དགེ་རྒན་བཟང་བོ་ཞིག་གི་ཚད་གཞི་གླེང་བ།

འཇམ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


[གནད་བཏུས] དགེ་རྒན་གྱིས་སློབ་མར་ཤེས་བྱ་གསར་བ་བློ་ལ་ངེས་སུ་འཇུག་པར་ཁྲིད་ཟིན་པའི་རྨང་གཞིའི་ཤེས་བྱ་དང་འབྲེལ་ཏེ། དྲི་བ་མང་པོ་འདོན་པ་དང་མཉམ་དུ་ལས་བྱ་བགོ་བའི་བྱེད་ཐབས་ལ་བརྟེན་ནས་སློབ་མས་སློབ་ཚན་གྱི་ནང་དོན་གཙོ་བོར་གོ་བ་གཏིང་ཟབ་མོ་བླངས་ཚད་ཕྱོགས་དང་སྣ། ཟུར་མང་པོ་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་རྟོགས་ཡོད་མེད་ལ་རྒྱུས་ལོན་བྱེད་པ་དང་ཆབས་ཅིག་ཏུ། སློབ་མའི་སློབ་སྦྱོང་གི་སྤྲོ་བ་སྐྱེད་ཐུབ་མིན་ལ་རམ་འདེགས་དང་། རྒྱབ་སྐྱོར། སྒུལ་ཤུགས་ཀྱི་ནུས་པ་མི་དམན་པ་ཐོན་གྱིན་ཡོད་པས། དཔེ་འགོད་ཀྱི་ཐབས་ལམ་ལ་བརྟེན་ནས་སྦྱོང་བརྡར་དང་བཀོལ་སྤྱོད། ཕྱོགས་སྟོན་བཅས་སུ་འཛིན་རྒྱུ་དེ་ནི་གནད་ཀྱི་དོན་པོར་མཐོང་།

[གནད་ཚིག] ནུས་པ། བྱ་འགུལ། བཀོད་སྒྲིག

སློབ་གྲོགས་སུ་ཞིག་ཡིན་ཡང་རིག་པའི་རྣོ་རྟུལ་དང་། བརྩོན་པའི་བཟང་ངན། དགའ་ཁ་འཁྱེར་ཕྱོགས།

སློབ་ཁྲིད་ལ་ནན་ཏན་གྱིས་ཉན་མིན་བཅས་ཀྱི་ཆ་ནས་
ཤེས་བྱའི་ཟབ་ཚད་དང་ཆུ་ཚད་ཀྱང་མི་འདྲ་བས། སློབ་ཁྲིད་དགེ་རྒན་བྱིངས་ནས་རིག་གནས་ཤེས་བྱ་ཁྲིད་ཞོར་དུ་སློབ་གྲོགས་རྣམས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་སྐྱེད་སྲིང་བྱ་བར་མཐོང་ཆེན་དང་། གཙིགས་འཛིན་བྱེད་པར་གལ།

