བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་ཕྱོགས་སྐོར་ཅུང་ཙམ་གླེང་བ།

དཀའ་ཐུབ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


[གནད་བཏུས] རྩོམ་འདིར་མ་འོངས་པའི་དུས་སུ་རང་རེའི་བརྡ་སྤྲོད་རིག་པའི་གཞུང་འདི་གང་འདྲ་ཞིག་ལ་འཕེལ་འོས་པ་དང་། ཕྱིས་འབྱུང་དཔྱོད་ལྡན་པ་དག་གིས་བརྡ་སྤྲོད་ཀྱི་གནད་ཀ་དག་ལ་ཉམས་ཞིབ་ཇི་ལྟར་མཛད་དགོས་པ། ལྷག་པར་རིག་གཞུང་ཞིབ་འཇུག་གི་སྒོ་མོ་ཐོག་མར་འབྱེད་བཞིན་པའི་སློབ་བུ་དག་གིས་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལ་ཇི་ལྟར་འཇུག་དགོས་ཚུལ་ཐད། དེང་རབས་སྐད་བརྡ་རིག་པའི་སྐད་ཆའི་གཅིག་གྱུར་དང་སྐད་ཆའི་ཐད་གྱེས་སོགས་ཀྱི་འབྲེལ་ཡོད་ནང་དོན་གཞིར་བཟུང་ནས་དཔྱད་གླེང་ཅུང་ཟད་བྱས་ཡོད།

