གང་ནས་ཁྱིམ་མི་དང་ཉེ་གྲོགས་ཚང་མས་ནམ་རྒྱུན་གསོལ་སྟོན་དང་བྲོ་གར་འཁྲབ་པའི་ལས་ལ་བྲེལ་བཞིན་ཡོད། ཡུལ་སྐོར་བ་ཇེ་མང་སོང་བ་དང་བསྟུན་ནས་ཀུའེ་ཧྭ་སོགས་ཡུལ་སྐོར་སྣེ་ལེན་དཔེ་སྟོན་དུད་ཚང་ཁ་ཤས་ཀྱིས་འགྲུལ་པར་སྣེ་ལེན་བྱེད་ཐུབ་ཀྱི་མེད་པས་བརྒྱ་གྱུར་གྲོང་སྡེ་དང་པོ་དང་གཉིས་པའི་དུད་ཚང19ལ་སྒོ་བྱང་བཀལ་ནས་ཡུལ་སྐོར་སྣེ་ལེན་བྱེད་དུ་བཅུག དེ་སྔོན་ཕྱིར་གླ་རྒྱག་འགྲོ་མཁན་ན་གཞོན་ཚོས་གནས་ཚུལ་དེ་ཐོས་རྗེས་གཅིག་རྗེས་གཉིས་མཐུད་དུ་ཕ་ཡུལ་དུ་ལོག་ནས་ཡུལ་སྐོར་སྣེ་ལེན་གྱི་ལས་ལ་ཞུགས། ཀྭའེ་ཧྭས་ཀྱང་ལས་གནས་བསྐྱུར་ནས་བློ་གཅིག་སེམས་གཅིག་གིས་ཡུལ་སྐོར་བྱ་གཞག་སྒྲུབ་པ་རེད།

ཀུའེ་ཧྭ་ཡིས་ཡུལ་མི་སྣེ་ཁྲིད་བྱས་ཏེ་ཕྱུག་འགྱུར་ལམ་དུ་སྐྱོད།

བརྒྱ་གྱུར་བོད་གྲོང་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། གཞུང་ལམ་མི་བདེ་བ་དེ་ཡུལ་སྐོར་བར་ཆེས་དཀའ་ཁག་ཆེ་བའི་གནད་དོན་དུ་གྱུར་པས། ཀྭའེ་ཧྭ་དང་པའོ་ཧྲེང་གཉིས་ཀྱིས་ཡུལ་མི་སྣེ་ཁྲིད་བྱས་ཏེ་སྲིད་གཞུང་ལ་ལམ་ལས་གྲོན་དངུལ་རེ་ཞུ་བྱས་མཐར་ཉ་ག་ཡུལ་ཤོག་སྲིད་གཞུང་གིས་དམངས་ཀྱི་འདོད་བློ་བསྐངས་ནས་མ་དངུལ་སྒོར་ཁྲི170རག་ཐབས་བྱས་ཏེ་ཆུ་ཆེན་གྲོང་རོང་ནས་བརྒྱ་གྱུར་བར་གྱི་གཞུང་ལམ་བསྐྲུན་ནས་བརྒྱ་གྱུར་བོད་གྲོང་ཉིན་རེ་བཞིན་ཡར་རྒྱས་འགྲོ་བར་ཕན་པའི་ཆ་རྐྱེན་བསྐྲུན་པ་རེད། བརྒྱ་གྱུར་བོད་གྲོང་གི་མཛེས་སྡུག་ནི་ཡུལ་མི་དུད་ཚང་རེ་དང་མཁར་རྫོང་རེ་ལས་གྲུབ་པ་ཞིག་ཡིན་ཕྱིར་ཡུལ་སྐོར་ལས་བྱུང་བའི་དཔལ་འབྱོར་ཕན་འབྲས་ཡུལ་མི་ཚང་མས་ལོངས་སུ་སྤྱད་དགོས་ངེས་ཡིན་པ་དེ་ཀུའེ་ཧྭ་སེམས་ནང་གསལ་པོར་ངེས། མོས་རང་ཉིད་ཕྱུག་པོར་གྱུར་ཚེ། ཡུལ་མི་ཡོངས་རྫོགས་ཕྱུག་པོར་འགྱུར་རྒྱུར་སྐུལ་ཁྲིད་བྱ་དགོས་པའི་བསམ་པ་ཁྱེར་ནས་བུ་མོ་སྤུན་གསུམ་གྱི་སྐད་གྲགས་ལ་བརྟེན་ནས་གྲོང་སྡེར་ཡུལ་སྐོར་སྣེ་ལེན་ཆ་རྐྱེན་དེ་འདྲ་མེད་པའི་དུད་ཚང30ལྷག་ལ་འབྲེལ་བ་བཟོས་ནས་འགྲུལ་པ་ཡོང་དུས་གཅིག་གྱུར་འཆར་འགོད་བྱས་པ་རེད། དེ་ནས་བརྒྱ་འགྱུར་བོད་གྲོང་དེ་ཀུའེ་ཧྭ་ཡིས་གཅིག་གྱུར་འཆར་འགོད་འོག་ཡུལ་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1