དང་པོ། སློབ་མའི་ནུས་པ་སྔོག་འདོན་ལ་མཐོང་ཆེན་བྱེད་དགོས།

ནུས་པ་ཞེས་པ་ནི་ས་ཆེན་འདིའི་སྟེང་གི་བྱ་གཞག་ཆེ་ཕྲ་ཐམས་ཅད་འཆད་རྩོད་རྩོམ་གསུམ་གྱི་རིགས་པའི་ལམ་ནས་ཕ་རོལ་པོའི་རྒྱུད་ལ་གེགས་མེད་བདེ་བླག་གིས་འཇོག་ཐུབ་པའི་ཐབས་རྩལ་ཁྱད་པར་ཅན་ཞིག་ལ་འབོད་ཅིང་། ཕུལ་བྱུང་དགེ་རྒན་ཞིག་གིས་སློབ་ཁྲིད་རེ་རེའི་ངོས་ནས། སློབ་མའི་ཤེས་བྱ་ངོས་ཟིན་གྱི་ཚད་གཞི་རྒྱུས་ལོན་བྱེད་ཐུབ་སྟེ། ཡང་དག་པའི་ཁྲིད་ཐབས་ཀྱིས་བསླབ་ཚན་ཞིག་གི་དུམ་མཚམས་རེ་རེའི་ནང་དོན་དང་།སྤྱིའི་བརྗོད་བྱ། དགོས་པ། ཉིང་དགོས་སོགས་དངོས་ཤུགས་གང་རུང་རྣམས་བདེ་བླག་ངང་ཁོང་དུ་ཆུད་པར་བྱ་ནུས་པས། སློབ་མས་གོ་བ་བླངས་ཟིན་པའི་ཤེས་བྱ་བེད་སྤྱད་དེ་སྦྱང་གཞིར་ནན་བལྟ་དང་རིམ་བཞིན་སྦྱོང་བརྡར། འཚོ་བའི་ལག་ལེན་དང་འབྲེལ་ཏེ་ལས་བྱ་ཡོངས་འགྲུབ་བྱེད་པ་བཅས་ལ་མཉམ་འཇོག་དང་ཁག་ཐེག་བྱེད་དགོས། སློབ་ཁྲིད་དང་སློབ་ཁྲིད་བར་གྱི་འབྲེལ་བ་ནི་ཤེས་བྱའི་བྱང་ཚད་ཀྱི་བརྒྱུད་རིམ་བརྟན་སྲུང་དང་། སློབ་མའི་སྤྲོ་བ་ཆེར་སྐྱེད་ཀྱི་དགོས་ངེས་ཆ་རྐྱེན་ཡིན་ལ། སློབ་ཁྲིད་སྔ་ཕྱིའི་བར་དུ་ཕན་ཚུན་ཚགས་དམ་པའི་འབྲེལ་བ་ཆགས་པས་ན། སློབ་ཁྲིད་སྐབས་ཀྱི་ལས་བྱ་དང་ཁྱིམ་སྦྱོང་བར་གྱི་འབྲེལ་བའང་དེ་དང་དེར་མཐུན་གྱིས་ཚེགས་མེད་བདེ་བླག་གིས་སྒྲིག་འཛུགས་བྱེད་སླ་བ་ཡིན།སློབ་ཁྲིད་དངོས་གཞིའི་སྐབས་སུ། དུས་རྒྱུན་དུ་སློབ་མའི་ཤེས་བྱའི་བྱང་ཚད་ལ་ལྟ་རྟོག་བྱེད་པ་ལས་གཞན། སློབ་ཁྲིད་ཀྱི་ནང་དོན་དེ་དག་ལས་གང་དག་གིས་ཁོ་ཚོར་བདེན་དགེ་མཛེས་གསུམ་གྱི་མཛེས་དཔྱོད་ལྟ་ཚུལ་བསྐྲུན་ཐུབ་པ་དང་། གང་དག་གིས་བློ་རིག་གི་འཆར་སྒོ་སྣ་ཚོགས་བསྐྱེད་ཐུབ་པ། གང་དག་ནི་སློབ་མའི་བློ་ཁ་དང་འཚམ་ཞིང་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་པ། གང་དག་ནི་སློབ་མར་སྤྱི་ཚོགས་རིང་ལུགས་དང་། མེས་རྒྱལ་ལ་དགའ་ཞེན་བྱེད་པའི་ཚད་མཐོའི་ཀུན་སྤྱོད་སྐྱེད་སྲིང་གི་ནུས་པ་འདོན་ཐུབ་པའི་སློབ་དེབ་ཡིན་པར་ཡིད་གཟབ་བྱེད་དགོས་པ་ཡིན་ནོ། ། དཔེར་ན། དཔལ་ལྡན་ཟླ་བ་གྲགས་པས《སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་བཤད་