[གནད་ཚིག] བོད་སྐད། བརྡ་སྤྲོད་རིག་པ། འཕེལ་ཕྱོགས།

མཁས་པའི་དབང་བོ་དོར་ཞི་རིན་པོ་ཆེ་མཆོག་གིས་མཛད་པའི《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》སུ།“དེས་ན་བོད་ཀྱི་བརྡ་སྤྲོད་རིག་པ་འདི་ཡང་སྒོ་ངའི་སྦུབས་ལས་གྲོལ་བའི་འདབ་ཆགས་ཀྱི་རྒྱལ་པོ་མཁའ་དབྱིངས་མཐོན་པོར་གཤོག་རྩལ་ངོམ་པ་བཞིན་དུ། ཐོན་མིའི་རྩ་བ་གཉིས་དང་། གྲུབ་མཐའ་རིས་མེད་ཀྱི་མཁས་པའི་འགྲེལ་བ་མང་པོར་རྟོག་ཞིབ་དག་ཐེར་བྱས་ཏེ་ལེགས་པའི་ཆ་རྣམས་བླངས། སྐྱོན་གྱི་ཆ་རྣམས་དོར། མ་ངེས་པ་དང་མི་གསལ་བའི་ཆ་རྣམས་ངེས་གསལ་དུ་བཏང་། སྐད་དང་ཡི་གེར་ཡོད་ཀྱང་རྩ་འགྲེལ་དུ་མེད་པ་རྣམས་གསར་སྣོན་དང་ཁ་སྐོང་བྱས་ཏེ། རང་སྐད་ཀྱི་རྣམ་གཞག་ཚང་ཞིང་མ་ནོར་བར་སྟོན་ཐུབ་པ། འགལ་འདུ་དང་གློད་སྐྱོན་སོགས་མེད་ཅིང་། ཕྲ་ཞིབ་རིགས་པའི་ངར་དང་ལྡན་པ། སྐད་དང་ཡི་གེའི་ལག་ལེན་ཐོག་གི་ལོག་རྟོག་ཐེ་ཚོམ་ཆོད་ངེས་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རིག་གི་གཞུང་ཞིག་གསར་རྩོམ་བྱ་རྒྱུ་ནི་དེང་རབས་ཀྱི་བརྡ་སྤྲོད་རྟོག་ཞིབ་བྱེད་མཁན་ཡོངས་ཀྱི་ལས་སྐལ་དུ་བབས་འདུག་གོ།”①ཞེས་གསུངས་པ་དང་། ཡང་གླང་རི་བ་ཐུབ་བསྟན་སྦྱིན་པ་མཆོག་གིས་མཛད་པའི《བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག》ཅེས་པར།“དེ་ལྟར་ང་རང་ཚོའི་བོད་ཀྱི་སྐད་ཡིག་གི་འགྲོ་སྟངས་གཏན་ལ་འབེབས་པའི་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་གཉིས་དང《སྨྲ་སྒོ་མཚོན་ཆ》བཅས་དང་། དེ་ནས་རིམ་གྱིས་འགྲེལ་བ་དང་དཔྱད་རྩོམ་ཁག་ཤིན་ཏུ་མང་བ་ཞིག་དར་ཏེ་བརྡ་སྤྲོད་རིག་པའི་ཆུ་ཚད་མཐོན་པོར་སོན་ཐུབ་པ་བྱུང་ཞིང་། གནའ་སྲོལ་གྱི་བརྡ་སྤྲོད་དེ་ལ་བརྟེན་ཏེ་བོད་ཡིག་ལ་བྱང་ཆུབ་སྟེ་རྩོམ་གྱི་ཚད་མཐོན་པོར་སླེབས་པའི་ཡིག་ཆ་མཛད་པའང་གྲངས་ཀྱིས་མི་ལངས་པ་ཞིག་བྱུང་བ་ནི་ལོ་རྒྱུས་ཀྱི་ཐོག་ནས་མཁྱེན་ངེས་ལ་ཞུ་མི་དགོས། དེ་ལྟ་ནའང་དེང་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ལ་བཅོས་འགྱུར་ཞིག་གཏོང་བའི་དུས་ཚོད་གཉན་འཕྲེང་ཞིག་ལ་སླེབས་པ་ཁོ་བོས་མཐོང་།”②ཞེས་གསལ་པོར་གསུངས་པ་ནི། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལ་རང་ནུས་ཀྱིས་འབད་པ་བགྱིད་བཞིན་པའི་ང་ཚོ་དང་། ལྷག་པར་ཕྱིས་འབྱུང་བརྡ་སྤྲོད་སྨྲ་བ་དག་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་འཛིན་རྒྱུའི་གནད་དོན་གལ་ཆེན་ཞིག་ཏུ་མཐོང་། དེས་ན་རྩོམ་འདིར་མཁས་པའི་ལེགས་བཤད་འདི་རིགས་རྒྱབ་ཏུ་བརྟེན་ཏེ། སུམ་རྟགས་རྩ་གཞུང་གཉིས་ཁུངས་སུ་བརྟེན་ཅིང་། སྔོན་དུས་ཀྱི་མཁས་པའི་འགྲེལ་བཤད་དག་གིས་ཟུར་བརྒྱན། སྔ་རབས་མཁས་པའི་ལྗགས་རྩོམ་མང་པོར་ཡང་ཡང་དཔྱད། མི་རིགས་གཞན་གྱི་བརྡ་སྤྲོད་རིག་པའི་འཕེལ་ཕྱོགས་ལ་ཟུར་ལྟ་བགྱིས། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་དག་གི་ཆོས་ཉིད་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། མ་འོངས་པའི་དུས་སུ་རང་རེའི་བརྡ་སྤྲོད་རིག་པའི་གཞུང་འདི་གང་འདྲ་ཞིག་ལ་འཕེལ་འོས་པ་དང་། ལྷག་པར་ཕྱིས་འབྱུང་བརྡ་སྤྲོད་སྨྲ་བ་དག་གིས་བརྡ་སྤྲོད་ཀྱི་གནད་ཀ་དག་ལ་དཔྱད་ཞིབ་ཇི་ལྟར་མཛད་དགོས་ཚུལ་ཐད། དེང་རབས་སྐད་བརྡ་རིག་པའི་སྐད་ཆའི་གཅིག་གྱུར་དང་ཐད་གྱེས་སོགས་ཀྱི་འབྲེལ་ཡོད་ནང་དོན་གཞི་རུ་བཟུང་ནས་ཅུང་ཟད་གླེང་བར་བྱ་བ་ལ།

