༄༅།།གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།

རྩོམ་པ་པོ། མི་གསལ།དབང་ཆེན་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-22


གླེང་གཞི། 
          དེ་ཡང་མདའ་གཞུ་ནི་འགྲོ་བ་མིའི་རིགས་བྱུང་བ་དང་བསྟུན་ནས་བྱུང་བའི་མིའི་རིགས་འཚོ་བརྟེན་གྱི་ལག་ཆ་གལ་ཆེན་ཞིག་ཡིན་ཏེ། <<ཆོས་འབྱུང་མཁས་པའི་དགའ་སྟོན>>ལས། “བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང་། །དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྤྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད། །ལོ་རྒྱུས་ཆེན་པོ་སོགས་ལས། དང་པོ་གནོད་སྤྱིན་ནག་པོས་དབང་བྱས་སྟེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །”ཞེས་པ་བཀོད་ཡོད་པ་ལྟར་མདའ་གཞུ་ནི་གནོད་སྤྱིན་ནག་པོས་བོད་ཁམས་ལ་དབང་སྒྱུར་བྱེད་པའི་དུས་སུ་མཚོན་ཆའི་རྣམ་པ་ལྟར་བྱུང་པ་རེད། བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་པོའི་ནང་དུ་དབང་མཛད་བཅུ་གཉིས་ནི་མི་མ་ཡིན་ཡིན་ཞེས་གདོད་མའི་སྤྱི་ཚོགས་ལ་ལྷ་སྒྲུང་གིས་བགེབས་ཡོད། ཡིན་ཡང་ང་ཚོས་ལྷ་སྒྲུང་གིས་བགེབས་པའི་ལོ་རྒྱུས་དེ་ཉིད་ལ་བདེན་པའི་ཆ་ནས་ཞིབ་མོར་བརྟག་ན། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་བསྟུན་ནས་རྨུ། སེ། ལྡོང་། སྟོང་། དབྲ། འབྲུ་བཅས་རིགས་རྒྱུད་ཚོ་བ་བྱུང་ཞིང་། ཚོ་བ་དེ་དག་གི་ཚོ་དཔོན་ལ་ཚོ་དཔོན་གནོད་སྤྱིན་ནག་པོ་ཞེས་བཏགས་པར་སྙམ། མདའ་གཞུའང་སྐབས་དེར་རི་དྭགས་རྔོན་སྤྱད་དེ་འཚོ་བའི་ཐོན་སྐྱེད་ཀྱི་ལག་ཆ་དང་ཕྱིའི་གཅན་གཟན་ལ་སོགས་དགྲ་འགོག་ཀྱི་མཚོན་ཆ་རྣམ་པའི་སྒོ་ནས་བྱུང་བ་དང་རིམ་བཞིན་རྒྱ་ཆེར་དར་བ་ལགས། <<གླིང་སྒྲུང>>ལས། གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིས། །མདའ་དང་པོ་དབུས་གཙང་སྟོད་ལ་འཕངས། །སྟོད་དབུས་གཙང་ཆོས་སྒོ་མདའ་ཡིས་ཕྱེས། །ཆོས་དར་སྐྱིད་པའི་ལྷ་དར་འཐེན། །ཆོས་བརྒྱད་ཁྲི་བཞི་སྟོང་ཚུར་ལ་དྲངས། །དམ་པའི་ཆོས་ཀྱི་སྒྲོན་མེ་སྦར། །མ་རིག་མུན་ཁམས་བདེ་ལ་བཀོད། །ནག་ཕྱོགས་བདུད་སྡེ་ཆམ་ལ་ཕབས། །མདའ་གཉིས་པ་སྨད་ཕྱོགས་རྒྱ་ལ་འཕངས། །རྒྱ་ནག་པོའི་ཚོང་སྒོ་མདའ་ཡིས་ཕྱེས། །ཚོང་དར་སྐྱིད་པའི་གོས་ལིང་འཐེན། །གོས་དར་ཕྲུག་གསུམ་ཚུར་ལ་དྲངས། །གསེར་དངུལ་ཟངས་ཀྱི་དོང་ཙེ་བརྩིགས། །དར་ཚོན་སྣ་ལྔའི་ཚོང་ཟོག་དར། །མི་རྣམས་སྐྱིད་པའི་འཚོ་བར་རོལ། །ཚོང་ཟོག་འོག་རྒྱལ་ཀླུ་ལ་འགྲན། །མདའ་གསུམ་པ་མདོ་ཁམས་སྨད་ལ་འཕངས། །གནས་སྐྱིད་པའི་ཁ་གཡང་མདའ་ཡིས་སྒྲོགས། །ཁྱིམ་ཕྱྭ་གཡང་འཁོར་སྤྱད་མདའ་ཡིས་བྱས། །སྨད་མདོ་ཁམས་རོལ་རྩེད་མདའ་ཡིས་བྱས། །དགྲ་ནག་པོ་འདུལ་པའི་ལག་ཆར་རྩིས། །བུ་དཔའ་པོའི་མཐེབ་རྩལ་དེ་ནས་དར། །ཇག་ཕར་འགྲོ་རྫོང་བ་མདའ་ཡིས་བྱས། །མ་བག་མ་ཚུར་ཡོང་མདའ་ཡིས་བསུས། །བོད་ཁ་བ་ཅན་ལ་མདའ་མོ་དར། །ཞེས་པ་ལས་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་མདའ་གཞུ་ལ་བརྟེན་ནས་སྟོད་དབུས་གཙང་ནས་ཆོས་སྒོ་ཕྱེས་ཚུལ་དང་། རྒྱ་ནག་པོ་ནས་ཚོང་སྒོ་ཕྱེ་ཚུལ་ལ་སོགས་བརྗོད་ནས་དེའི་ཕན་ཡོན་དང་དར་ཚུལ་སོགས་གསལ་པོར་བསྟན་ཡོད། བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་སྟེ<<གླིང་གེ་སར་རྒྱལ་པོའི་སྒྲུང>>ལ་མཚོན་ན། གདོད་མའི་སྤྱི་ཚོགས་ནས་དར་ཡོང་བའི་མདའ་གཞུ་རྒྱུན་འཛིན་དང་བཀོལ་སྤྱོད་ལེགས་པོ་བགྱིས་ཡོད། གཤམ་དུ་གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་རིགས་སམ་དབྱེ་བ་དང་། མདའ་སྐུལ་དང་མདའ་ལྷ་མཆོད་སྟངས། མདའ་གཞུའི་ཕན་ཡོན་དང་ནུས་པ་སོགས་རེ་རེ་བཞིན་བརྗོད་པར་བྱའོ། །
          དང་པོ། གླིང་སྒྲུང་ལས་མདའ་གཞུའི་རིགས་བཤད་པ། 