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས》ཞེས་པ་ལས།“ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། ། བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །”①ཞེས་གསུངས་པ་འདིས་སློབ་བུ་ཞིག་གི་སློབ་སྦྱོང་གི་གོ་རིམ་ཁྲོད་ནས་བརྩོན་འགྲུས་དང་། བློ་རིག་ཟུང་འབྲེལ་གྱིས་འཇོན་ནུས་གང་ཡོད་གབ་སྦེད་གཏན་ནས་མི་བྱ་བར་ཤེས་བྱ་དང་རིག་གནས་སློབ་པར་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་བསྟན་ཡོད།གཞན་ཡང་། དགེ་རྒན་གྱིས་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་སློབ་མར་ནན་ཏན་གྱིས་བསམ་གཞིག་བྱེད་པའི་དགའ་ཕྱོགས་སྐྱེད་སྲིང་བྱས་ཏེ། ཁོ་ཚོར་རང་རྟོགས་ཀྱིས་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་དང་། གསེད་འགྲོལ་བྱེད་པའི་གོམས་སྲོལ་ཆགས་སུ་འཇུག་པ་དང་།རང་དབང་གིས་སློབ་ཚན་གྱི་བརྗོད་བྱར་ལེགས་ཉེས་ཀྱི་ལྟ་ཚུལ་བརྗོད་པ་དང་། དགེ་རྒན་གྱི་ཁྲིད་ཐབས་ལ་བསམ་འཆར་དང་རེ་བ་འདོན་པའི་གོ་སྐབས་སྤྲོད་དགོས། དེ་ལྟར་བསྒྲུབས་པའི་སློབ་ཁྲིད་ལ་ད་གཟོད་སློབ་གསོའི་རང་བཞིན་གྱི་དྲི་མ་སྟུག་པོས་ཀུན་ནས་ཁེངས་ཤིང་གཡུར་དུ་ཟ་བའི་བླ་ལྷག་གི་འབྲས་བུ་ཆེན་པོ་ཐོབ་པར་ངེས།དགེ་རྒན་གྱིས་སློབ་ཁྲིད་རེ་རེའི་དམིགས་འབེན་གཙོ་ཕལ་ལྟར་བཀོད་སྒྲིག་གང་ལེགས་མཛད་དེ་ཁྲིད་ཐབས་གདམ་གསེས་བྱེད་པའི་རང་བཞིན་ཟོལ་གྱིས་བཅོས་པ་མ་ཡིན་པར་དོན་དངོས་གཞིར་བཟུང་སྟེ་བསམ་བློ་ཞིབ་མོས་བྱེད་སྒོ་སྤེལ་ཏེ་སློབ་མའི་ཆེས་མཐོའི་འཇོན་ནུས་སྔོག་འདོན་དང་དར་སྤེལ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།ཕུལ་བྱུང་དགེ་རྒན་ཞིག་གིས། སློབ་ཁྲིད་བྱེད་པའིི་སྐབས་སུ་སློབ་མར་བསམ་གཞིག་མང་ཙམ་གཏོང་བ་དང་། ལག་པ་འགུལ་དུ་འཇུག་པ། འགྲན་རྩོད་ཀྱི་དཔའ་གདེང་སྐྱེད་སྲིང་བྱེད་པ། སློབ་མའི་གཅིག་ཤེས་ཀུན་གྲོལ་གྱི་བློ་སྒོ་ཆེས་ཆེར་ཕྱེ་སྟེ་རིག་པ་དྭངས་པར་བྱས་ནས་ཤེས་བྱ་བརྟན་ཆགས་དང་། རྩལ་ནུས་སྔོག་འདོན། རང་རྐྱ་འཕེར་བའི་ཕྱོགས་ཀྱི་རྟིང་སྐུལ་གཙོ་བོར་འཛིན་རྒྱུ་ནི་ལས་རིགས་ཀྱིས་སྤྲད་པའི་འོས་འགན་ལྕི་མོ་ཡིན་པ་སྨོས་མ་དགོས།