དང་པོ། སུམ་རྟགས་རྩ་གཞུང་ཁུངས་སུ་བརྟེན་ནས་དེ་ལ་རྟོག་ཞིབ་དག་ཐེར་བྱ་བ།

སི་ཏུ་པཎ་ཆེན་གྱིས།“བོད་ཡིག་གི་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་འབྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས། སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས”③ཞེས་གསུངས་པ་ལྟར། བོད་ཀྱི་ཡི་གེ་ལ་མགོ་འདོགས་འཕུལ་རྟེན་གྱི་རྣམ་གཞག་གསལ་བ་སོགས་ནི་དུས་རབས་བདུན་པའི་བོད་སྐད་ཀྱི་ཆོས་ཉིད་ལྟར་སློབ་དཔོན་ཐོན་མི་མཆོག་གིས་གཏན་ལ་ཕབ་པ་ཞིག་ཡིན་ན། སུམ་རྟགས་རྩ་གཞུང་གཉིས་ནི་སྐབས་དེའི་བོད་སྐད་ལ་རང་ཆས་སུ་གྲུབ་པའི་སྒྲ་གདངས་དྲག་ཞན་གྱི་ཁྱད་པར་དང་། ཡི་གེ་དང་མིང་གི་གྲུབ་ཚུལ། ཚིག་གི་རྣམ་གཞག་སོགས་གསལ་པོར་སྟོན་སླད་ཡི་གེ་དང་ལྷན་དུ་མཛད་པ་ཞིག་ཡིན། དེ་ལྟ་ནའང་མིའི་འགྲོ་བའི་སྐད་ཆ་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ལོ་ངོ་སྟོང་ཕྲག་སྔོན་གྱི་སྐད་ཆའི་རྣམ་པ་ལྟར་བྱས་པའི་སུམ་རྟགས་རྩ་གཞུང་གཉིས་སུ་ད་ལྟའི་སྐད་ཆར་ལྡན་པའི་ཆོས་ཉིད་མང་དག་ཅིག་མེད་ཀྱང་སྲིད་པ་ནི་གདོན་མི་ཟ་སྟེ། 《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》སུ།“རྟགས་འཇུག་གི་རྩ་བར་བརྗོད་བྱ་མི་ཚང་བ་དང་། བསྟན་དོན་མི་གསལ་བ་དང་།
ནང་འགལ་དུ་གྱུར་པ་དང་། སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བ་སོགས་ཚིག་དོན་གྱི་ཆ་ལ་སྐྱོན་གཏན་ནས་མེད་པའང་མིན”④ཞེས་གསུངས་པ་དང་། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》དུ།“རྩ་བར། མ་ནིང་གཉིས་ཀ་ད་ལྟར་ཆེད། ། གསུངས་པ། སྒོ་ཀུན་ལ་མ་བརྟགས་པས། གནད་དུ་ཁེལ་མེད་པར་མངོན།”⑤ཞེས་དང་། ཡང《བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག》ཅེས་པར།“བརྡ་སྤྲོད་སྤྱིའི་ཁྲིམས་ལ་ཉེ་བར་མཁོ་བའི་གནད་ཡི་གེ་ལས་མིང་ཚིག་སོགས་བསྒྲིགས་ཏེ་རྩ་བའི་བརྗོད་པ་སྒྲུབ་ཚུལ་ལ་ཆ་བཞག་ན། སྲོལ་རྒྱུན་བརྡ་སྤྲོད་ཀྱི་གཞུང་དུ་ནི། ཡི་གེ་ལས་མིང་། མིང་ལས་ཚིག ཚིག་ལས་བརྗོད་པ་གྲུབ་ཅེས་པ་དང་། དེ་བཞིན་དུ་དོན་གྱི་ངོ་བོ་བརྗོད་པ་མིང་། ཁྱད་པར་བརྗོད་པའི་ཚིག་ཅེས་པའི་སྤམ་བཤད་ཙམ་ལས། བོད་སྐད་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཚིག་སྦྱོར་བསྒྲིགས་ཏེ་ཚིག་སྒྲུབ་བྱ་སྟངས་སྐོར་ལ་བཤད་པ་གཏན་འབེབས་མེད།”⑥ཅེས་དང་། 《བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》དུ།“རྟགས་འཇུག་ཏུ། འདས་མ་འོངས་ད་ལྟ་བ་གསུམ་དང་བདག་གཞན་གྱི་ཐ་སྙད་ཙམ་ལས། དངོས་པོ་དང་བྱེད་པ་པོ། བྱེད་པ། བྱེད་ལས། བྱ་ལས་སོགས་གང་ཡང་ཞིབ་ཏུ་བསྟན་མེད།”⑦ཅེས་གསུངས་པ་སོགས་ལ་བརྟགས་ན་གསལ་པོར་ངེས་འགྲོ།

དེས་ན། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་འདིར་དུས་ནམ་ཞིག་ལ་མི་སུ་ཞིག་གིས་དམིགས་བྱ་ཇི་ལྟ་བུའི་སྒོ་ནས་དཔྱད་ཞིབ་ཀྱི་བགྱི་བ་དང་དུ་ལེན་པའི་ཚེ། སུམ་རྟགས་གཉིས་ཀའི་ཚིག་ངོས་སུ་གསལ་པོར་ཡོད་པ་ཞིག་ཡིན་ན། ཐོག་མར་དེའི་ཚིག་རྐང་རེ་རེ་དང་ཡིག་འབྲུ་རེ་རེའི་དོན་ལ་ལེགས་པར་བརྟག་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ལ། རྩ་གཞུང་གཉིས་སུ་བསྟན་མེད་པ་ཞིག་ཡིན་ཚེ། ཕྱིས་འབྱུང་མཁས་པས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་ཁག་དང་། དེང་རབས་སྐད་བརྡ་རིག་པའི་ཐབས་ལམ་སོགས་ཟུང་འབྲེལ་སྒོས་འབྲེལ་ཡོད་གནད་དོན་ལ་རྟོག་ཞིབ་དང་དག་ཐེར་ཚགས་སུ་ཆུད་པ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་སུམ་རྟགས་རྩ་གཞུང་གཉིས་ནི་བརྡ་སྤྲོད་རིག་པའི་ཕྱི་མོ་ཡིན་པས། འདི་གཉིས་ནང་མ་ཚུད་པའི་བརྡ་སྤྲོད་ཀྱི་གནད་དོན་ཞིག་ཡོད་མི་སྲིད་པར་འདོད་པ་དང་། ཡང་སློབ་དཔོན་ཐོན་མི་ནི་གངས་ཅན་བོད་ལ་མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ་ལྟ་བུ་ལགས་པས། གང་གིས་མི་མཁྱེན་པའི་བརྡ་སྤྲོད་པའི་གནད་དོན་ཞིག་ཡོད་མི་སྲིད་པར་སྙམ་པ་དང་།

གལ་ཏེ་སུམ་རྟགས་གཉིས་ཀའི་ཚིག་དངོས་ན་གསལ་པོར་བསྟན་མེད་པའི་གནད་དོན་གང་ཡང་རུང་བ་ཞིག་ཡིན་ན། སློབ་དཔོན་གྱིས་ཚིག་གི་ཉེ་འགྱངས་དང་། དངོས་ཤུགས་གང་རུང་ཞིག་ན་ངེས་ཅན་དུ་བསྟན་ཡོད་པར་རློམ་ཚེ། མ་འོངས་པ་ན་བོད་ཀྱི་སྐད་ཆ་དང་བརྡ་སྤྲོད་རིག་པའི་བར་ཐག་ནི་རིང་ནས་རིང་དུ་འགྲོ་སྲིད་པ་དང་། བརྡ་སྤྲོད་ཞིབ་འཇུག་མཁན་རྣམས་ཀྱིས་ཀྱང་བརྡ་སྤྲོད་ཀྱི་གནད་དོན་གོ་བ་ལོན་ཐུབ་པ་ཞིག་ཡིན་ན་དེ་བཞིན་འཆད་པ་དང་། མི་ཤེས་པ་ཞིག་ཡིན་ཕྱིན་ཤུགས་བསྟན་སོགས་ཡིན་པར་བཞེད་དེ་དོགས་གནད་མང་པོར་དཔྱད་ཞིབ་བྱེད་པའི་གནས་ལས་གཟུར་ཐབས་བྱེད་སྲིད་པ་རེད། དེས་ན། ང་ཚོས་ད་ནས་བཟུང་བློ་ཉམས་ཆུང་བ་དང་གུ་དོག་པ་དེ་རིགས་ཀྱི་རྒྱ་ལས་གྲོལ་ཏེ། ལེགས་ཉེས་བླང་དོར་ལྡན་པའི་ངང་སུམ་རྟགས་རྩ་གཞུང་ཡིན་ནའང་དཔྱད་ཞིབ་ནན་གྱིས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད།