          <<གླིང་གེ་སར་རྒྱལ་པོའི་སྒྲུང>>ནི་བོད་རིགས་མི་དམངས་ཀྱི་ཁྲོད་དུ་བྱུང་ཞིང་འཕེལ་རྒྱས་བྱུང་བའི་སྙན་རྩོམ་རིང་མོ་ཞིག་ཡིན་ཞིང་། མི་རིགས་དེ་འཚོ་སྡོད་བྱེད་སའི་ཁོར་ར་ཁོར་ཡུག་དང་། འཚོ་བའི་གོམས་གཤིས། ཐོན་སྐྱེད་ལམ་ལུགས། མི་ཚེའི་རིན་ཐང་། བསམ་བློའི་འདུ་ཤེས། གནའ་བའི་ངག་རྒྱུན་སོགས་མི་རིགས་དེའི་དམངས་ཁྲོད་རིག་གནས་བཅས་འཆར་བྱེད་ཀྱི་མེ་ལོང་ལྟ་བུའི་གོ་གནས་ཟིན་ཡོད་ལ། བོད་རིགས་དམངས་ཁྲོད་ཀྱི་མདའ་གཞུའང་དེ་ལས་མ་འདས་ལ། དེར་ཡང<<གླིང་གེ་སར་རྒྱལ་པོའི་སྒྲུང>>ལས་རིགས་དང་དབྱེ་བ་མང་པོ་ཞིག་བགར་ཡོད་དེ། གཞུའི་རིགས་ལ་གཞུ་གྲུབ་བྱེད་ཀྱི་རྒྱུ་ཆ་མི་འདྲ་བའི་སྒོ་ནས་དབྱེ་ན་སྐྱེར་གཞུ་དང་། འབྲོང་རྭའི་གཞུ། རྨྱུག་གཞུ། ལྕགས་གཞུ་ལ་སོགས་དང་། མདའི་རིགས་ལ་མདའི་སྒྲོ་གྲུབ་བྱེད་ཀྱི་རྒྱུ་ཆར་བརྟེན་ནས་བགར་བའི་དབྱེ་བ་སྟེ། རྒོད་སྒྲོ་མ་དང་། གླག་སྒྲོ་མ། ཁྲ་སྒྲོ་མ། འུག་སྒྲོ་མ་བཅས་དང་། མདའི་ལྟོང་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་བགར་བའི་དབྱེ་བ་སྟེ། གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ། ལྕགས་ལྟོང་མ་བཅས། མདའ་ཤིང་སྒོ་ནས་དབྱེ་ན་སྐྱེར་མདའ་དང་། གསོམ་མདའ། ལྕགས་མདའ། རྨྱུག་མདའ་བཅས་ལ་སོགས་མང་པོ་ཡོད་ལ། མདའ་ཤིང་སྒོ་ནས་དབྱེ་བའི་རིགས་འདི་མདའ་སྒྲོའི་དབྱེ་བ་དང་མདའ་ལྟོང་གི་དབྱེ་བའི་ནང་དུ་འདུས་ཡོད་པས་གཤམ་དུ་ལོགས་སུ་བགར་ནས་བརྗོད་རྒྱུ་མིན།  
          གཅིག གཞུའི་རིགས་ལ་གཞུ་གྲུབ་བྱེད་ཀྱི་རྒྱུ་ཆ་མི་འདྲ་བའི་སྒོ་ནས་དབྱེ་ན་སྐྱེར་གཞུ་དང་། འབྲོང་རྭའི་གཞུ། རྨྱུག་གཞུ། ལྕགས་གཞུ་བཅས་ཡོད་དེ།
          1.སྐྱེར་གཞུ་ནི་ཤིང་སྐྱེར་བ་ལས་གྲུབ་པའི་གཞུ་ཡིན། ཨ་མདོའི་དམངས་ཁྲོད་དུ་ཤིང་གཞུ་ཞེས་འབོད་སྲོལ་ཡོད་ལ།  <<དག་ཡིག་གསར་བསྒྲིགས>>ཏུ་སྐྱེར་བ་ནི་ཤིང་ཕྲན་ཞིག་སྟེ་བར་ཤུན་སེར་བོ་རོ་ཁ་བ་སྨན་བྱེད་ཆོག་ལ་མེ་ཏོག་སེར་པོ་འབྲས་བུ་སྨིན་ཚེ་དམར་བོའམ་སེར་བོ་རོ་ཧ་ཅང་སྐྱུར་བ་ཞིག་ཡིན། དེ་ལ་སྐྱེར་བ་དཀར་པོ་དང་སྐྱེར་བ་ནག་པོ་སོགས་རིགས་དུ་མ་ཡོད། སྐྱེར་གཞུ་ནི་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་བཏགས་པའི་མིང་ཡིན། སྐྱེར་གཞུ་དང་ཤིང་གཞུ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་འདོད།  <<ཧོར་གླིང་གཡུལ་འགྱེད>>སྟོད་ཆ་ལས། དེར་འདན་མས་ཤན་པ་ཡིན་པར་ཤེས་ནས་ཐབས་མཁས་ཀྱི་སྒོ་ནས། མི་འདིའི་གཉའ་གནོན་ཐུབ་ན་མ་གཏོགས། དཔའ་དང་དཔུང་གིས་ཐུབ་པའི་མི་ཞིག་མིན་བསམ་པ་དང་། རྨེ་རུ་རྩེས་རྟ་མ་འདེད་ཟེར་བའི་རྫིག་གཏམ་གྱིས་གླུ་འདི་འདྲ་ཞིག་བླངས་པ། ཆུང་ལོ་གསུམ་ལོ་ངོ་ལོན་དུས་དེར། །ཤིང་གཞུ་བཀུག་ནས་ཤིང་མདའ་འཕངས། །འདབ་ཆགས་སྒུམ་འབུ་འཐུ་འཐུ་བྱས། །ས་འོག་བྱི་བ་སྒུམ་འབུ་འཐུས། །ལོ་ངོ་ལྔ་ལ་སླེབས་དུས་དེར། །རྭ་གཞུ་བཀུག་ནས་རྨྱུག་མདའ་འཕངས། །འབེན་ཡ་སེར་པོ་སྤང་ལ་བྱས། །ཕོ་ཆེན་ཤ་བ་སྒུམ་འབུ་འཐུས། །འབེན་ཡ་རོག་པོ་རྫ་ལ་བྱས། །བྲེ་སེར་འབྲོང་ལ་སྒུམ་འབུ་འཐུས། །ལོ་བདུན་གོང་ལ་སླེབས་དུས་དེར། །ལྕགས་གཞུ་བཀུག་ནས་ལྕགས་མདའ་འཕངས། །འབེན་ཡ་ཕོ་བྲང་དབུས་ལ་བྱས། །བོན་ཞྭ་དཀར་ཅན་དགུ་བརྒྱ་བསད། །འབེན་ཡ་ནག་པོ་རྒྱ་ལ་བྱས། །རྒྱ་རྔ་ཞྭ་ཅན་ལ་སྒུམ་འབུ་འཐུས། །བཅུ་གཉིས་ལོ་ངོ་ལོན་པའི་དུས། །འཇང་ནག་ཧོར་ལ་ཤོར་ནས་སོང་། །ངས་དམག་འབུམ་ཚོ་གཅིག་ལ་ཁ་ལོ་བསྒྱུར། །མི་མ་བསད་ལས་ལ་གཅིག་ཀྱང་མེད། །མགོ་མ་བླངས་ལས་ལ་གཉིས་ཀྱང་མེད། །ཡིན་ན་ཤན་པ་དེ་འདྲ་ཡིན། །ཞེས་ཤན་པ་རྨེ་རུ་རྩེས་ལོ་གསུམ་སྟེང་ཤིང་གཞུ་བཀུག་ནས་ཤིང་མདའ་འཕངས་པར་བརྟག་ན་ཤིང་གཞུ་ནི་ཡང་ཞིང་འཐེན་སླ་བའི་ཁྱད་ཆོས་ཡོད་པ་དང་བྱིས་པ་ལོ་ཆུང་རྣམས་ཀྱིས་མདའ་འཕེན་བྱེད་ཡིན་པ་གསལ་བོར་ཤེས་ཐུབ།     2.འབྲོང་རྭའི་གཞུ་ནི་འབྲོང་རྭ་སྨུག་པོ་རྒྱུ་ཆ་བྱས་ཏེ་གྲུབ་པའི་གཞུ་ཡིན། དམངས་ཁྲོད་དུ་རྭ་གཞུ་ཞེས་འབོད་སྲོལ་ཡོད་ལ། དམངས་ཁྲོད་དུ་འབོད་པའི་རྭ་གཞུ་ཐམས་ཅད་འབྲོང་རྭ་རྒྱུ་ཆ་ཡིན་པའི་ངེས་པ་མེད་མོད། འོན་ཀྱང་གཞུ་དེ་གྲུབ་བྱེད་ཀྱི་རྒྱུ་ཆ་རྭ་ཡིན་པ་སུས་ཀྱང་ཁས་ལེན་བཞིན་འདུག འབྲོང་རྭའི་གཞུ་དེ་སྐྱེར་གཞུ་དང་རྨྱུག་གཞུ་ལ་སོགས་དང་མི་འདྲ་སྟེ། དེ་ཉིད་ལས་འཕངས་པའི་མདའ་མོ་མགྱོགས་མྱུར་ལྡན་པས་མིག་གིས་ཀྱང་མི་ཟིན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དེ། དེར་དམངས་ཁྲོད་ཀྱི་ཁ་དཔེ་ཞིག་ཡོད་དེ། ནང་ཨ་ཁུ་བཟང་བའི་བཀའ་དྲིན་ལ། འབྲོང་རྭ་སྨུག་པོ་གཞུ་ལ་བཀུག