གཉིས་པ། སློབ་ཁྲིད་སྐབས་ཀྱི་སློབ་མའི་བྱེ་བྲག་གི་བྱ་འགུལ་ལ་མཐོང་ཆེན་བྱེད་དགོས།

བྱ་འགུལ་ཞེས་པ་དེ་ཡང་སློབ་མའི་ནུས་པར་དམིགས་ཏེ་ཁས་བཤད་ཕོད་པ་དང་ལག་པས་འབྲི་ཐུབ་པ། རྣ་བས་ཉན་ཤེས་པ། ཡིད་ཀྱིས་བླང་དོར་འབྱེད་ཤེས་པའི་རྩེད་འཇོའི་རིགས་ཤིག་ལ་གོ་ཞིང་། དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་དུས་ངེས་པར་དུ་མཉམ་འཇོག་དགོས་ས་ནི། སློབ་ཐུན་གཅིག་གི་དུམ་ཚན་གང་གི་མཚམས་སུ་འཛིན་གྲྭ་ཧྲིལ་བོར་ཁ་གཏད་པ་དང་། གང་གི་མཚམས་སུ་སློབ་མ་ཁ་ཤས་སམ་རེ་རེར་དྲི་བ་འདོན་པ། གང་གི་མཚམས་སུ་ཚོ་ཆུང་བགོས་ནས་དཔྱད་བསྡུར་བྱེད་པ། ག་འདྲ་བྱས་ནས་ཚོ་ཆུང་སོ་སོའི་སློབ་མ་རེ་རེའི་ཧུར་བརྩོན་རང་བཞིན་གོང་སྤེལ་བྱེད་པ་སོགས་ལ་ཞིབ་འདང་ནན་མོ་རྒྱག་དགོས།དགེ་རྒན་མང་པོས་ལག་ལེན་གྱི་ཁྲོད་དུ་སློབ་མའི་རང་སྦྱོང་གི་ལས་བྱ་ལ་དོ་སྣང་བྱས་པའི་གཟབ་ཚད་མི་འདང་བས་དེ་ཉིད་གལ་ཆེན་དུ་འཛིན་དགོས། ད་དུང་ཁ་ཅིག་གིས་སློབ་མའི་རང་སྦྱོང་གི་ལས་བྱ་ཁྱིམ་སྦྱོང་ལ་བརྩིས་ཏེ་གནམ་ས་གོ་ལྡོག་གིས་སློབ་མའི་འགན་ཁུར་ཇེ་ལྕིར་གཏོང་བཞིན་པའི་བྱ་བྱེད་སོགས་ནི་ཐབས་ཇུས་ཡང་དག་ཅིག་མིན་པས་དེའི་རིགས་སྤོང་བའི་འགན་ནུས་འཕྲལ་མར་དང་ལེན་གཟབ་ནན་བྱེད་དགོས།ཕུལ་བྱུང་དགེ་རྒན་ཞིག་གི་གྲགས་པ་དོན་དང་མཐུན་པས་ན། སློབ་དེབ་སྟེང་གི་རང་སྦྱོང་གི་ལས་བྱ་དེ་དག་ཐམས་ཅད་སློབ་ཐུན་གྱི་སྐབས་སུ་སློབ་མར་བཀོད་སྒྲིག་བྱས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་། སློབ་མར་གསར་གཏོད་རང་བཞིན་ལྡན་པའི་སྦྱང་གཞི་གང་མང་ཞིག་གཏན་འཁེལ་བྱ་རྒྱུར་དོ་སྣང་བྱེད་དགོས་པར་མ་ཟད། ད་དུང་ཁོ་ཚོའི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ། བློས་བསླང་གི་ནུས་པ་སོགས་འཕེལ་རྒྱས་འབྱུང་བར་ཕན་པའི་ལས་བྱ་བཀོད་སྒྲིག་བྱེད་དགོས་ཤིང་། སློབ་མར་ལག་ལེན་གྱི་ཁྲོད་ནས་ཤེས་བྱ་བཀོལ་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་ཡོང་བ་བྱེད་དགོས། གལ་ཏེ་སློབ་ཁྲིད་རེ་རེར་ཁྱད་ཆོས་དེ་དག་ལྡན་ཚེ། སློབ་མའི་སློབ་སྦྱོང་ལ་སྐུལ་འདེད་ཀྱི་མཐུན་རྐྱེན་བླ་ན་མེད་པ་ཞིག་བསྐྲུན་ཡོད་པ་རེད། དེ་བཞིན་དགེ་རྒན་གྱིས་སློབ་མར་བཅངས་པའི་ལྟ་ཚུལ་ཡང་དག་ཡིན་དགོས་ཏེ། སྒྲིག་སྲོལ་དང་འགལ་བའི་སློབ་མར་ཡང་འོས་འཚམ་དང་ཐབས་མཁས་ཀྱིས་སློབ་གསོ་བཏང་སྟེ་ནོར་འཁྲུལ་ངོས་ཟིན་ཏུ་བཅུག་ཐོག རང་བརྩིའི་འདུ་ཤེས་སྐྱེད་སྲིང་བྱས་ཏེ་མ་འོངས་པར་གྲུབ་འབྲས་ལེགས་པོ་ལེན་པའི་དམིགས་འབེན་གསལ་བོར་སྟོན་དགོས་པ་ལས། བཙན་ཤེད་བཀོལ་བའམ་ཡ་ང་བའི་མནར་གཅོད་དང་ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱས་ཏེ་སློབ་མའི་མི་གཤིས་ལ་དམའ་འབེབས་ཀྱི་གཡབ་མོ་གཡོབ་མི་རིགས། དཔེར་ན། ས་པཎ་གྱིས《ས་སྐྱ་ལེགས་བཤད》ལས།“རང་ལ་དགོས་པའི་ཡོན་ཏན་རྣམས། ། ཉི་མ་རེ་ལ་ཚིག་རེ་ཟུངས། ། གྲོག་མཁར་དང་ནི་སྦྲང་རྩི་ལྟར། ། རིང་བོར་མི་ཐོགས་མཁས་པར་འགྱུར། །”②ཞེས་པ་འདིས་ང་ཚོ་ལ་རྒྱལ་ཁ་ཞིག་དང་། གྲུབ་འབྲས་ཤིག་ལེན་པར་རྔུལ་ཆུ་གྲངས་མེད་ཡུན་གྱིས་དགའ་བཞིན་སྟོར་དགོས་པ་ཟུར་གྱིས་སྤྲོས་འདུག་གོ །
ཕུལ་བྱུང་དགེ་རྒན་གྱིས་འཛིན་གྲྭའི་སློབ་མ་ཡོད་ཚད་ལ་ཐུགས་བརྩེའི་གཟིགས་པ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས། མགོ་མཇུག་བར་གསུམ་དུ་ནན་ཏན་གྱིས་སློབ་ཁྲིད་ལ་མཉན་པའི་གོམས་སྲོལ་ཆགས་སུ་འཇུག་དགོས་པ་དང་། ཁོ་ཚོར་རང་མོས་ལྟར་སྐབས་བབ་ཀྱི་དཔེར་བརྗོད་དང་དོན་དངོས་ཀྱི་རྒྱུ་ཆར་དབྱེ་ཞིབ་བྱེད་དུ་བཅུག་སྟེ། སློབ་མ་ཚོས་དྲིས་ལན་བཏབ་པར་གཟབ་ནན་གྱིས་ཉན་ཏེ་དྲིས་ལན་དག་བཅོས་དང་། ཁ་གསབ། བསྐྱར་བཤད་ཀྱི་ངང་ནས་བློ་སྒོ་འབྱེད་དགོས། ད་དུང་དགེ་རྒན་གྱིས་སློབ་མ་ཚོར་ཁྱིམ་སྦྱོང་ཡོངས་འགྲུབ་བྱེད་དུས་འོས་འཚམ་གྱི་ཐབས་ཤེས་བཀོལ་ནས་ཕན་ཚུན་ལ་འབྲེལ་གཏུག་དང་། རོགས་རམ། གསབ་ཁྲིད་སོགས་གནང་བར་སློབ་གསོ་བརྗོད་བྱ་ཡིན་པའི་རྟིང་སྐུལ་བཟང་བོ་བྱེད་དགོས་སོ། །

