ཀྲུང་གོ་དང་ཨ་རིའི་སློབ་མའི་ཕྱོགས་བསྡུས་བྱང་ཚད་མ་ལག་གི་ཁྱད་པར།

རྟ་མགྲིན་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


ཀྲུང་གོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས《མཐོ་འབྲིང་དཀྱུས་མའི་སློབ་མའི་ཕྱོགས་བསྡུས་སྤུས་ཚད་གདེང་འཇོག་ལ་ཤུགས་སྣོན་དང་ཇེ་ལེགས་གཏོང་བའི་ཐད་ཀྱི་བསམ་འཆར》ཁྲོད། གོང་ནས་འོག་བར་གྱི་བྱེད་ཐབས་བརྒྱུད་ནས་བསམ་བློ་ཀུན་སྤྱོད། སློབ་སྦྱོང་ཆུ་ཚད། ལུས་སེམས་བདེ་ཐང་། སྒྱུ་རྩལ་བྱང་ཚད། སྤྱི་ཚོགས་ལག་ལེན་བཅས་གདེང་འཇོག་བྱེད་པའིི་ནང་དོན་ཆེན་པོ་ལྔའི་བསམ་འཆར་བཏོན་འདུག པེ་ཅིང་དགེ་འོས་སློབ་ཆེན་སོགས་གཙོ་གནད་དགེ་འོས་སློབ་ཆེན་མང་པོའི་སྔོན་ཐོན་ལྟེ་གནད་བྱང་ཚད་ཞིབ་འཇུག་ལས་གཞི་ཚོགས་པས་རྒྱལ་སྤྱིའི་ཞིབ་བསྡུར་ཞིབ་འཇུག་དང་སློབ་ཚད་དབྱེ་ཞིབ། འདྲི་གཞི་དང་བཅར་འདྲི་སོགས་འོག་ནས་གོང་བར་གྱི་བྱེད་ཐབས་བརྒྱུད་ནས། 《ཀྲུང་གོའི་སློབ་མའི་འཕེལ་རྒྱས་ལྟེ་གནད་བྱང་ཚད》ཁྲོད་དུ་མི་ཆོས་གསལ་རྟོགས་དང་། ཚན་རིག་གི་སྙིང་སྟོབས། སློབ་སྦྱོང་བྱེད་མཁས་པ། བདེ་ཐང་གི་འཚོ་བ། འགན་འཁྲི་འཁུར་ནུས་པ། ལག་ལེན་གསར་སྐྲུན་བཅས་དམིགས་ཚད་ཆེན་པོ་དྲུག་གི་ཁྱབ་ཁོངས་ཕྱོགས་སྡོམ་བྱས་ཡོད། དེ་དང་འདྲ་བར། ཨ་རིའི《དུས་རབས་ཉེར་གཅིག་ཤེས་བྱའི་རྩལ་ནུས》ཞེས་པའི་དཔེ་ཆའི་ཁྲོད།“དུས་རབས་ཉེར་གཅིག་པའི་འགྲན་རྩོད་ནུས་པ”དེ་ཤེས་རྟོགས་ཀྱི་བརྒྱུད་རིམ་དང་ཐབས་ཇུས། ཤེས་བྱ་གསོག་འཇོག གསར་སྐྲུན་ནུས་པ། ཤེས་རྟོགས་སྒོ་འབྱེད་ཚད། མི་ཆོས་བྱ་བའམ་འགན་ཐུབ་རང་བཞིན། ཧུར་བརྩོན་གྱིས་རང་ཉིད་དཔྱོད་དཔོག ཚོགས་པ་མཉམ་འབྲེལ། མགོ་ཁྲིད་ནུས་པ་བཅས་རིགས་ཆེན་པོ་བརྒྱད་དུ་དབྱེ་ཡོད།

ཕྱོགས་བསྡུས་བྱང་ཚད་ནི་ཤེས་རྟོགས་ནུས་པ་དང་ཤེས་རྟོགས་ནུས་པ་མ་ཡིན་པ་རིགས་ཆེན་པོ་གཉིས་སུ་དབྱེ་ཆོག།