གཉིས་པ། འགྲེལ་བ་དག་གིས་ཟུར་གྱིས་བརྒྱན་ནས་གཟུ་བོའི་བློ་ཡིས་དཔྱད་འཇོག་བྱ་བ།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པར་གྲགས་པའི《གནས་བརྒྱད་ཆེན་མོ་རྩ་འགྲེལ》ནས། གངས་ཅན་ལྗོངས་སུ་སུམ་རྟགས་གཉིས་ཀའི་འགྲེལ་བ་ཡིན་མིན་གྱི་བརྡ་སྤྲོད་པའི་བསྟན་བཅོས་གང་མང་ཞིག་བྱུང་བ་རྣམས་ལ་བལྟས་ན། འགྲེལ་བ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་འགྲེལ་ལུགས་ལེགས་པར་བསྐྱངས་ཡོད་པ་ཤིན་ཏུ་མང་ལ། སྔ་མ་དག་གི་མ་དག་པའི་ཆ་ལ་དགག་བཞག་དང་དག་ཐེར་བྱས་ཡོད་པའང་མང་དུ་འདུག དཔེར་ན། 《གནས་བརྒྱད་ཆེན་མོ་རྩ་འགྲེལ》དུ། ཡི་གེ་འཇུག་པའི་གནས་བརྒྱད་བསྟན་པ་དེ་ནི་ཕྱི་འགྲེལ་རྣམས་ལ་ཤུགས་རྐྱེན་ཆེ་བ《བརྡ་སྤྲོད་བློ་གསལ་དགའ་སྟོན》དང《ཐོན་མིའི་ཞལ་ལུང》སོགས་ལ་བལྟས་ན་གསལ་པོར་ཤེས་ཐུབ་པ་དང་།
དུས་རབས་བཅོ་བརྒྱད་པར་བྱུང་བའི་པྲ་ཏིའི《ཀུན་བཟང་དགོངས་རྒྱན》དང་སི་ཏུའི《མུ་ཏིག་ཕྲེང་མཛེས》གཉིས་སུ། སུམ་རྟགས་རྩ་གཞུང་གཉིས་ཀྱི་ཚིག་དོན་ཞིབ་རྒྱས་ཀྱིས་བཀྲལ་པ་ཙམ་དུ་མ་ཟད། 《སྨྲ་སྒོ་མཚོན་ཆ》དང་། རྣམ་གླིང་པཎ་ཆེན་གྱི《ལེགས་བཤད་སྣང་བྱེད་ནོར་བུ》སོགས་ཀྱིས་མཚོན་པའི་སྔ་རབས་བརྡ་སྤྲོད་གཞུང་ལ་འོས་མཐུན་གྱི་དགག་བཞག་རྒྱས་པར་མཛད་པས། དེའི་ཕྱིས་ཀྱི་འགྲེལ་བ་དག་ལ་ཤུགས་རྐྱེན་ཆེ་ཞིང་། ད་ལྟའི་དུས་སུའང་དགོན་པ་དང་སློབ་གྲྭ་མང་པོར། ཆེད་དུ་གཞུང་འདི་གཉིས་གཙོར་བཟུང་སྟེ་བརྡ་སྤྲོད་རིག་པའི་ལས་ལ་འཇུག་བཞིན་པ་མིག་མཐོང་ལག་ཟིན་དུ་འདུག དེས་ན་ང་ཚོས་གཞུང་འདི་དག་རང་སྟེང་ལ་བལྟས་ན་སོ་སོར་རང་རང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རེ་ཡོད་པ་གསལ་པོར་ངེས་ཐུབ་པ་མ་ཟད། ཕན་ཚུན་བར་མི་མཐུན་པའི་ཆ་ཡང་གང་མང་རེ་ཡོད་པ་ནི་པྲ་ཏི་དང་སི་ཏུའི་སུམ་རྟགས་གཉིས་ལ་བལྟས་ན་གསལ་པོར་ངེས་ཐུབ། འོ་ན་ང་ཚོས་འགྲེལ་བ་གང་དག་ཚད་མར་འཛིན་འོས་ཤིང་། གང་དག་གི་རྗེས་སུ་འབྲང་མི་འོས་ཤེ་ན། དེ་ཡང་མཐའ་གཅིག་ཏུ་འདི་ནི་མི་དག་པ་དང་འདི་ནི་ཡང་དག་ཡིན་ཞེས་ཕྱོགས་ལྷུང་གིས་མི་འཆད་པར། འགྲེལ་བ་སོ་སོའི་ཚིག་དོན་རེ་རེའི་གནད་ལ་གཟུ་བོའི་བློ་ཡིས་དཔྱད་ཞིབ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