གསུམ་པ། སྦྱང་གཞི་བཀོད་སྒྲིག་ལ་མཐོང་ཆེན་བྱེད་དགོས།

བཀོད་སྒྲིག་ཅེས་པ་ནི་སློབ་གཉེར་པའི་ངོས་ནས་ཅིས་ཀྱང་བསྒྲུབ་དགོས་པའི་བྱ་བའི་གོ་རིམ་མམ་གཡོལ་ཐབས་མེད་པའི་འགན་འཁྲི་སྟེ་འབྲི་དེབ་སྟེང་དུ་བྲི་བའི་ལས་བྱ་དང་ནོར་འཁྲུལ་བཟོ་བཅོས་ཀྱི་ལས་བྱ། ལྟ་ཀློག་གི་ལས་བྱ། བློ་འཛིན་གྱི་ལས་བྱ་མཐའ་དག་དུས་ཚོད་ཀྱི་མང་ཉུང་ལྟར་ལག་ལེན་བཀོལ་སྤྱོད་བགྱིས་པ་ལ་ཟེར་བས། སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་ནམ་ཡང་སློབ་དེབ་དངོས་གཙོ་བོར་བཟུང་ཞིང་། ཟུར་ལྟའི་ཀློག་དེབ་ཀྱི་སྟེང་དུ་དུས་ཚོད་ཉུང་བཀོལ་བྱས་ནས་སློབ་ཁྲིད་ཀྱི་དམིགས་འབེན་འགྲུབ་པར་བྱེད་དགོས་ལ། སློབ་ཐུན་གཅིག་གི་དུས་ཚོད་སློབ་ཁྲིད་འཆར་གཞི་ལས་བརྒལ་མི་རུང་། ཡང་དགེ་རྒན་ཁ་ཤས་ཀྱིས་སློབ་མའི་ཁྱིམ་སྦྱོང་ལ་ལྟ་ཞིབ་བྱས་ཏེ་དུས་ཚོད་མང་པོ་འཕྲོ་བརླག་ཏུ་གཏོང་བ་དེས་བྱ་བའི་འགྲོས་ཚད་ཇེ་དལ་དུ་བཏང་བ་སྟེ། དཔེར་ན། སློབ་མ་ཡོངས་ཀྱི་ཁྱིམ་སྦྱོང་ལས་བྱར་དགེ་རྒན་གྱིས་རེ་རེ་བཞིན་དབྱེ་ཞིབ་བྱས་ཚེ་སློབ་ཁྲིད་ཀྱི་དུས་ཚོད་ཧ་ཅང་མང་པོ་ཞིག་འགོར་འགྱངས་བྱེད་ངེས། གནད་དོན་འདི་ནི་དགེ་རྒན་ལ་ཉམས་མྱོང་ཞན་པའི་སྐྱོན་ཆ་ལྷང་ལ་བུད་པ་ཡིན་པས། སློབ་མས་ཁྲིད་ཟིན་པའི་ནང་དོན་ཁ་ཤས་སྔར་བཞིན་གསལ་བོར་རྟོགས་ཐུབ་མེད་པ་ནི། དགེ་རྒན་གྱི་ཁྲིད་སྟངས་མ་ལེགས་པའམ་སློབ་མས་ཕྱོགས་ཡོངས་ནས་སྦྱོང་བ་ནན་ཏན་མ་བྱས་པ། ཁྱིམ་སྦྱོང་བཀོད་སྒྲིག་བྱས་པ་འོས་འཚམ་མིན་པ། སློབ་མས་ལས་བྱ་རང་ཉིད་ཀྱིས་མ་བྲིས་པ་བཅས་ཀྱི་སྐྱོན་ཡིན་ནོ། ། གཞན་ཡང་།དགེ་རྒན་གྱིས་སློབ་མ་གཅིག་ལ་སློབ་ཁྲིད་བྱེད་པའི་དུས་མཚུངས་སུ། སློབ་མ་གཞན་དག་གིས་དེ་དང་ལྷན་དུ་དུས་ཚོད་ཆུད་ཟོས་སུ་གཏོང་བར་དོགས་ཟོན་དང་། གཟབ་གཟབ། མཉམ་འཇོག་བཅས་བྱེད་འོས། དཔེར་ན། གུང་ཐང་བསྟན་པའི་སྒྲོན་མེས《བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》ལས།“དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། ། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། ། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེར་འགྲོ་ཐབས་དེས་ཀྱང་མི་ཕན་པས། ། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། །”③ཞེས་གསུངས་པས། དགོན་པའི་སློབ་གསོ་ནང་བཞིན་འཆད་མཉན་འབྲི་ཀློག་གང་ལའང་གཙོ་ཕལ་གྱི་དབྱེ་ཐིག་མེད་པར་རྡོ་རུས་ཐུག་པའི་དཀའ་བ་བརྒྱ་ཕྲག་དང་དུ་ལེན་པའི་ལས་ལ་འཇུག་པའི་སྒོ་གླེགས་གཞི་ནས་བརྡུང་དགོས་སོ། །བདེན་ལུགས་འདིའི་དབང་གིས། དགེ་རྒན་གྱིས་དུས་ཚོད་སྐར་ཆ་རེ་རེར་འཛིན་གྲྭ་གང་བོར་སེམས་ཁུར་དང་། འཛིན་གྲྭ་གང་བོའི་སློབ་མ་ཡོངས་ཀྱི་རྣམ་རིག་གཅིག་བསྒྲིམས་ཀྱིས་སློབ་ཁྲིད་ལ་མཉན་དུ་བཅུག་སྟེ། བསླབ་ཚན་ལ་བཟུང་བའི་སྤྲོ་བ་ཇེ་ཆེར་གཏོང་བ་དང་།