ནང་བུ་ཚ་ཡོང་ནས་འཕེན་རྐྱང་རེད་ཅེས་པ་བཞིན་འབྲོང་རྭའི་གཞུ་དར་ཁྱབ་ཤིན་ཏུ་ཆེ། འབྲོང་རྭའི་གཞུ་འཐེན་མཁན་གྱི་མི་དེ་ལ་ཤེད་ཤུགས་ངེས་ཅན་ཞིག་ཡོད་དགོས་ལ། ཕོ་རྩལ་འཛོམས་པོ་ཞིག་མིན་ན་འཐེན་མི་ཐུབ་པ་དང་། གལ་ཏེ་འཐེན་ཐུབ་པའི་དབང་དུ་བཏང་ནའང་གཏོང་མི་ཐུབ་པའི་ཁྱད་ཆོས་ཡོད། དེར<<ཧོར་སེར་འགྱོད་པའི་མིག་ཆུ>>ལས། གཞུའི་ཡར་འཁྱོག་གསེར་གྱི་ཐེམ་པ་ལ། །སྟོད་ལྷ་ཕྲུག་ཉིས་ཁྲི་དགུ་འབུམ་བཞུགས། །གཞུའི་མར་འཁྱོག་གཡུ་ཡི་གབ་རྩེ་ལ། །འོག་ཀླུ་ཕྲུག་བྱེ་བ་ཐེར་འབུམ་བཞུགས། །གཞུའི་འཆང་བཟུང་དུང་གི་སྒོ་མོ་ལ། །བར་གཉན་ཕྲུག་ས་ཡ་དུང་ཕྱུར་བཞུགས། །མཐེབ་མདའ་ལྟོང་མཆོང་གི་ཤིང་རྩེ་ལ། །དགྲ་ལྷ་གཉན་རྟགས་དམར་པོ་བཞུགས། །ཤ་ཕོའི་རྭ་དང་འབྲོང་མོའི་རྭ། །རྨྱུག་དྲང་ལྡེམ་འཛོམས་པའི་གཞུ་མོ་འདི། །ཤིང་སྟག་པའི་ཤུན་པའི་ནང་སྐྱེས་ལ། །གསེར་སེར་པོའི་ཤན་ལྕགས་ཕྱི་ནས་འཐེན། །ཕོ་རྩལ་དྲུག་འཛོམས་པའི་བུ་མིན་ན། །གཞུ་འདི་འདྲ་དགང་པའི་མཐེབ་རྩལ་མེད། ། ཅེས་པ་དང་། ཡང<<རི་ནུབ>>ཏུ། གཞུ་ཆེན་པདྨ་འཐེན་སྐྱིད་འདི། །ཡར་མཆོག་མགོ་ནས་གློག་དམར་འཁྱུག །དགྲ་ཤ་ཟ་བའི་ལྷ་ཆེན་བརྒྱད། །མར་མཆོག་མགོ་ནས་འབྲུག་སྒྲ་ལྡིར། །དགྲ་ཁྲག་འཐུང་བའི་ཀླུ་ཆེན་བརྒྱད། །འཆང་བཟུང་མཚམས་ནས་ཁྱུང་ཆེན་ལྡིང་། །ཀླུ་བདུད་འདུལ་བའི་གཉན་ཆེན་བརྒྱད། །གཞུ་རྒྱུད་བར་ནས་འབྲོང་གཡག་ངུར། །སྲུང་མ་རང་འཁོར་རྒྱག་པའི་རྟགས། །ཞེས་པ་དང་། གཞན་ཡང་དམངས་ཁྲོད་ཀྱི་མདའ་བཤད་ཅིག་ལས། ངའི་ལག་གི་མཆོག་དཀར་གཞུ་མོ་འདིར། །བསྟོད་པ་རྣམ་གསུམ་ཅིག་བཤད་ན། །གཞུ་ཡ་འཁྱོག་ཤ་རྭ་དཀར་པོ་ཡིན། །མ་འཁྱོག་འབྲོང་རྭ་སྨུག་པོ་ཡིན། །གཞུ་ཐིག་ཀོ་རྒྱུན་ཕྲ་མོ་ཡིན། །དང་ཐོག་ལྷ་ཆེན་ཚངས་པས་བསྒྲུབས། །ལྷ་ཕྲུག་འབུམ་གྱིས་གཡང་ལ་བཀུག །བར་དུ་དགྲ་ལྷ་ཝེར་མས་བསྲུངས། །སྐུ་ལྷ་གཉན་པོས་མཛོད་དུ་བཟུང་། །ཐ་མར་གེ་སར་རྒྱལ་པོའི་གཡང་གཞུ་བྱས། །དཔའ་རྟུལ་སུམ་ཅུར་དཔའ་གཡང་བསྩལ། །དེ་རིང་བདག་གི་ལག་ལ་ཐོབ། །ཅེས་འབྲོང་རྭའི་གཞུ་ནི་གཞུ་རིགས་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་མཚོན་པར་ནུས་སོ། །     3.རྨྱུག་གཞུ་ནི་རྨྱུག་མའི་རྒྱུ་ཆ་ལས་གྲུབ་པའི་གཞུའི་རིགས་ཤིག་སྟེ། དེ་ནི་འབྲོང་རྭའི་གཞུ་ལ་སོགས་པ་དང་བསྡུར་ན་འཐེན་སླ་བ་ཞིག་ཡིན། ཨ་མདོ་ས་ཆར་མཚོན་ན་རྨྱུག་གཞུ་ནི་བྱིས་པ་ལོ་ཆུང་རྣམས་ཀྱི་མདའ་འཕེན་བྱེད་ཡིན་ཏེ། དེ་ཉིད་ལག་ཏུ་བཟུང་ན་ཡང་ཞིང་ཕོ་རྩལ་མེད་པ་ཞིག་ཡིན་ནའང་འཐེན་སླ་བའི་ཁྱད་ཆོས་ལྡན་པས་མདའ་འཕེན་གྱི་ལས་དང་པོ་ལ་འཇུག་པའི་བྱིས་པ་ལོ་ཆུང་རྣམས་ཀྱི་མདའ་འཕེན་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེར<<ཙ་རི་སྨན་རྫོང>>དུ། ཙ་རིའི་མཐའ་འཁོར་གྱི་ཐང་ན་དམག་གུར་སྐར་ཚོགས་འདྲ་བ་ས་གཞི་རྟ་ཡིས་བཀང་བ། བར་སྣང་དར་གྱིས་བཀང་བ། ནམ་མཁའ་དུད་རླངས་ཀྱིས་བཀང་བའི་དམག་སྒར་ཆེན་པོ་ཞིག་བབས་འདུག་པས། དམག་གི་དར་འཕྲུ་དང་དམག་གུར་རུ་བཀོད་སོགས་དང་། མདའ་མདུང་གི་རྩེ་མོ་སྟོན་ཕྱོགས་གང་ལ་དཔྱད་ཀྱང་གླིང་དམག་ཡིན་པ་ཤེས་ཚེ་རྒྱལ་པོར་ཡར་ཞུ་བྱས་པ་ལ། རྒྱལ་པོས་བློན་དམག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་དམག་བསྡུས་ཀྱི་གླུ་ཞིག་བླངས་ཡོད་དེ། རྨྱུག་གཞུ་ཅན་དང་དོམ་ལྤགས་ཅན། །དུག་མདའ་ཅན་ལ་དྲུག་སྟོང་ཡོད། །འགྲན་མེད་གྱད་ཀྱི་ཁ་ཡ་ལ། །སྟོབས་ཆེན་ཁྱུང་ནག་སྤར་འཛིན་ཡོད། །ཞེས་པར་བརྟག་ན་<<གླིང་སྒྲུང>>དུ་རྨྱུག་གཞུ་ནི་དགྲ་འདུལ་གཡུལ་འགྱེད་ཀྱི་ལག་ཆ་ཞིག་ཡིན་པ་ཡང་ཤེས་ཐུབ།     4.ལྕགས་གཞུ་ནི་འཚོ་བའི་ཐོན་སྐྱེད་འཕེལ་རྒྱས་སོང་བ་དང་བསྟུན་ནས་བྱུང་བའི་གཞུ་རིགས་ཤིག་སྟེ། དེའང་གྲུབ་བྱེད་ཀྱི་རྒྱུ་ཆའི་སྒོ་ནས་བཏགས་པའི་མིང་ཡིན་ཡང་། གཞུ་རྒྱུད་ཧྲིལ་པོའི་རྒྱུ་ཆ་ལྕགས་ལས་གྲུབ་པ་མིན་ཏེ། དེ་ནི་གཞུའི་ཡ་འཁྱོག་དང་མ་འཁྱོག་སྦྲེལ་བྱེད་དང་བར་མཚམས་ལྕགས་ལས་གྲུབ་པ་ཡིན་པས་ལྕགས་གཞུ་ཞེས་བཏགས་པ་ཡིན། དེ་ཉིད་འཐེན་སླ་ཡང་མདའི་མྱུར་ཚད་དང་ཤེད་ཤུགས་གཞུ་རིགས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ལགས། <<གནམ་ཐེའུ་གཏེར་རྫོང>>ལས། དཔའ་ཚ་ཞང་འདན་མ་བྱང་ཁྲ་དེ་བདུད་དམག་གི་ཉེ་སར་བཅར་ནས་གླུ་ཞིག་བླངས་བའི་རྗེས་སུ་རྟ་འདོ་བ་དངོས་གྲུབ་ལྡེམ་པའི་སྟེང་ནས་ཟུར་འདུག་གིས་མདའ་ལྟོང་ཕབ་ཅིང་གྲི་མགོར་འཆང་ནས་ཅུང་ཟད་བསྒུགས་ཀྱང་། དམག་སྒར་ཆེན་པོ་དེའི་ནང་དུ་འཇམ་གྱི་ལེར་ཅི་ཡང་མ་བྱུང་བས། དུས་དེ་ཙ་ན་བཀའ་བློན་འདན་མ་བྱང་ཁྲ་དེས་ཀི་ཚ་ཚ་ཐོག་རྒོད་ཕབ་པ་འདྲ་ཞིག་བཏབ་ནས་སྒར་ལ་བརྒྱུགས་ཏེ་དམག་ཤར་ན་ཡོད་པ་ནུབ་ལ་དེད། ནུབ་ན་ཡོད་པ་ཤར་ལ་དེད་དེ་སྤྱང་མོས་ལུག་ཁྱུ་གཏོར་བ་ཙམ་དུ་བྱས་ཤིང་དམག་མང་པོ་ཞིག་མཚོན་ཁྲ་མོའི་འོག་ཏུ་ཆག་ཉིལ་དུ་བཏང་བར་མ་ཟད། ད་རུང་རྟ་ལ་སྒ་འགྱུར་དང་གོང་འགྱུར། མཚོན་ལེབ་ཆེན་གཡས་སྒྱུར་དང་གཡོན་སྒྱུར་གྱིས་ཕུ་དཀྲུགས་མདའ་དཀྲུགས་བྱས་བྱུང་བའི་མོད་དེར། རབ་དགའ་བློན་ཆེན་ཟེར་བ་དེ་ངར་རྒོད་གཏིང་ནས་འཁྲུགས། ཞེ་སྡང་མུན་པས་བསྒྲིབས། གདོང་ལ་ཤ་འགུལ་ལུ་གུ་རྒྱུ་བ་བཞིན་རྟ་ཕོ་བྱ་ནག་རླུང་འཛིན་གྱི་སྟེང་དུ་སྒ་ནག་ལྕགས་རི་མེ་འབར་བརྒྱབ། ཁྲབ་ནག་དུག་ཆེན་དགུ་བརྩེགས་ལུས་ལ་གྱོན་ རལ་གྲི་བདུད་ཕོ་ཤ་གཟན་ཤུབས་སུ་བཅུག ལྕགས་གཞུ་རི་བོ་འགུགས་ཆེན་སྟེང་དུ་མདའ་མོ་ཐེའུ་རང་བླ་མདའ་ཁྲོ་ཆེན་དགུ་འདུས་ཟེར་བ་བཞག་ནས་བློན་འདན་མའི་གདོང་ལ་བྱུང་ནས་གླུ་འདི་འདྲ་ཞིག་བླངས་སོ། ། ཞེས་པ་ལས་ཚ་ཞང་འདན་མ་ཞང་ཁྲས་ལྕགས་གཞུ་རི་བོ་འགུགས་ཆེན་སྟེང་དུ་མདའ་མོ་ཐེའུ་རང་བླ་མདའ་ཁྲོ་ཆེན་དགུ་འདུས་བཞག་པ་འདིར་བརྟག་ན་ལྕགས་གཞུ་ལས་འཕངས་པའི་མདའ་མོ་དེར་ཤེད་ཤུགས་ཆེ་ཞིང་འགྲོས་ཚད་མྱུར་བའི་ཁྱད་ཆོས་མངོན་གསལ་ཡིན།     གཉིས། གཅིག མདའི་སྒྲོ་གྲུབ་བྱེད་ཀྱི་རྒྱུ་ཆ་མི་འདྲ་བའི་སྒོ་ནས་བགར་བའི་དབྱེ་བ་སྟེ། རྒོད་སྒྲོ་མ་དང་། གླག་སྒྲོ་མ། ཁྲ་སྒྲོ་མ། འུག་སྒྲོ་མ་བཅས་བཞི་ཡོད་དེ།  1.རྒོད་སྒྲོ་མ་ནི་མདའི་སྒྲོ་ལ་བྱ་རྒོད་ཀྱི་སྒྲོ་བསྟད་ཡོད་པའི་མདའ་རིགས་ཤིག་སྟེ། <<དུང་དཀར་ཚིག་མཛོད>>དུ་རྒོད་སྒྲོ་མ་ནི་མདའ་རྩེ་ལ་རླུང་ཤུགས་འདྲོང་པོ་ཡོང་ཆེད་བྱ་རྒོད་ཀྱི་སྒྲོ་བཙུགས་པ་ལ་ཟེར། རྒོད་སྒྲོ་མ་ནི་རྒྱང་རིང་བར་འགྲོ་བའི་ཁྱད་ཆོས་ཡོད་དེ་རྒྱུ་མཚན་ལ་བྱ་རྒོད་ནི་ཤེད་ཤུགས་ཆེ་བའི་བྱ་ཆེན་པོ་ཞིག་ཡིན་ཏེ། ཞེས་བཀོད་ཡོད་པ་དང་། <<མོན་གླིང་གཡུལ་འགྱེད>>ལས། མཐོ་བྲག་དཀར་སྟེང་གི་ཐང་དཀར་རྒོད། །གཤོག་དྲུག་རྒྱས་པའི་འདབ་སྒྲོ་དེས། །འཕུར་ཟེར་ན་བར་སྣང་རླབས་ཀྱིས་གཅོད། །དམའ་ཐང་ཆེན་སྟེང་གི་འདོ་བ་རྟ། །ཞེས་དེའི་སྒྲོ་ཡིས་བསྟད་པའི་མདའ་མོའང་ཤུགས་ཆེ་ལ་རྒྱང་ཆོད་པའི་ཁྱད་ཆོས་ལྡན། ཨ་མདོའི་དམངས་ཁྲོད་ཀྱི་མདའ་བཤད་ཅིག་ལས། ངས་ལི་མ་མདའ་ཡི་བཙལ་དྲུག་བཤད། །མདའ་ཤིང་དྲང་མོ་ལྗོན་པའི་ནགས་ནས་བཙལ། །རྒོད་སྒྲོ་ཕྱུག་མོའི་མཆན་ནས་བཙལ། །མཚལ་སྐྱེས་དམར་པོ་རྒྱ་ནག་ཡུལ་ནས་བཙལ། །གྲོ་ག་སྨུག་པོ་སྟག་པའི་རྒྱབ་ནས་བཙལ། །རྒྱུས་རྐ་ཕྲ་མོ་རྟ་བོའི་དཔྱི་ནས་བཙལ། །ཁྲོ་མདེའུ་ངར་མ་མགར་བའི་ཁོལ་ནས་བཙལ། །འདི་ལི་མ་མདའ་ཡི་བཙལ་དྲུག་རེད། །ལི་མ་མདའ་འདི་ལག་ནས་ལོངས། །ལག་ནས་ལོངས་ལ་ཕུགས་ལ་ཞོག །ཕུགས་ཀྱི་ཀ་བའི་མདུན་ལ་ཞོག །སང་ནངས་མོའི་ལོ་ཡི་ད་ཚོད་ལ། །བུ་མདའ་འཕེན་ཞིག་སྐྱེ་རྒྱུ་རེད། །མདའ་ཡང་ཡང་འཕེན་པའི་བཀྲ་ཤིས། །ཞེས་ལྗོན་པའི་ནགས་ནས་བཙལ་བའི་མདའ་ཤིང་ལ་རྒོད་སྒྲོ་ཕྱུག་མོས་བསྟད་པར་མཚོན་པ་དང་། ཡང<<ཨ་གྲགས་གཟི་རྫོང>>ལས། དགུང་སྟོང་ལམ་བཟུང་བའི་ཐང་དཀར་རྒོད། །ལུས་གཤོག་དྲུག་མདའ་མོའི་རྒྱན་ལ་བླངས། །ཞེས་དང་།  <<ཚ་བ་མདའ་རྫོང>>ལས། མདའ་ཉག་ཕྲན་རྨྱུག་མ་ཚིག་གསུམ་ཁྱོད། །རྒྱ་ཟོར་ངར་མས་གཅོད་པའི་དུས། །ལུས་ཟུག་གཟེར་ཨེ་བྱུང་ཉག་ཕྲན་མདའ། །བྱ་རྒོད་སྒྲོ་ཡིས་བརྒྱན་པའི་དུས། །ལུས་ཡང་དུ་ཨེ་བསམ་ཉག་ཕྲན་མདའ། །ལྕགས་མདེལ་ངར་མ་བཙུགས་པའི་དུས། །ལུས་བཤན་དུ་ཨེ་བསམ་ཉག་ཕྲན་མདའ། །ལྟོང་ཁ་མཚལ་གྱིས་བྱུག་པའི་དུས། །ལུས་མཛེས་སུ་ཨེ་བསམ་ཉག་ཕྲན་མདའ། །དོང་བའི་དཀྱིལ་ལ་སྡོད་པའི་དུས། །ལུས་དྲོ་དུ་ཨེ་བསམ་ཉག་ཕྲན་མདའ། །མཆོག་དཀར་གཞུ་ལ་སྦྱར་བའི་དུས། །འགྲོ་རན་སོང་ཨེ་བསམ་ཉག་ཕྲན་མདའ། །ཁྱོད་ཉག་ཕྲན་མདའ་མོ་འགྲོ་བའི་ལམ། །མཐོ་དགོས་ན་དཔྲལ་བའི་དཀྱིལ་ནས་སོང་། །མགོ་ཀླད་ཁྲག་ལྡག་ཅིང་འཐུང་ལ་སོང་། །དམའ་དགོས་ན་སྙིང་ཁའི་དཀྱིལ་ནས་སོང་། །སྙིང་ཤ་ཁྲག་བཟའ་ཞིང་འཐུང་ལ་སོང་། །ངས་མཐོ་དམན་གཏོང་ལུགས་མ་ཤེས་ན། །མདའ་སྐྱེན་པོའི་མིག་ཁུར་ཤེས་དོགས་མེད། །སླེབས་དགོས་པའི་ཚད་ལ་མ་སླེབས་ན། །དཔུང་མཐེ་བོང་ཤེད་རྩལ་ཞན་རྟགས་གྱིས། །ཕོག་དགོས་པའི་སྟེང་དུ་མ་ཕོག་ན། །མདའ་འཕེན་མཁན་ལོང་བ་ཡིན་རྟགས་ཀྱིས། །ཉག་ཕྲན་ཤ་ཟ་སྒྲོ་དཀར་ཁྱོད། །ཤ་ཆེན་ཟས་ལ་དགའ་བའི་ཕྱིར། །དགྲ་ཤ་བཟའ་བར་འགྲོ་རྒྱུ་གྱིས། །དམར་ཆེན་ཁྲག་ལ་དགྱེས་པའི་ཕྱིར། །སྙིང་ཁྲག་འཐུང་བར་མྱུར་དུ་བྱོན། །ཞེས་འདན་མའི་ཉག་ཕྲན་དངུལ་ལྟོང་མར་རྒོད་སྒྲོ་བསྟད་ཡོད་པའི་གླུ་འདིར་བརྟག་ན་མདའ་མོ་རྒོད་སྒྲོ་མ་ནི་ཤེད་ཆེ་ཞིང་རྒྱང་ཆོད་པ་མ་ཟད། དགྲ་ཕྱོགས་སུ་འཕངས་ན་མི་ཕོག་པ་མེད་པ་དང་། ཕོག་ན་ཐར་ས་མེད་པའི་ཁྱད་ཆོས་ལྡན་ནོ། །    2.གླག་སྒྲོ་མ་ནི་བྱ་གླག་གི་སྒྲོ་ཡིས་བསྟད་པའི་མདའ་མོའི་རིགས་ཤིག་སྟེ། མདའ་མོའི་དེའི་སྒྲོ་བྱ་གླག་གི་སྒྲོ་ཡིན་པས་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་མིང་བཏགས་པ་ཡིན། <<དག་ཡིག་གསར་བསྒྲིགས>>སུ་བྱ་གླག་ནི་བྱ་སྤུའི་མདོག་དུ་ཁ་ཅན་དང་། སྡེར་མོ་རྣོ་ཞིང་གུག་པ། མཆུ་གུག་པོ་ལྕགས་ཀྱུ་ལྟ་བུ། ལུ་གུ་དང་ཁྱིམ་བྱ་སོགས་བཟུང་ནས་ཟ་བའི་བྱ་གནོད་པ་ཅན་ཞིག་ཡིན། དེ་ལ་གླག་ཁྲ་དང་གླག་རོག་གཉིས་ཡོད། ཅེས་གླག་སྒྲོ་ཡི་བསྟད་པའི་མདའ་མོའང་བྱ་གླག་ཇི་བཞིན་འཕངས་ན་གནད་ལ་ཕོག་པའི་ཁྱད་ཆོས་ཡོད། <<བསྡུས་སྒྲུང>>ལས། ཇོ་སྐྱིད་དམ་པ་སངས་རྒྱས་ཀྱིས་མངོན་ཤེས་ཀྱིས་གནས་ཚུལ་མི་ལེགས་པ་དེ་དག་མཁྱེན་ནས། སྐུ་ཡི་སྦྲུལ་བ་དང་གསུང་གི་སྤྲུལ་བ་ཐུགས་ཀྱི་སྦྲུལ་བ་གསུམ་མཛད་ནས། སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །སྐུ་འབྲལ་མེད་སྤྱི་བོའི་གཙུག་ཏུ་བཞུགས། །དེ་རིང་ཇོ་རུར་བྱིན་གྱིས་རློབས། །མཐོ་བཅུ་གསུམ་གོང་གི་ཡང་སྟེང་ནས། །རྗེ་དྲིན་ཅན་རྩ་བའི་བླ་མ་མཁྱེན། །མ་དང་མཁའ་འགྲོའི་འཁོར་གྱིས་བསྐོར། །རྩྭ་མཆོག་འོད་མའི་གྲོང་ཁྱེར་ནས། །སངས་རྒྱས་ཤཱཀྱ་ཐུབ་པ་མཁྱེན། །དགྲ་བཅོམ་ལྔ་བརྒྱའི་འཁོར་གྱིས་བསྐོར། །དེ་རིང་ཇོ་རུའི་གྲོགས་སུ་བྱོན། །ཤར་ཕྱོགས་དུང་རིའི་མཁར་ནང་ནས། །ཕུ་བོ་དུང་སྐྱོང་དཀར་པོ་མཁྱེན། །ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །དེ་རིང་ཇོ་རུའི་གྲོགས་སུ་བྱོན། །སེང་གེ་དཀར་མོའི་ཁྲི་སྟེང་ནས། །མ་ཨ་ནེ་གོང་སྨན་རྒྱལ་མོ་མཁྱེན། །དེ་རིང་ཇོ་རུའི་གྲོགས་སུ་བྱོན། །དགྲ་ལྷ་མི་ཁྲི་དགུ་འབུམ་དང་། །ལུས་ལྷ་དགུ་བཅུ་གོ་དགུ་དང་། ། ཝེར་མ་སུམ་བརྒྱ་དྲུག་ཅུ་བཅས། །དེ་རིང་ཇོ་རུའི་གྲོགས་སུ་བྱོན། །ལྷ་ཆེན་ཁ་བ་འབབ་འབབ་མཛོད། །ལྷ་ཆུང་བུ་ཡུག་འཚུབ་འཚུབ་མཛོད། །ང་ལྷ་སྲས་འགོག་མའི་ཇོ་རུ་འདི། །བསྐོས་པ་གོང་མ་ལྷ་ནས་བསྐོས། །མདོ་ཁམས་གླིང་ལ་སྐྱེ་ལུས་བླངས། །ཞག་གཅིག་ཞག་ངོ་ལོན་པའི་དུས། །དྲིན་མ་ལ་འཇམ་པའི་གླུ་ལེན་བྱས། ། སྨན་རྒྱ་བཟར་མི་འདོད་སྡང་མིག་བལྟས། །ཞག་གཉིས་ཞག་ངོ་ལོན་པའི་དུས། ། འབྲ་གོ་དམར་པོས་གཞུ་ཆུང་བཀུག །ཨ་མའི་སྐྲ་ཡིས་གཞུ་རྒྱུད་བྱས། །འོམ་བུ་དམར་པོའི་མདའ་ཆུང་ལ། །སྐྱེར་བ་སེར་པོའི་མདེའུ་སྤྲད། །ཁྲ་སྒྲོ་གླག་སྒྲོས་མདའ་སྒྲོ་བསྟད། །དེ་རིང་ཇོ་རུའི་ཅོག་རའི་སྟེང་། ། དགྲ་དང་པོ་བྱ་ནག་སྤུན་གསུམ་བྱུང་། འདི་ཤུལ་མེད་དམ་ལ་མ་ཐོགས་ན། །ང་ལྷ་སྲས་ཇོ་རུ་མིན་པའི་རྟགས། ། ཞེས་ལྷ་ཀླུ་གཉན་གསུམ་དང་དགྲ་ལྷ་ཝེར་མ་རྣམས་ལ་གསོལ་འདེབས་བཟློག་མེད་ཅིག་མཛད་ནས་ཉག་ཕྲན་མདའ་དེ་མེ་སྟག་ཕྲོམ་ཕྲོམ་གྱིས་སྤྲིངས་པ་ན། མདའ་ཆུང་དེ་བྱ་ནག་སྤུན་གསུམ་ལ་ཕོག་སྟེ་ལག་གི་ཕྲེང་རྡོག་ཐོར་བ་བཞིན་ས་ལ་བརྡལ་བྱུང་། ཞེས་པ་ལས་ཇོ་རུས་འབྲ་གོ་དམར་པོས་གཞུ་མོ་བཀུག་པ་དང་། འོམ་བུ་དམར་པོས་མདའ་ལས་པ། སྐྱེར་བ་སེར་པོས་མདེའུ་བཙུགས་པ། ཁྲ་སྒྲོ་གླག་སྒྲོས་མདའ་སྒྲོ་བསྟད་པ། ཨ་མའི་སྐྲ་ཡིས་གཞུ་རྒྱུད་བྱས་པ་སོགས་གསལ་པོར་བརྗོད་ཡོད་དོ། །    3.