ཤེས་རྟོགས་ནུས་པའི་ཐད་ནས། ཀྲུང་ཨ་ཕྱོགས་གཉིས་ཀྱི་མཛུབ་སྟོན་རང་བཞིན་གྱི་སྒྲོམ་གཞི་དེ་ཕལ་ཆེར་འདྲ་ཞིང་། གཙོ་བོ་གོ་དོན་རང་བཞིན་གྱི་ཤེས་བྱ(དཔེར་ན། སློབ་སྦྱོང་ཆུ་ཚད་དང་ཚན་རིག་གི་སྙིང་སྟོབས། ཤེས་བྱ་གསོག་འཇོག་སོགས་ལྟ་བུ)དང་གོ་རིམ་རང་བཞིན་གྱི་ཤེས་བྱ(དཔེར་ན། སློབ་སྦྱོང་བྱེད་མཁས་པ་དང་ཤེས་རྟོགས་ཀྱི་བརྒྱུད་རིམ་དང་ཐབས་ཇུས་སོགས་ལྟ་བུ)རིགས་ཆེན་པོ་གཉིས་སུ་འདུའོ། ། འདི་ཡང་མིག་སྔའི་རྒྱུགས་ལེན་ཚད་ལྡན་ཞིབ་བཤེར་གྱི་གཙོ་གནད་ཅིག་ཡིན་མོད། ཚད་ལྡན་ཅན་གྱི་རྒྱུགས་ལེན་འཆར་འགོད་སྟེང་། ཨ་རིའི་ཁུལ་རྒྱུགས(རང་རྒྱལ་གྱི་འདུ་འཛོམ་རྒྱུགས་ལེན་དང་འདྲ)དངSAT/ACTརྒྱུགས་ལེན(རང་རྒྱལ་གྱི་མཐོ་རྒྱུགས་དང་འདྲ)ལ་སྐར་ཐོ་འགོད་པའི་མ་ལག་ཁྲོད་དེ་བས་ཀྱང་ཚན་རིག་རང་བཞིན་ལྡན། གཙོ་བོར་སློབ་མས་ཚད་ལྡན་མི་ཚོགས་ཁྲོད་གནས་པའི་བརྒྱ་ཆའི་གནས་གྲངས་ཟིན་པ་ལས་མཚོན་པ་ཡིན། རང་རྒྱལ་གྱི་འདུ་འཛོམ་རྒྱུགས་ལེན་དང་མཐོ་རྒྱུགས་ལ་རྒྱུགས་གཞི་དང་དཀའ་ཚད་སོགས་ཀྱི་ཐད་ནས་ཕུན་སུམ་ཚོགས་པའི་རང་བཞིན་དེ་བས་ཆེ་བ་ལྡན་ནོ། །ཤེས་རྟོགས་ནུས་པ་མ་ཡིན་པའི་ཐད་ནས། ཀྲུང་ཨ་ཕྱོགས་གཉིས་ཀྱི་ཁྱད་པར་ཧ་ཅང་ཆེ་ལ། ཨ་རིས《དུས་རབས་ཉེར་གཅིག་པའི་ཤེས་བྱའི་རྩལ་ནུས》ཁྲོད“འགན་ཐུབ་རང་བཞིན”དང“ཚོགས་པ་མཉམ་འབྲེལ”། “མགོ་ཁྲིད་ནུས་པ”སོགས་སྤྱི་ཚོགས་འཚོ་བར་ཞུགས་པའི་རྩལ་ནུས་གལ་ཆེན་དག་རིགས་དང་ཚན་པ་བགོས་ནས་རིམ་གྱིས་བསྟར་བ་ཡིན་ལ། ཀྲུང་གོའིི་བྱང་ཚད་སྒྲོམ་གཞིའི་ཁྲོད་སློབ་མའི་སྤྱི་ཚོགས་འབྲེལ་བའི་རྩལ་ནུས་ཀྱི་རེ་བ་གསལ་བོར་གླེང་མེད་ཅིང་། སྤྱི་ཚོགས་འཚོ་བའི་འབྲེལ་ཡོད་རྩལ་ནུས་ནི་གཙོ་བོ《མཐོ་འབྲིང་དཀྱུས་མའི་སློབ་མའི་ཕྱོགས་བསྡུས་སྤུས་ཚད་གདེང་འཇོག་ལ་ཤུགས་སྣོན་དང་ཇེ་ལེགས་གཏོང་བའི་ཐད་ཀྱི་བསམ་འཆར》ཁྲོད་ཀྱི“སྤྱི་ཚོགས་ལག་ལེན”དང་། 《ཀྲུང་གོའི་སློབ་མའི་སྲོག་སྙིང་བྱང་ཚད་འཕེལ་རྒྱས》ཁྲོད་ཀྱི“འགན་འཁྲི་འཁུར་ནུས་པ”རིགས་ཆེན་པོ་གཉིས་ཀྱི་ཁོངས་སུ་འདུ། དེ་ལས་ལྡོག་སྟེ། ཀྲུང་གོའི་ཕྱོགས་ཀྱི་དམིགས་ཚད་སྒྲོམ་གཞིའི་ཁྲོད་གསལ་བོར་བསྟན་ཡོད་པའི“བསམ་བློ་ཀུན་སྤྱོད”དང་། “སྒྱུ་རྩལ་བྱང་ཚད”།“མི་ཆོས་གསལ་རྟོགས”སོགས་ཨ་རིའི་ཕྱོགས་ཀྱི་སྒྲོམ་གཞིའི་ཁྲོད་དུ་གསལ་བོར་མངོན་ཐུབ་མེད། མ་གཞི་ཕྱོགས་གཉིས་ཀྱིས་རང་རང་གི་བྱང་ཚད་སྒྲོམ་གཞིར་ཐོག་མའི་འཆར་འགོད་བྱེད་དུས། ཚང་མ་གདམ་གསེས་ཡོད་ཚད་ཀྱི་རྣམ་འགྱུར་བཟུང་ནས་བསྒྲུབས་པ་རེད། མཐར་ཐུག་མཇུག་འབྲས་ཁྲོད་ཀྱི་ཁྱད་པར་ནི་དོན་དངོས་སུ་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རིག་གནས་བར་ཁྱད་ཀྱི་བསྡུས་རིས་དེ་རེད།