ལག་ལེན་ནས་གཞུང་ལུགས་དང་། གཞུང་ལུགས་ནས་ལག་ལེན་ཏེ་དེ་གཉིས་ཟུང་འབྲེལ་གྱིས་ཤེས་ཡོན་དང་། འཚོ་བ་གཅིག་གྱུར་ཡོང་བར་བྱ་དགོས།
གཞན་ད་དུང་ཁོ་ཚོས་དགེ་རྒན་དང་མཉམ་དུ་གོམ་གང་མདུན་སྤོས་ཀྱིས་བརྗོད་བྱའི་ནང་དོན་གསེད་འགྲོལ་བྱེད་པའི་སྤོབས་པ་བསྐྱེད་དགོས་པ་སྟེ། དགེ་རྒན་གྱིས་ཕྱོགས་གཅིག་ནས་སློབ་མ་ལ་ལ་སྒོ་སམ་སྟེང་དུ་བོས་ཏེ་དྲིས་ལན་འབྲི་རུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་སློབ་མ་གཞན་པས་རང་མོས་སྒོས་བསམ་བློ་བཏང་སྟེ་བྲིས་པ་ཡིན་ནམ་ཡང་ན་སྒོ་སམ་སྟེང་གི་མ་དཔེ་བཤུ་འབྲི་བྱས་པ་ཡིན་པར་ལྟ་རྟོག་གང་ལེགས་བྱེད་དགོས། དགེ་རྒན་ཉམས་མྱོང་ཅན་གྱིས་འདིའི་སྐབས་སུ་སློབ་གྲོགས་ཚོར་སྒོ་སམ་སྟེང་གི་འདྲི་གཞི་དང་མི་མཚུངས་པའི་སྦྱང་གཞི་བསྒྲུབ་ཏུ་འཇུག་པ་ནི་ཤིན་ཏུ་ལེགས། དེའི་རྗེས་འཛིན་གྲྭ་གང་བོར་སློབ་མ་ཆེ་གེ་མོའི་དྲིས་ལན་ལ་དབྱེ་ཞིབ་བྱེད་དུ་བཅུག་རྗེས། མཇུག་མཐར་དགེ་རྒན་གྱིས་སྦྱང་དེབ་ཡོད་ཚད་ལ་གཅིག་གྱུར་སྒོས་རྟོག་ཞིབ་བམ་གནད་འདུས་པའི་སྤྱི་སྡོམ་བྱ་དགོས་པ་ཡིན། ཡང་དགེ་རྒན་གྱིས་སློབ་མ་ཞིག་ལ་དམིགས་བཙུགས་ཀྱིས་གཏན་ཁེལ་བྱས་ཏེ་བརྗོད་བྱ་གསར་བའམ་བསྐྱར་སྦྱོང་གི་བརྗོད་བྱ་གཞིར་བཟུང་ནས་དྲིས་ལན་འདེབས་སུ་འཇུག་དུས། ངེས་པར་དུ་འཛིན་གྲྭ་གང་བོས་དྲིས་ལན་བཏབ་པའི་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས་པ་མ་ཟད། དགེ་རྒན་གྱིས་ཕྱོགས་སྟོན་གྱི་ཚུལ་དུ་དྲིས་ལན་ལ་དག་བཅོས་དང་ཁ་གསབ་བྱེད་པའམ་རེ་རེ་བཞིན་དྲིས་ལན་ཚད་ལྡན་གདབ་དགོས་པ་ཡིན། སྒོས་སུ་སློབ་ཐུན་གྱི་ཐོག་མར་དམིགས་འབེན་གཙོ་བོ་ལྟར་སློབ་ཆས་གྲ་སྒྲིག་དང་། སློབ་ཁྲིད་ཚགས་སུ་ཆུད་པའི་སྒོ་ནས་སློབ་མ་ཡོངས་དང་སློབ་མ་རེ་རེའི་ཧུར་བརྩོན་རང་བཞིན་ཁོ་ན་ནམ་ཡང་སེམས་པའི་དཀྱིལ་དབུས་སུ་བཟུང་སྟེ་མཛུབ་སྟོན་གང་ལེགས་བྱེད་དགོས། སྟོང་ཆ་འདི་དག་བརྗེད་པ་མེད་པར་ཁ་བསྐང་ཐུབ་པ་བྱུང་ཚེ། ད་གཟོད་དགེ་རྒན་གྱི་སློབ་ཁྲིད་དུས་ཚོད་དེ་ནི་གསེར་ལས་ལྷག་ཅིང་བྲིན་ལ། ཕན་འབྲས་ལྡན་པའི་ངང་བཀོལ་སྤྱོད་བྱེད་ཐུབ་པ་ཡིན།