ཁྲ་སྒྲོ་མ་ནི་མདའ་ཤིང་ལ་བྱ་ཁྲའི་སྒྲོ་བསྟད་ཡོད་པའི་མདའ་མོ་ལ་ཟེར།  <<དག་ཡིག་གསར་བསྒྲིགས>>ལས་ཁྲ་ནི་ཕུག་རོན་དང་བྱིའུ་སོགས་བཟུང་ནས་ཟ་བའི་བྱ་གཏུམ་པོ་ཞིག་ཡིན་ལ་རིགས་ཤིན་ཏུ་མང་། དུས་རྒྱུན་མཐོང་བར་བྱིའུ་ཁྲ་དང་སྐྱ་ཁྲ་གཉིས་ཡོད། བྱིའུ་ཁྲ་ནི་བྱིའུ་ཆུང་བཟུང་ནས་ཟ་བའི་བྱ་ཁྲའི་རིགས་ཆུང་ངུ་ཞིག་ཡིན། སྐྱ་ཁྲ་ནི་ཕུག་རོན་དང་རི་བོང་སོགས་བཟུང་ནས་ཟ་བའི་བྱ་ཁྲའི་རིགས་ཆེ་བ་ཞིག་ཡིན། ཞེས་བཀོད་འདུག འདིའང་མདའ་སྒྲོ་གྲུབ་བྱེད་ཀྱི་རྒྱུ་ཆ་བརྟེན་ནས་མིང་བཏགས་པ་ཡིན། <<དུང་དཀར་ཚིག་མཛོད་ཆེན་མོ>>རུ། སྤྱིར་བོད་ཀྱི་མདའ་ལ། རྒོད་སྒྲོ་མ་ནི་རྒྱང་རིང་བར་འགྲོ་བ་དང་། གླག་སྒྲོ་མ་ནི་ཤུགས་ཆེ་བ། ཁྲ་སྒྲོ་མ་ནི་འཕུར་མགྱོགས་པ་བཅས་ཀྱི་ཁྱད་ཆོས་ཡོད། ཅེས་བཀོད་ཡོད་པ་དང་། <<སྟག་གླིང་གཡུལ་འགྱེད>>ལས། གྱད་མི་སེང་རྒོད་རྔམ་ཐུང་དེ་རྟ་འཕར་བ་དམར་ཁྱུང་གི་གོང་ལ་བུད་དེ་རང་འདྲ་དཔའ་བོ་བཅུ་ཡི་དཔུང་དང་བཅས་བདུད་གླིང་གི་དམག་འཕྲུ་ནག་ཅན་མང་དུ་བཅོམ་སྟེ་བྱུང་བ་ལ། དཔའ་མོ་ཨ་སྟག་ཀླུ་མོས་ལ་མོ་ཁོ་ཡི་གདོང་བཀག་སྟེ་ལྕགས་གཞུ་རི་བོ་འགུག་ཆེན་ནང་མདའ་ཁྲ་སྒྲོ་མ་ཞིག་བཞག་ཏེ་བརྫངས་པས་གྱད་མི་སེང་གེ་རྔམ་ཐུང་གི་ནུ་མ་གཡོན་པའི་ཐོག་ཏུ་ཕོག་པས་རྟ་ཐོག་ནས་ལྷུང་སྟེ་ཤི། དེ་ནས་གྱད་མི་འཕྲོས་ལུས་དགུ་པོ་དེས་དཔའ་མོའི་སྟེང་དུ་མི་རེས་མདའ་རེ་བཏང་བྱུང་བ་དཔའ་མོའི་སྐུ་ལུས་སྟོད་སྨད་སོ་སོར་ཐེབས་ཀྱང་། གོ་བཙན་པ་དང་སྲུང་མས་བརྟན་པ་དང་། གཟའ་སྐར་འཕྲོད་སྦྱོར་ལེགས་འགྲིག་ལ་བརྟེན་ཅིང་ཅི་ཡང་གནོད་མ་ཐུབ། དེ་ནས་དཔའ་མོ་ཐུགས་ཤིན་ཏུ་ཁྲོས་ཏེ་མདུང་བཟུང་ནས་ཤོར་བྱུང་བས་གྱད་མི་དགུ་པོ་དུ་ཕྱི་ལྟས་མེད་པར་ཐལ་འཚུབ་ཕྱུར་རུ་བྲོས་སོང་། ཞེས་པ་ལས་ཨ་སྟག་ཀླུ་མོས་ལྕགས་གཞུ་རི་བོ་འགུག་ཆེན་སྟེང་དུ་མདའ་ཁྲ་སྒྲོ་མ་ཞིག་བཞག་སྟེ་གྱད་མི་སེང་གེ་རྔམ་ཐུང་བསད་པ་ཤེས་འདུག     4.འུག་སྒྲོ་མ་ནི་བྱ་འུག་པའི་སྒྲོ་ཡིས་བསྟད་པའི་མདའ་མོའི་རིགས་ཤིག་སྟེ། <<དག་ཡིག་གསར་བསྒྲིགས>>ལས། བྱ་འུག་པ་ནི་མཚན་མོ་འཕུར་བའི་བྱ་ཞིག་སྟེ། སྤུ་མདོག་སེར་སྐྱ་ཁྲ་ཐིག་ཅན་མགོ་བྱི་ལ་དང་དབྱིབས་མཚུངས་ཤིང་ཨ་བྲ་དང་བྱི་བའི་རིགས་ཟ་བའི་ཕན་བྱ་ཞིག་ཡིན། ཆེ་བའི་རིགས་ལ་འུག་རྒན་དང་ཆུང་བའི་རིགས་ལ་འུག་ཆུང་ཟེར། ཞེས་བཀོད་ཡོད། འུག་སྒྲོ་མ་ནི་མཚན་མོ་འཕངས་ན་གནད་ལ་ཕོག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད། <<མོན་གླིང་གཡུལ་འགྱེད>>ལས། དེ་རིང་རྟ་ཐོག་འདུན་མ་ཡོད། །མོན་གླིང་བར་བ་ཧོར་རུའི་བཟང་། །འདུན་མ་ཧོར་གྱི་ཤན་པ་ཡོད། །ཤ་རུས་བར་ལ་འདུན་མ་ཡོད། །འདུན་མ་ཉག་ཕྲན་མདའ་མོ་ཡོད། །གཟིག་ཤུབས་ནང་ནས་གཞུ་གཅིག་ལེན། །ཧོར་གཞུ་པདྨ་འཐེན་སྐྱིད་ཟེར། །གཞུ་ཡ་མཆོག་མཁའ་ལྡིང་ཁྱུང་རྭ་ཡིན། །མ་མཆོག་བྲེ་སེར་འབྲོང་རྭ་ཡིན། །འཆང་གཟུང་གླང་ཆེན་ཐོག་དཀར་ཡིན། །ཁ་དཀར་རྐྱང་གི་སོག་རུས་ཡིན། །མ་ལ་ཡུལ་གྱི་སེང་ལྡེང་ཡིན། །ཤིང་རུས་པ་གཉིས་དང་རྣམ་པ་དགུ། །མཆོག་དཀར་བཟང་པོ་དགུ་འཛོམ་དེ། །དགྲ་དགུ་ཆམ་ལ་ཕབ་པའི་རྟགས། །གསེར་མགུར་མོ་བརྒྱ་ཡི་གདམ་ཡ་རེད། །ཧོར་དར་མ་འབུམ་གྱི་ལས་ཟོག་རེད། །ཡང་ཐོག་ཤན་པའི་སྙིང་ནོར་ཡིན། །སྟག་དོང་ནང་ནས་མདའ་གཅིག་ལེན། །ལྕགས་མདའ་བསེར་མ་མགུལ་རིང་ཟེར། །ཐེའུ་རང་ཤན་པའི་བླ་ལྕགས་རེད། །གནམ་ཐེལ་དཀར་པོའི་རྟེན་མདའ་རེད། །ལྕོག་ལྷ་མཚལ་རྩེའི་བླ་མདའ་རེད། །སྲིན་བྱ་འུག་པའི་སྒྲོ་གཅིག་སྒྲོན། །སྡེ་བརྒྱད་བྲན་ལ་འགོད་པའི་རྟགས། །མདེའུ་ངར་མའི་དུག་ལྕགས་ལ། །སྲིན་མོ་ཁྲོས་པའི་ཡའུ་བཙུན། །འཕངས་ན་ཐར་བ་མེད་པའི་རྟགས། །མཆོག་དཀར་གཞུ་ལ་སྤྲད་པའི་དུས། །དོམ་ནག་ཁྲག་གིས་བཟི་བ་འདྲ། །སྐྱེན་པའི་མཐེབ་ཀྱིས་བསྐུལ་བའི་དུས། །གཤིན་རྗེའི་ཁྲམ་ལ་བསྒྱུར་བ་འདྲ། །སྒྲོ་མོས་རླུང་རྒྱ་གཤགས་པའི་དུས། །བར་སྣང་གཡུ་འབྲུག་ལྡིར་བ་འདྲ། །མཁའ་ལམ་དབྱིངས་ནས་བགྲོད་པའི་དུས། །དགུང་ལ་གཟའ་རྒོད་རྒྱུག་པ་འདྲ། །སྡང་བའི་དགྲ་ལ་འབིགས་པའི་དུས། །བྲག་ལ་ཐོག་ལྕེ་བབས་པ་འདྲ། །ཞེས་པ་ལས་ཤན་པའི་ལྕགས་མདའ་བསེར་མ་མགུལ་རིང་ལ་སྲིན་བྱ་འུག་པའི་སྒྲོ་བསྟད་ཡོད་པ་དང་དེ་འཕངས་ན་ཐར་བ་མེད་པའི་ཁྱད་ཆོས་མངོན་པར་བརྗོད་ཡོད་དོ། །    གཉིས མདའི་ལྟོང་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་བགར་བའི་དབྱེ་བ་སྟེ། གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ། ལྕགས་ལྟོང་མ་བཅས་བཞི་ཡོད་དེ།   1.