སྤྱི་ཟླ་3པའི་ཚེས་11ཉིན། གཅན་གཟན་གསའ་ཞིག་མཚོ་སྔོན་ཞིང་ཆེན་མོན་ཡོན་རྫོང་ཞི་ཐན་ཤང་སློང་ཆུང་ཉེ་འགྲམ་གྱི་ཞིང་ཁྱིམ་ཞིག་ཏུ་འཛུལ་བའི་ཐད་ཚང་མས་དོ་ཁུར་ཆེན་པོ་བྱས་ཡོད། ཉིན་དེར། མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ལ་མྱུར་སྐྱོབ་གནས་ཚུལ་འབྱོར་རྗེས་འཕྲལ་མར་མོན་ཡོན་རྫོང་དུ་བསྐྱོད་དེ་སྐྱོབ་རོགས་བྱས་པ་དང་། སྲོག་སྐྱོབ་མི་སྣས་ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་བརྡར་ཤ་བཅད་པར། གསའ་དེའི་ཐོད་པར་རྨ་བཟོས་ནས་ཁྲག་བཞུར་བཞིན་ཡོད་པ་མ་ཟད་འགུལ་སྐྱོད་བྱེད་འགོར་པོ་ཡོད་པ་རེད། གསའ་དེའི་བདེ་ཐང་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱེད་ཆེད། སྲོག་སྐྱོབ་མི་སྣས་གསའ་དེ་སྲོག་སྐྱོབ་ལྟེ་གནས་སུ་སྐྱེལ་ནས་བརྟག་དཔྱད་ཞིབ་ཕྲ་བྱས་ཡོད། ཁྲག་ལེན་ཞིབ་བཤེར་བྱས་པ་བརྒྱུད། གསའ་དེ་ཕོ་ཡིན་པ་དང་ལོ་4ནས་5བར་ལ་སླེབས་བཟོ་ཡོད་ཅིང་། གཟུགས་དབྱིབས་རྒྱུན་ལྡན་ཡིན་པ། ལྗིད་ཚད་ལ་སྤྱི་རྒྱ་44ཡོད་པ། རྐང་ལག་བཞི་དང་རྩིབ་རུས་ལ་རུས་ཆག་ཤོར་མེད་པ། ཁ་སྣ་མིག་རྣ་བཤང་སྒོ་བཅས་ཚང་མ་རྒྱུན་ལྡན་ཡིན་པ་རེད། མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་གོམས་སྲོལ་ལྟར། གསའ་དེའི་མིང་ལ་ལིན་ཀྲེ་ཞེས་བཏགས་པ་རེད།
དེ་མུར། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུད་ཀྱི་མཛུབ་སྟོན་འོག མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུད་དང་། མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ལྟེ་གནས། མཚོ་སྔོན་ཞིང་ཆེན་མོན་ཡོན་རྫོང་མི་དམངས་སྲིད་གཞུང་། ཀྲུང་གོ་ཞིང་ལས་སློབ་ཆེན་སྲོག་ཆགས་གསོ་རིགས་སློབ་གླིང་གི་འགོ་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཅིན་དབྱི་ཕེང་གི་ཚོགས་པ། པེ་ཅིང་སྲོག་ཆགས་གླིང་གའི་ཕྱུགས་རིགས་སྨན་ཁང་གི་འགོ་འཛིན་ཕུའུ་ཐེན་ཁྲུན་གྱི་ཚོགས་པ། པེ་ཅིང་ནགས་ལས་སློབ་ཆེན་རི་སྐྱེས་སྲོག་ཆགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཧྲི་ཁུན་གྱི་ཆོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གསའ་དེ་རང་བྱུང་ཁམས་ཆེན་མོར་ཕྱིར་གཏོང་བྱེད་པའི་ཚོ་ཆུང་སྒྲིག་འཛུགས་བྱས་ནས་ཕྱིར་གཏོང་ཇུས་གཞི་མང་པོ་ཞིག་བཟོས་པ་དང་། ཕྱིར་གཏོང་ཇུས་གཞིའི་ཆོག་འཐུས་རང་བཞིན་དང་ཚན་རིག་རང་བཞིན་ལ་གྲོས་བསྡུར་ཐེངས་མང་བྱས་རྗེས། གསའ་ཕྱིར་གཏོང་བའི་དུས་ཚོད་དང་ས་གནས། བྱེད་ཐབས་སོགས་ཀྱི་ནང་དོན་ཞིབ་འཇུག་གཏན་འཁེལ་བྱས་ཡོད། རིགས་གཅིག་མཁས་པའི་ཚོ་ཆུང་གིས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། མཐའ་མཇུག་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་འབྲེལ་ཁུལ་མོན་ཡོན་རྫོང་ཁོངས་ནི་འོས་ཤིང་འཚམས་པའི་ཕྱིར་གཏོང་བྱ་ཡུལ་ཡིན་པ་གཏན་འཁེལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་རང་རྒྱལ་གྱི་གཅན་གཟན་གསའ་སྲོག་སྐྱོབ་ཕྱིར་གཏོང་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན་གཉིས་ཟུང་འབྲེལ་བྱས་པའི་དཔེ་གཞི་ཐོག་མ་དེ་ཡིན་ཞིང་། སྲོག་ཆགས་གསོ་རིག་དང་སྐྱེ་ཁམས་སྲུང་སྐྱོབ་རིག་པ་གཉིས་ཟུང་འབྲེལ་དམ་ཟབ་བྱུང་བ་ཡོད། དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་གཅན་གཟན་གསའ་ལ་སྲུང་སྐར་སྐེ་རྒྱན་བཏགས་པའི་རྣམ་གྲངས་ཐོག་མ་དེའང་ཡིན་པས། རང་རྒྱལ་གྱི་གཅན་གཟན་གསའ་ཡི་ཁེར་རྐྱང་བྱ་སྤྱོད་རིག་པ་སོགས་ལ་ཞིབ་འཇུག་བྱེད་པར་རྨང་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་མཁོ་སྤྲོད་ཐུབ་རྒྱུ་ཡིན་པ་རེད།