བཞི་པ། དུས་ཚོད་བཀོད་སྒྲིག་ལ་མཐོང་ཆེན་བྱེད་དགོས།

དུས་ཚོད་དམ་འཛིན་གྱིས་གནད་དོན་ཐག་གཅོད་པར་གོམས་སུ་འཇུག་དགོས་ན། སློབ་མ་ཡོངས་ལ་དུས་ཚོད་ནི་ཚེ་སྲོག་དང་། དུས་ཚོད་ནི་རྒྱལ་ཁ་ཡིན་པའི་གནས་ལུགས་སྣ་ཚོགས་ཟུར་ངོས་མི་འདྲ་བ་སོ་སོ་ནས་གླེང་དགོས་པ་སྟེ། སྔོན་བྱོན་མེས་པོ་དག་གིས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དག་དང་། ཕམ་ཁ་མྱངས་པ་ཐམས་ཅད་ཀྱང་དུས་ཚོད་དམ་འཛིན་བྱས་མ་བྱས་ཀྱི་ཁྱད་པར་དང་། ལག་ལེན་དངོས་ཀྱི་བདེན་དཔང་ཡིན་པ་གཙོ་གནད་དུ་བཟུང་ནས་འཆད་དགོས་པ་སྟེ་སློབ་ཆད་བྱས་པའི་སློབ་མའི་མིང་ཐོ་དང་སློབ་མའི་སྐར་གྲངས་རྣམས་ཀྱང་ཟིན་བྲིས་སུ་ལེགས་པོར་འགོད་དགོས། ཁྱིམ་སྦྱོང་གི་ལས་བྱ་ག་འདྲ་ཞིག་གཏན་ཁེལ་བྱས་པ་དང་།སློབ་གྲོགས་ལ་ལའི་མི་འདང་ས། ཁོ་ཚོས་དྲིས་ལན་བཏབ་པ་དང་སྦྱང་གཞིའི་ཁྲོད་ནོར་འཆུག་བྱུང་ཡོད་མེད་ལ་དོ་སྣང་བྱེད་པ་དང་། ནམ་ཞིག་ལ་གཟེངས་བསྟོད་དང་སུ་ཞིག་ལ་སྐྱོན་བརྗོད་བྱས་པ་སོགས་བསླབ་ཕྱིའི་ཟིན་ཐོར་འབྲི་དགོས་པར་མ་ཟད། དགེ་རྒན་གྱིས་གཟབ་ནན་སྒོས་སྐར་མ་གཅིག་ཀྱང་རིན་ཆེན་ནོར་བུ་ཇི་བཞིན་གཅེས་སུ་བཟུང་སྟེ་ཆུད་ཟོས་སུ་མི་གཏོང་བའི་མིག་དཔེ་སྟོན་དགོས་ལ། སློབ་མས་ཀྱང་དེ་བཞིན་དུ་དགེ་རྒན་གྱི་དམིགས་ཡུལ་ལྟར་རང་ནུས་ཅི་ལྕོགས་ཀྱིས་དཔུང་བ་མཉམ་གཤིབ་དང་གོམ་པ་མཉམ་སྤོའི་གོམས་སྲོལ་ཆགས་སུ་འཇུག་དགོས་སྙམ། དཔེར་ན། ས་པཎ་གྱིས《ས་སྐྱ་ལེགས་བཤད》ལས།“རིག་པ་ནངས་པར་འཆི་ཡང་བསླབ། ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། ། ནོར་ལ་རང་ཉིད་ལེན་པ་འདྲ། །”④ཞེས་གསུངས་པས། ང་ཚོ་ལ་སློབ་གཉེར་པ་རྣལ་མ་ཞིག་བྱ་ན། རང་ཉིད་བགྲོད་ཤེས་ཙམ་ནས་འཆི་བའི་བར་དུ་ཤེས་བྱ་རིག་གནས་ལྷོད་གཡེང་མེད་པར་བརྩོན་པ་གང་ལེགས་བསྐྱེད་དགོས་པ་བསྟན་ཡོད
ལྔ་པ། མཇུག་སྡུད་པའི་གཏམ།