གསེར་ལྟོང་མ་ནི་མདའི་ལྟོང་གསེར་གྱིས་བརྒྱན་པའི་མདའ་མོ་ལ་ཟེར། མདའ་མོའི་ལྟོང་ལ་གསེར་གྱི་བརྒྱན་པ་འདིས་མདའ་མོ་མཛེས་བར་བྱེད་པའི་ནུས་པ་དང་། མདའ་མོ་གསེར་ལྟོང་མ་འདི་འཕེན་མཁན་གྱི་ཐོབ་གོ་གནས་ཤིག་ཀྱང་མཚོན་པར་སྙམ། དཔེར་ན། <<ཨ་སྟག་ཤ་རྫོང>>ལས། ཤར་ཁྲ་མོ་གླིང་གི་ལས་དམག་རྣམས་ཀྱིས་སྤྱི་དཔོན་རྒྱལ་པོའི་དམག་བཀོད་ལྟར་ཕྱོགས་སོ་སོའི་མཁར་སྒོ་རྣམས་བསྲུངས། ཉི་མ་དེ་ཡི་ཕྱི་ཉིན་ཉི་ཤར་འབྲུག་གི་དུས་དེར། ཤར་བཀའ་བློན་འདན་མ་བྱང་ཁྲ་དེས་ཁས་ལེན་དཔུང་རོགས་ལྔ་བཅུས་བསྐོར་ནས་ཤར་གྱི་སྒོ་ཐད་དུ་དོམ་སྨྱོན་ཤོར་བ་ལྟར་བྱུང་བ་དང་། མཁར་ཐོག་ནས་དར་ཁྲིའི་དམག་རྣམས་ཀྱི་མདའ་སྐྱ་སེར་བ་འབབ་པ་ལྟར་འཕངས་བྱུང་བས། དཔའ་ཚ་ཞང་འདན་མ་བྱང་ཁྲ་རང་རྒོད་གཏིང་ནས་འཁྲུགས་ཤིང་། གཞུ་ཆུང་དཀར་མོ་མཐེབ་ཆེན་གྱི་ནང་ལྷ་མདའ་གསེར་ལྟོང་མ་ཞིག་བཞག་སྟེ། གླུ་ལེན་ཚིག་བསྐོར་ཅི་ཡང་མེད་པར་འདོམ་གང་བརྒྱངས་ཤིང་སྤྲིངས་པས། ཤར་གྱི་མཁར་སྒོའི་ཀླད་ཀྱི་མེ་ལོང་དཀྱིལ་ལ་ཐེབས་པས། ཚག་སྒྲ་དང་འུར་སྒྲས་གནམ་ས་འདར་ལེ། ཐལ་རྡུལ་གྱིས་བར་སྣང་སྒྲིལ་ལེ་བྱས་ནས་སྒོ་སྲུང་དམག་སུམ་ཅུ་ཙམ་བསད། ཅེས་པ་ལས་ཚ་ཞང་འདན་མ་བྱང་ཁྲས་མདའ་མོ་གསེར་ལྟོང་མ་ཞིག་འཕངས་ཏེ་གནམ་ས་འདར་བར་བྱེད་དུ་བཅུག་པ་དང། གླིང་གི་དཔའ་ཆེན་གཙོ་བོ་གྲས་མ་གཏོགས་མདའ་མོ་གསེར་ལྟོང་མ་མི་ཐོབ་པ་ཤེས་ཐུབ། གཞན་ཡང<<ཨ་གྲགས་གཟི་རྫོང>>དུ། ངས་སྟག་དོང་ནང་ནས་མདའ་གཅིག་ལེན། །སྟོང་ཆེན་ཤ་ཟ་ཁྲག་འཐུང་ལེན། །རྨྱུག་རྒོད་ཚ་བ་རོང་ནས་བཏུབ། །ཚིགས་གཅིག་ཁ་ལ་འཁྲུངས་པའི་དུས། །ས་སྐྱིད་དོ་ཨེ་བསམ་ཉག་ཕྲན་མདའ། །ཚིགས་གཉིས་ཁ་ལ་འཁྲུངས་པའི་དུས། །ལུས་དྲང་དུ་ཨེ་བསམ་ཉག་ཕྲན་མདའ། །ཚིགས་གསུམ་ཁ་ནས་བཅད་པའི་དུས། །གཅོད་རན་དུ་ཨེ་བསམ་ཉག་ཕྲན་མདའ། །ལྟོང་ཁ་མཚལ་གྱིས་བརྒྱན་པའི་དུས། །སྐྱེ་ཡག་ཏུ་ཨེ་བསམ་ཉག་ཕྲན་མདའ། །དེ་ལ་གསེར་ལྟོང་སྐོན་པའི་དུས། །རྒྱན་མཛེས་སོ་ཨེ་བསམ་ཉག་ཕྲན་མདའ། །ཐང་དཀར་སྒྲོ་མོས་བརྒྱན་པའི་དུས། །འཕུར་རན་དུ་ཨེ་བསམ་ཉག་ཕྲན་མདའ། །ལྕགས་དཀར་མདེའུ་བཙུགས་པའི་དུས། །སོ་རྣོ་རུ་ཨེ་བསམ་ཉག་ཕྲན་མདའ། །མདེལ་ལྟོང་དར་སྣས་དཀྲིས་པའི་དུས། །དཔུང་བཙན་དུ་ཨེ་བསམ་ཉག་ཕྲན་མདའ། །དེ་ལ་ལྕགས་ཤུབས་བསྐོན་པའི་དུས། །གོས་དྲོ་རུ་ཨེ་བསམ་ཉག་ཕྲན་མདའ། །མཆོག་དཀར་གཞུ་ལ་སྤྲད་པའི་དུས། །འགྲོ་རན་དུ་ཨེ་བསམ་ཉག་ཕྲན་མདའ། །ཞེས་འཇང་ཕྲུག་གཡུ་ཁྲིའི་མདའ་མོ་མཛེས་བྱེད་དུ་ལྟོང་ལ་གསེར་གྱི་བརྒྱན་པ་ལགས།  
          2.དངུལ་ལྟོང་མ། མདའི་ལྟོང་དངུལ་གྱིས་བརྒྱན་པའི་མདའ་མོའི་རིགས་ཤིག་སྟེ། སྤྱིར་བོད་མི་རིགས་ནི་རང་ཉིད་མཛེས་བྱེད་ལ་གསེར་དངུལ་ལ་སོགས་ཀྱི་རྒྱན་ཆ་འདོགས་པར་སྤྲོ་བ་དང་། རང་ཉིད་ཀྱི་ཐོབ་གོ་སའི་དབང་གིས་སྣོད་ཅ་ལག་སྟེ་རྒྱུན་སྤྱོད་ཀྱི་ཡོ་ཆས་ལ་གསེར་དངུལ་ལ་སོགས་པས་སྤྲོས་ཡོད་པས། མདའ་མོ་དངུལ་ལྟོང་མའང་དེ་ལས་མ་འདས་པར་མཛེས་པར་བྱེད་པ་དང་ཐོབ་གོ་གནས་ཀྱི་མཐོ་དམན་དབང་གིས་དངུལ་གྱིས་བརྒྱན་པ་ཡིན་པར་སྙམ། <<ཧོར་གླིང་གཡུལ་འགྱེད>>ཀྱི་སྟོད་ཆའི་ལེའུ་བཅུ་གསུམ་དུ་འདན་མས་གླུ་འདི་འདྲ་ཞིག་བླངས་ཡོད་དེ། ངའི་ལག་གི་མདའ་མོ་དངུལ་ལྟོང་མ། །གླིང་གེ་སར་རྒྱལ་པོའི་ཕྱག་མདའ་ཡིན། །གླིང་དཔའ་རྟུལ་རེ་ལ་བདུན་རེ་ཡོད། །ཚེ་འདི་སྐྱོབ་པའི་ཚེ་མདའ་ཡིན། །ཕྱི་མ་འདྲེན་པའི་ལྷ་མདའ་ཡིན། །དེ་རིང་མི་འཕེན་ཀ་མེད་རེད། །ཧོར་འབུམ་དམག་ཁྲ་བོའི་གཞི་དཀྱིལ་ནས། །ཁོ་གུར་དཀར་ཁྱི་ནས་ཡར་ལ་ཕུད། །དེ་འོག་ཁྲི་བཙུན་མིན་པ་མེད། །མགོ་རྔ་འཕྲུ་འདན་མས་མ་བླངས་ན། །གླིང་གེ་སར་ལྷ་མེད་ཡིན་པའི་རྟགས། །གདོང་རྒྱ་ཚ་དཔའ་མེད་པའི་རྟགས། །ས་འདན་མ་རྩལ་མེད་ཡིན་པའི་རྟགས། །དོ་ནུབ་ཉི་མའི་ཕྱི་དྲོ་ལ། །གླིང་ལྷ་སྡེ་དཔའ་སྐད་དགུང་ནས་འཐེན། །ཧོར་གུར་དཀར་བྲང་ཁོག་རྔ་བཞིན་རྡུངས། །བུ་ལྷའུས་ཁ་ཤ་དར་བཞིན་འཐེན། །ཧོར་ཤན་པས་མཆི་མའི་ཡུར་ཆུ་འཐེན། །ལས་དེ་འདྲ་མ་བྱས་འདན་མ་མིན། །མདའ་ཉག་ཕྲན་གཡུ་ཡི་སྒྲོ་ཁ་ཅན། །རྨྱུག་མ་དྲང་ལ་ལྡེམ་པ་འདི། །གར་གཏད་གསོན་ལ་མི་གཏོང་རྟགས། །སྒྲོ་ཁ་བཞི་གཏོད་བྱས་པ་འདི། །གཤོང་བཞི་ཁྲག་གིས་བཀང་བའི་རྟགས། །མདེའུ་སྣེ་རྣོ་ལ་བརྡུངས་པ་འདི། །དགྲ་སྙིང་གཏིང་ནས་འབིགས་པའི་རྟགས། །ལྟོང་ཁ་དམར་ལ་དྲངས་པ་འདི། །དགྲ་ཁྱག་ཧུབ་ཀྱིས་འདྲེན་པའི་རྟགས། །མདའ་སྟོད་དངུལ་གྱིས་དཀྲིས་པ་འདི། །རུས་པའི་བསེ་མཁར་བཤིག་པའི་རྟགས། །མདའ་སྨད་རྒྱུས་པས་དཀྲིས་པ་འདི། །རྣམ་ཤེས་མར་མེ་གཏོར་བའི་རྟགས། །ཚིགས་གསུམ་སྐེད་ལ་བཅིངས་པ་འདི། །སྟོང་གསུམ་ཁ་ལོ་བསྒྱུར་བའི་རྟགས། །མཆོག་དཀར་གཞུ་ལ་སྤྲད་པ་འདི། །ཐོག་དམར་ཀླད་ནས་འབེབས་པའི་རྟགས། །དཔའ་བོས་མཐེབ་ཀྱིས་བསྐུལ་པ་འདི། །དགྲ་དཔུང་ཆམ་ལ་འབེབས་པའི་རྟགས། །རྟགས་དགུ་ཚང་བའི་ལྷ་མདའ་འདི། །ཁྲི་བཙུན་སྟེང་དུ་ཧོ་མ་ཡ། །མདའ་མ་འཕངས་འདན་མ་བྱང་ཁྲ་མིན། །མ་ཕོག་ཉག་ཕྲན་འཕྲུལ་འཁོར་མིན། །མ་ཕིགས་གནམ་ལྕགས་ངར་མ་མིན། །ཞེས་པ་ལས་འདན་མས་ཉག་ཕྲན་དངུལ་ལྟོང་མ་གཅིག་བརྫངས་པས། ཁྲི་བཙུན་རིགས་ཡག་གི་དཔྲལ་པའི་དཀྱིལ་དུ་ཕོག་ནས་རྨོག་དང་སྦྲགས་ཏེ་མདེའུ་ལྟག་པའི་རྒྱབ་ཏུ་བཏོན་པ་བསྟན་འདུག་ལ། དཔའ་རྟུལ་ཡིན་ན་གསེར་དངུལ་ཟངས་ལྕགས་བཅས་ཀྱི་ལྟོང་ཅན་གྱི་མདའ་ཐམས་ཅད་ཚང་བ་ཡོད། 
          3.ཟངས་ལྟོང་མ་ནི་ལྟོང་ལ་ཟངས་ཀྱིས་བརྒྱན་པའི་མདའ་མོའི་རིགས་ཤིག་སྟེ། མདའ་མོ་ཟངས་ལྟོང་མའང་མདའ་མོ་གསེར་ལྟོང་མ་དང་དངུལ་ལྟོང་མའི་ཁྱད་ཆོས་དང་འདྲ་བར་མཛེས་པར་བྱེད་པ་དང་ཐོབ་གོ་གནས་དབང་གིས་བརྒྱན་པ་ཡིན་པར་འདོད་དེ། དེང་སྐབས་འཛམ་གླིང་རང་བཞིན་ཅན་གྱི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྟེང་དུ་བྱ་དགའི་རིམ་པ་ལས་ཨང་དང་པོ་ལ་གསེར་གྱི་རྟགས་མ་ཐོབ་པ་དང་། ཨང་གཉིས་པར་དངུལ་གྱི་རྟགས་མ་ཐོབ་པ། ཨང་གསུམ་པར་ཟངས་ཀྱི་རྟགས་མ་ཐོབ་པ་འདིའང་ཐོབ་གོ་གནས་ཀྱིས་འདི་ལྟར་བགོས་ཡོད་ལ། དེ་དང་མདའ་མོ་ལའང་གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ་ཞེས་བགར་པ་འདི་གཉིས་འདྲ་མཚུངས་ཀྱི་ནང་དོན་ཡོད་པར་འདོད། <<ཧོར་གླིང་གཡུལ་འགྱེད>>ལས། སྤྱི་དཔོན་དང་འབྲུག་མོ་གཉིས་ཀྱིས་གུར་དཀར་གནམ་ལྷ་དཀར་པོ་ལ་དབུ་སྐོར་བཏང་། དཔོན་མོའི་ཚབ་ལ་གཡོག་མོ་ནེའུ་ཆུང་མ་མངགས་ནས་བརྙས་བཅོས་ཚད་མེད་བྱས། ལས་མི་དྲན་དགུ་དྲན་བྱས་པ་འདི་མི་ལེགས་པས། གུར་དཀར་ལ་བྱ་མ་བཏང་ན་མི་ཉན་མི་ལོ་བསམས་ནས་རྟ་འཕར་བ་རྔ་ནག་ལ་ཞོན་ནས་བེར་སེར་པོ་གཅིག་ནང་དུ་གྱོན། དེའི་སྟེང་ལ་ལྗང་ཁུ་གཅིག་གྱོན་ནས་ཕུ་ཐུང་གཡས་ཕུད། ཞྭ་དཀར་ངོ་གཉིས་མ་རྔ་འཕྲུ་ཅན་གཅིག་གྱོན། ཁ་གཉེར། སྣ་བརྫེས། ཨག་ཚོམ་དམར་ཤིར་ཤིར་གྱེན་དུ་ལངས་ཤིང་། མཚན་ཤར་བརྒྱབ་ནས་ཕྱིན་ཏེ། མདའ་ཟངས་ལྟོང་མ་གཅིག་གི་སྐེ་ལ་རྒྱ་ཤོག་སེར་པོ་ཞིག་གི་ངོས་སུ་གསང་འཕྲིན་བྲིས། ཞེས་པ་ལས་ཁྲོ་ཐུང་གིས་མདའ་མོ་ཟངས་ལྟོང་མ་ཞིག་གི་མགུལ་ལ་ཡི་གེ་བྲིས་ཏེ་ཧོར་གུར་དཀར་ལ་བསྐུར་བ་བརྗོད་ཡོད་། 4.ལྕགས་ལྟོང་མ་ནི་ལྟོང་ལ་ལྕགས་ཀྱིས་བརྒྱན་ཡོད་པའི་མདའ་མོའི་རིགས་ཞིག་སྟེ། མདའ་མོ་ལྕགས་ལྟོང་མའང་མདའ་མོ་གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ་བཅས་དང་འདྲ་བར་ཐོབ་གོ་གནས་ཀྱི་དབང་གིས་བརྒྱན་པ་དང་། མདའི་ལྟོང་སྲ་བར་ཡོང་ཆེད་ལ་ལྕགས་ཀྱིས་བརྒྱན་པ་ལས་མཛེས་བྱེད་མིན་པར་སྙམ། <<ཨ་གྲགས་གཟི་རྫོང>>དུ། འདན་མས་མདའ་ལྕགས་ལྟོང་མ་ཞིག་བརྫངས་པས་བྲག་དེ་ཕྱེད་ཙམ་གཏོར། ཞེས་པ་ལས་མདའ་མོ་ལྕགས་ལྟོང་མ་ལ་བྲག་རིའང་གཏོར་ཐུབ་པའི་ཁྱད་ཆོས་མཚོན་ཡོད། གཞན་ཡང<<ཧོར་གླིང་གཡུལ་འགྱེད>>ལས། གླིང་ཚ་ཞང་འདན་མ་བྱང་ཁྲ་དེས་རྨོག་དཀར་དར་འཕྲུས་ནམ་མཁའ་གང་། ཁྲབ་དཀར་སིལ་སྒྲས་བར་སྣང་ཁེངས། འདོ་བའི་རྨིག་སྒྲས་ས་གཞི་ཁེངས་པ་ཞིག་བྱས་ཏེ། རྟ་དངོས་གྲུབ་ལྡེམ་པའི་སྟེང་དུ་ཞོན་ནས་རྨ་ཆུའི་རབ་བཅད་དེ་ཧོར་སྒར་གྱི་འགྲམ་དུ་སླེབས་པ་དང་། མདའ་རག་ལྟོང་མ་ལྔ་དང་། ཟངས་ལྟོང་མ་བདུན། ལྕགས་ལྟོང་མ་དགུ་འཕངས་པས། སྒར་ནང་དུ་ཐོག་བརྒྱབ་པ་ལྟར་མི་མང་པོ་ཟང་ཐལ་དུ་ཕུག་ནས་བསྒྲིལ་བྱུང་། ཞེས་པ་ལས་གླིང་ཚ་ཞང་འདན་མས་མདའ་མོ་རག་ལྟོང་མ་ལྔ་དང་། ཟངས་ལྟོང་མ་བདུན། ལྕགས་ལྟོང་མ་དགུ་འཕངས་ནས་ཧོར་གྱི་མི་མང་པོ་བསད་པ་བསྟན་ཡོད།
         


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1