ཅིའི་ཕྱིར་ཅེ་ན། རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལྟ་བུར་ཆ་མཚོན་ན།“རྗེས་འཇུག་ཡི་གེ་བཅུ་པོ་ལ། ། ཕོ་མོ་མ་ནིང་གསུམ་དུ་དབྱེ། །”⑧ཞེས་རྟགས་ཀྱི་འཇུག་པའི་གཞུང་དུ་རྗེས་འཇུག་བཅུ་པོ་རྩ་བའི་རྟགས་གསུམ་དུ་དབྱེ་དགོས་ཚུལ་ཙམ་ལས། ཡི་གེ་འདི་རྟགས་འདི་ཡིན་དང་། སྔོན་འཇུག་ལྟར་འཇུག་པ་བཞི་གང་གི་སྐབས་ནས་ཀྱང་དཔྱད་པའི་གཞི་ཅི་ཡང་རྙེད་མི་ཐུབ་པས། མཁས་པ་རྣམས་ཀྱིས་རང་རང་གི་ཐད་ནས་སྒྲུབ་བྱེད་རེ་བཙལ་ཏེ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་མཛད་པ་རེད། དེ་ལ་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས།
“སླར་བསྡུའི་སྒྲ་དང་། ལ་དོན་གྱི་སྒྲ་དང་། ཨི་ལྡན་གྱི་སྒྲ་དང་། རྒྱན་སྡུད་ཀྱི་སྒྲ་དང་། འབྱེད་སྡུད་ཀྱི་སྒྲ་དང་།
མིང་གཞི་རྟགས་ལྔའི་ངང་ཚུལ་ལ་ཞིབ་ཏུ་བརྟགས་ན་རྣམ་པར་དཔྱོད་པའི་སྒོ་མང་པོ་རྙེད་པར་འགྱུར་ཞིང་།
ལྷག་པར། རྗེས་འཇུག་ཡི་གེ་བཅུ་བོ་ནི། ། ཨི་དང་མཐུན་ལུགས་ཞེས་པ། རྗེས་འཇུག་བཅུ་ཨི་ལྡན་གྱི་རྣམ་དབྱེ་དང་ཐོབ་ཐང་མཐུན་ལུགས་ཞེས་པའི་དོན་ཡིན་པས་དེའི་གནད་དང་། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཞེས་
དང་། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང། ། ཞེས་པ་འདི་

དག་དོན་བརྒྱ་འབྱེད་པའི་ལྡེ་མིག་ཏུ་གལ་ཆེའོ། །”⑨

ཞེས་གསུངས་པ་ནི་ང་ཚོས་སྔོན་གྱི་མཁས་ཆེན་རྣམས་ཀྱི་ལྟ་བ་གཅིག་མཐུན་དུ་མ་སོང་བའི་རྒྱུ་མཚན་གང་ཡིན་པ་དང་། ཁོང་ཅག་གི་རིགས་པའི་སྒྲུབ་བྱེད་ཅི་ཡིན་པ་ངེས་པར་བྱེད་པའི་ལེགས་བཤད་གལ་ཆེན་ཞིག་ཏུ་མཐོང་།