མདོར་ན། དགེ་རྒན་ཞིག་ཡིན་ཚེ། རང་ཉིད་ཀྱི་ཆེད་ལས་ལ་དགའ་ཞེན་དང་། སློབ་ཁྲིད་ཀྱི་ཆུ་ཚད་ཇེ་ལེགས་སུ་གཏོང་བར་རེ་བ་ནན་མོ་བཏོན་ཏེ། དུས་དང་རྣམ་པ་ཀུན་ཏུ་སློབ་མའི་དགའ་ཁ་འཁྱེར་སོ་དང་། སློབ་མ་རེ་རེའི་འཇོན་ནུས་ལ་ཉམས་ཞིབ་བྱས་ཏེ་ཐབས་མཁས་ཀྱིས་སྐྱེད་སྲིང་དང་། གབ་པ་མངོན་ཕྱུང་གི་ཚུལ་དུ་སྔོག་འདོན་བྱེད་དགོས། སློབ་ཁྲིད་བྱས་པ་བཟང་ན། དགེ་སློབ་སུ་ལའང་ཧུར་བརྩོན་གྱི་འདུ་ཤེས་འབྱུང་སྲིད་ཅིང་། དེ་ལྟར་ན་སློབ་མའི་ཤེས་བྱའི་ཆུ་ཚད་ཀྱང་ཇེ་མཐོ་ནས་ཇེ་ལེགས་སུ་འགྲོ་ཐུབ་པར་ཡིད་ཆེས་དང་ཁས་ལེན་བགྱིས་ཆོག་པ་ཡིན།

ད་དུང་གལ་ཆེན་ཞིག་ནི། དགེ་རྒན་གྱིས་རང་གི་ངོས་ནས་སློབ་ཁྲིད་ཀྱི་ཐབས་རྩལ་ཇེ་མཐོར་གཏོང་བ་དང་མཉམ་དུ་ངེས་པར་དུ་སློབ་ཁྲིད་ཀྱི་འོས་འགན་དང་། ནང་དོན། དམིགས་ཚད། དཀའ་གནད། གཙོ་གནད། དགེ་རྒན་གྱི་ཁྲིད་ཐབས། སློབ་མའི་སྦྱོང་ཐབས་བཅས་ཁྱོན་ཡོངས་ནས་འོས་འཚམ་དང་དོ་མཉམ་བྱས་ཐོག་སློབ་ཁྲིད་ནི་དགེ་སློབ་བར་གྱི་འདྲ་མཉམ་གྱི་བརྗེ་རེས་དང་། ཁ་གསབ། འབྲེལ་འདྲིས་བྱེད་པའི་བྱ་འགུལ་རླབས་ཆེན་ཞིག་ཏུ་བརྩིས་ཏེ་སློབ་ཁྲིད་རེ་རེས་དགེ་སློབ་ཡོངས་ཀྱི་སེམས་ཁམས་སྤྲོ་སྣང་ལྡན་པའི་སྒོ་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་དང་དམིགས་སུ་འཛིན་དགོས་སོ། །

* འཇམ་དཔལ། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་ཕྱག་ལས་གནང་བཞིན་ཡོད།



① དཔལ་ལྡན་ཟླ་བ་གྲགས་པ། སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་བཤད་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982 :102


② ས་སྐྱ་པཎྜི་ཏ། ས་སྐྱ་ལེགས་བཤད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982 :87


③ གུང་ཐང་བསྟན་པའི་སྒྲོན་མེ། གངས་ལྗོངས་མཁས་དབང་རིམ་བྱོན་རྩོམ་ཡིག་གསེར་གྱི་སྦྲམ་བུ། ﹙བར་ཆ﹚ [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། 1988 :1384



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1