དམིགས་ཚད་མ་ལག་འདིའི་རིགས་ཀྱི་འཆར་འགོད་ལ་ཉག་གཅིག་ཡིན་པའི་ངེས་པ་མེད། དེ་དག་ནི་འཆར་འགོད་པ་ཚོས་མཐུན་སྦྱོར་དང་བྱེ་བྲག་འཕེལ་རྒྱས་གཅིག་གྱུར། སྤྱི་ཚོགས་འཕེལ་རྒྱས། རྒྱལ་ཁབ་འཕེལ་རྒྱས་རྗེས་ཀྱི་ཐོན་དངོས་ཡིན་ཞིང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་ཏུ། མཇུག་འབྲས་མི་འདྲ་བ་ཐོབ་ངེས་པ་རེད། དེ་བས། རིམ་པ་སོ་སོའི་སློབ་གསོའི་གཙོ་གཉེར་ལས་ཁུངས་ཀྱིས་བྱང་ཚད་དམིགས་ཚད་ཞིབ་ཚགས་སུ་གཏོང་བ་དང་དོན་འཁྱོལ་ཡོང་བར་བྱེད་དུས། སོ་སོའི་ཁོངས་གཏོགས་སློབ་མའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་སྤྱི་ཚོགས་དཔལ་འབྱོར་རིག་གནས་ཀྱི་འཕེལ་རྒྱས་ཚད་གཞིར་གཞིགས་ནས། སྔར་ལས་ལྷག་པའི་ཞིབ་ཕྲ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གདེང་འཇོག་མ་ལག་གྲུབ་ཆོག་གོ །

(ཡོང་ཁུངས། ཧྥུ་ཅན་སློབ་གསོ། 2020ལོའི་དེབ23པ)


* རྟ་མགྲིན་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་གྲབས་ཚན་སློབ་གསོ་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1