ལས་སྒྲུབ་མི་སྣ་ཚོས་ཕོ་བྲང་པོ་ཏ་ལ་རུ་བོད་ཡིག་གི་ཡིག་གཟུགས་ཤོག་དྲིལ་རིང་མོ་དེ་འགྲེམ་སྟོན་བྱེད་བཞིན་པ།
ལས་སྒྲུབ་མི་སྣ་ཚོས་ཕོ་བྲང་པོ་ཏ་ལ་རུ་བོད་ཡིག་གི་ཡིག་གཟུགས་ཤོག་དྲིལ་རིང་མོ་དེ་འགྲེམ་སྟོན་བྱེད་བཞིན་པ།
སྤྱི་ཟླ་12པའི་ཚེས་24ཉིན། བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་པ་ཉན་ཤུལ་རྡོ་རྗེ་དོན་འགྲུབ་དང་འཇམ་དཔལ། བསྟན་དགའ་བཅས་ཀྱིས་ལོ་ངོ་བཞིའི་རིང་འབད་བརྩོན་ལྷོད་མེད་ཀྱིས་གསར་རྩོམ་བྱས་པའི་བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་རིང་མོ་དེ་ཕོ་བྲང་པོ་ཏ་ལ་རུ་ཕུལ་ནས་ཉར་ཚགས་བྱས་པ་རེད། ཁོང་ཚོའི་ཡིག་གཟུགས་བརྩམས་ཆོས་འདི་འཛམ་གླིང་གི་ཅི་ཉི་སི་ཟིན་ཐོའི་ནང་བདམས་ཐོན་བྱུང་ཡོད་ལ། འཛམ་གླིང་གི་ཆེས་རིང་བའི་བོད་ཡིག་གི་ཡིག་གཟུགས་ཤོག་དྲིལ་ཞེས་པའི་མཚན་སྙན་གནང་ཡོད།
ཕོ་བྲང་པོ་ཏ་ལ་རུ་བོད་ཡིག་གི་ཡིག་གཟུགས་ཤོག་དྲིལ་རིང་མོ་དེ་འགྲེམ་སྟོན་བྱེད་བཞིན་པའི་ཡུལ་དངོས།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གི་འགོ་གཙོ་གཞོན་པ་བསོད་ནམས་དབང་ལྡན་གྱིས། བོད་ཡིག་ནི་སྒྲ་མཚོན་ཡི་གེ་ཡིན་ལ། བོད་ཡིག་གི་ཡིག་གཟུགས་རྐྱང་བ་འདི་ལྟར་སྒྱུ་རྩལ་གྱི་ཚད་མཐོན་པོ་ཞིག་ཏུ་བསྐྱལ་བ་ནི་དངོས་གནས་རིན་ཐང་བྲལ་བ་རེད། ཁོང་ཚོས་བྲིས་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་འདི་ནི་ཕོ་བྲང་པོ་ཏ་ལ་རུ་ཉར་ཚགས་བྱས་པའི་དེང་རབས་ཀྱི་བརྩམས་ཆོས་ཆེན་པོ་ཐོག་མ་དེ་ཡིན་ལ། འདིས་ཕུན་སུམ་ཚོགས་པའི་བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་གྱི་རྣམ་པ་ཕྱིར་མངོན་ཡོད་པ་མ་ཟད། བོད་ཡིག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱང་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད་ཅེས་བསྟན།
ཐེངས་འདིར་ཕུལ་བའི་བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་འདི་ནི་རྡོར་ལུགས་ཐང་གའི་སྲོལ་འབྱེད་མཁན། དེང་རབས་བོད་ཀྱི་ཡིག་རིས་པ་ཉན་ཤུལ་རྡོ་རྗེ་དོན་འགྲུབ་དང་ཡིག་བྲིས་མཁས་པ་དགེ་མང་འཇམ་དཔལ། བསྟན་དགའ་བཅས་ཀྱིས། 2009ལོ་ནས་བཟུང་ཞང་ཞུང་གི་གནའ་ཡིག་དང་གཟི་ཡིག དབུ་ཅན། སུག་རིང་། སུག་ཐུང་། འཁྱུག་ཡིག་སོགས་བོད་ཡིག་གི་ཡིག་གཟུགས་མི་འདྲ་བ་177བྲིས་ཤིང་། དེ་མིན་བོད་ཡིག་གི་ཡིག་གཟུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་བོད་སྨྱུག་གླེང་བ་སོགས་ཀྱི་བརྩམས་ཆོས་བྲིས་ནས་གྲུབ་པ་ཞིག་ཡིན་ལ། འདིའི་རིང་ཚད་ལ་སྨི་206དང་མཐོ་ཚད་ལ་ལི་སྨི་80ཡོད།
ཉན་ཤུལ་རྡོ་རྗེ་དོན་འགྲུབ་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
ཡིག་བྲིས་མཁས་པ་རྡོ་རྗེ་དོན་འགྲུབ་ཀྱིས། ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཡིན་ལ། བོད་ཡིག་གི་ཡིག་གཟུགས་ཤོག་དྲིལ་རིང་མོ་འདིའི་བཞུགས་ས་ལེགས་ཤོས་ཀྱང་རེད། འདི་ལྟར་བྱས་ན་ཡིག་གཟུགས་བརྩམས་ཆོས་འདི་ལ་སྲུང་སྐྱོབ་ལེགས་པོ་བྱ་ཐུབ་པ་མ་ཟད། མི་མང་པོ་ཞིག་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ཡིག་གཟུགས་རིག་གནས་ལ་རྒྱུས་ལོན་བྱེད་བདེ་པོ་འདུག་ཅེས་བཤད། །
ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གི་འགོ་གཙོ་གཞོན་པ་བསོད་ནམས་དབང་ལྡན་གྱིས་ཁོང་ཚོར་ཉར་ཚགས་དཔང་ཡིག་གནང་བཞིན་པ།