ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁོའི་འདབས་རོལ་དུ་འཕུར་མདས་འཇབ་རྒོལ་བྱས་པ་དང་། སི་རི་ཡའི་མཁའ་ཟོན་མ་ལག་གིས་འཇབ་རྒོལ་གྱི་འཕུར་མདའ་ཐང་ལ་འཕངས་ཡོད། འཇབ་རྒོལ་ཁྲོད་དུ་མི་སྣར་ཤི་རྨས་བྱུང་མེད་ཟེར།
སི་རི་ཡའི་དམག་ཕྱོགས་ཀྱིས་བཤད་རྒྱུར། ས་དེའི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་སོ་ལྔའི་སྟེང་། དབྱི་སི་རལ་གྱིས་རང་གིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སའི་ཕྱོགས་ནས་ཏ་མ་སི་ཁོའི་འདབས་རོལ་གྱི་དམིགས་འབེན་ལ་འཕུར་མདས་འཇབ་རྒོལ་བྱས་པ་དང་། སི་རི་ཡའི་མཁའ་ཟོན་མ་ལག་གིས་འཇབ་རྒོལ་གྱི་འཕུར་མདའ་བཀག་ནས། འཕུར་མདའ་མང་ཆེ་ཤོས་ས་རུ་འཕངས་ཡོད། འཇབ་རྒོལ་ཁྲོད་དུ་སྒྲིག་ཆས་ལ་གཏོར་བརླག་ཐེབས་མེད་ཟེར།
དོན་རྐྱེན་དེ་འབྱུང་སྐབས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཏ་མ་སི་ཁོའི་གྲོང་ཁུལ་ནས་འགས་གཏོར་གྱི་སྒྲ་ཆེན་པོ་ཐེངས་མང་པོར་གོ་བ་དང་། གྲོང་ཁུལ་ལྷོ་ཕྱོགས་ཀྱི་བར་སྣང་དུ་འོད་ཀྱི་ཕུང་བོ་མང་དུ་འཚེར་བ་རིག
སི་རི་ཡ་རུ་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་གྱི་དམག་དུཔུང་གིས་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཐེངས་མང་འཇབ་རྒོལ་བྱས་མྱོང་། སི་རི་ཡ་དང་དབྱི་ལང་གི་སྲིད་གཞུང་གིས་སི་རི་ཡ་རུ་དབྱི་ལང་གི་དམག་བཅའ་སྡོད་བྱས་ཡོད་པ་ཁས་ལེན་བཞིན་མེད། ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཏ་མ་སི་ཁོའི་འདབས་རོལ་ལ་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། སི་རི་ཡའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱིས་བར་སྣང་དུ་འཇབ་རྒོལ་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། སི་རི་ཡའི་རྒྱལ་སྲུང་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་ཏ་མ་སི་ཁོའི་འདབས་རོལ་ལ་འཕུར་མདའ་འཕངས་ཏེ་འཇབ་རྒོལ་བྱས་པ་དང་། སི་རི་ཡའི་མཁའ་ཟོན་མ་ལག་གིས་འཕུར་མདའ་ཁ་ཤས་ཐང་ལ་འཕངས་ཞེས་བཤད། །