སྤྱི་ཟླ་12པའི་ཚེས་25ཉིན། ལྷོ་ཁོ་རེ་ཡའི་མཉམ་སྦྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡིས་ཚེས་17ཉིན་བསྟན་དོན། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་གཉིས་ཀྱིས་ཟླ་སྔོན་མའི་མིང་རྟགས་བཀོད་པའི་《ཕྱི་འབྲེལ་དཔོན་རིགས་དང་གཞུང་ལས་ལམ་ཡིག་ལ་མིང་རྟགས་འགོད་མི་དགོས་པའི་གྲོས་ཆོད་སྐོར།》ཞེས་པ་དེ་ཚེས་25ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས། གྲོས་ཆོད་ལ་གཞིགས་ན། ན་ནིང་གི་སྤྱི་ཟླ་8པར་ལྷོ་ཁོ་རེ་ཡ་དང་ཀྲུང་གོ་གཉིས་ཀྱིས་བཞག་པའི་ཕྱི་འབྲེལ་ལམ་ལ་མིང་རྟགས་འགོད་མི་དགོས་པའི་གྲོས་ཆོད་སྐོར་ཞེས་པ་དེ་རྒྱལ་ཁབ་གཉིས་པོའི་གཞུང་ལས་ལམ་ཡིག་འཛིན་མཁན་གྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་ཡོད། ཕྱི་འབྲེལ་ལམ་ཡིག་དང་ནུས་ལྡན་གྱི་གཞུང་ལས་ལམ་ཡིག་ཡོད་པའི་རྒྱལ་ཁབ་གཉིས་པོའི་ལས་བྱེད་པ་དག་གིས་ཕན་ཚུན་གྱི་རྒྱལ་ཁོངས་བརྒལ་ཡང་ལམ་ཡིག་གི་ཐོག་མིང་རྟགས་འགོད་དགོས་ཀྱི་མེད་པར། ཉིན་30ཡི་རིང་བསྡད་ཆོག་གི་ཡོད། །