པྲ་ཏིའི་བཤད་སྦྱར་ཚིགས་བཅད་མ་རུ།“ད་བ་ས་གསུམ་ཕོ་ཡིན་ཏེ། ། ག་ང་ན་མ་ར་དང་ལ། ། དྲུག་པོ་མོ་ཡི་ཡི་གེ་ཡིན། ། འ་ཡི་ཡི་གེ་མ་ནིང་ངོ། །”⑩ཞེས་སུ་གསུངས་པ་ནི་ཨི་ལྡན་གྱི་རྩ་བའི་ཚིག་ཟུར་དུ་མཐུན་སྒྲ་ཐེངས་གཉིས་ལ་བྱུང་བ་དང་། ཐོབ་ཐང་དངོས་སུ་བསྟན་པ། མིང་གཞི་རྐྱང་པའི་ཚིག་ཕྲད་ཀྱིས་བསྟན་པ་སོགས་དང་འབྲེལ་ཆེ་བས། ཁོང་གི་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ནི་ཨི་ལྡན་གྱི་རྩ་བའི་ཚིག་ཟུར་ལ་བརྟགས་པ་གསལ་པོར་ངེས་ཐུབ་པ་དང་།
ཡང་སི་ཏུས་རྒྱན་སྡུད་འཆད་སྐབས།“རྗེས་འཇུག་ཕོ་ཡིག་ག་ད་བ་ས་རྣམས་དང་ད་དྲག་གི་མཐར་རྟགས་མཚུངས་དང་བརྗོད་བདེ་གཉིས་ཀའི་སྒོ་ནས་སྒྲ་མཐུན་པ་ཀྱང་ཉིད་སྦྱར་ཞིང་། དེ་བཞིན་དུ་དངོས་སུ་ཡོད་མེད་ཇི་ལྟར་རུང་འ་མཐའ་ཅན་རྣམས་ལ། འང་དང་། ང་མ་དག་གི་མཐར་ཡང་གི་སྒྲ་འཇུག་པ་དང་། ན་ར་ལ་གསུམ་གྱི་རྗེས་སུ་བརྗོད་བདེ་ཁོ་ནའི་དབང་གིས་ཡང་ཉིད་འཇུག་གོ །”ཞེས་རྩ་བ་སུམ་ཅུ་པའི་སྐབས་སུ་ཡན་ལག་གི་བསྟན་བཅོས་རྟགས་འཇུག་གཞུང་གི་རྟགས་མཚུངས་དང་བརྗོད་བདེ་སོགས་ཀྱི་བརྡ་ཆད་དང་འབྲེལ་ནས་གསུངས་པ་ནི་ཁོང་གི་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་དེ་རྒྱན་སྡུད་ལ་བརྟགས་པ་ཡིན་པ་ཤེས་ཐུབ། དེས་ན། ང་ཚོས་གོང་གསལ་པྲ་ཏི་དང་སི་ཏུ་གཉིས་ཀྱི་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་ལ་བལྟས་ན། མཁས་ཆེན་ཁོང་གཉིས་ཀར་རང་རང་གི་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་རེ་ཡོད་པས་ན། ང་ཚོས་གནའ་ནས་ད་ལྟའི་བར་བོད་པའི་སྐད་ལ་རང་ཆས་སུ་ཡོད་པའི་སྐད་གདངས་ཀྱི་སྣང་ཚུལ་སྤྱི་ལ་དཔྱད་ཞིབ་གང་ལེགས་གནང་རྒྱུ་དང་། ལྷག་པར་དུས་རབས་བཅོ་བརྒྱད་པའི་བོད་སྐད་ཁྲོད་རྗེས་འཇུག་གི་སྒྲའི་གནས་སྟངས་དེ་གང་འདྲ་ཞིག་ཡིན་པ་སོགས་ལ་དབྱེ་ཞིབ་མང་དུ་བྱས་ཏེ། མཁས་ཆེན་ཁོང་ཚོའི་རྗེས་འཇུག་གི་རྟགས་ཀྱི་དབྱེ་སྟངས་ལ་རང་ནུས་ཀྱིས་བསྐྱར་ཞིབ་འོས་འཚམ་ཞིག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །

གསུམ་པ། སྔ་རབས་མཁས་པའི་ལྗགས་རྩོམ་དག་གི་ཚིག་གི་དག་ཆར་ཡང་ཡང་དཔྱད་པ།

སྔ་དུས་ཀྱི་མཁས་པ་རྣམས་ནི། དབུས་གཙང་དང་།
ཁམས། ཨ་མདོ་སོགས་ས་ཕྱོགས་མི་མཐུན་པ་གང་མང་མང་ཞིག་ནས་ཡིན་ནའང་། ཁོང་ཚོས་བརྩམས་པའི་ལྗགས་རྩོམ་ལ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྐྱེ་བོ་ཀློག་ལ་འགྲོ་བ་སུ་ཞིག་གིས་བལྟས་ཀྱང་གསལ་པོར་ངེས་ཐུབ་པ་ནི་དཔལ་ལྡན་ས་སྐྱ་པ་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ལ་མཇལ་ན་ལེགས་པར་རྟོགས་ཐུབ། འོ་ན་ཁོང་ཚོའི་བརྩམས་ཆོས་ནི་རྒྱུ་མཚན་ཅིའི་ཕྱིར་ཡུལ་སྐད་ལ་ཁྱད་པར་ཡོད་ཀྱང་། ཡིག་ངོར་ཁྱད་པར་མེད་པ་རེད་ཅེ་ན། འདི་ལ་རྒྱུ་མཚན་ཕྱོགས་འགའ་ཡོད་དེ། གཅིག་ནས་སྔོན་གྱི་རིག་གནས་པ་ཕལ་མོ་ཆེ་ནི་རབ་བྱུང་པ་ཡིན་པ་དང་། གཉིས་ནས་རང་རང་སོ་སོའི་དགོན་པ་ནས་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལ་ཐོན་ཚེ། དབུས་ཕྱོགས་ཀྱི་སེ་ར་འབྲས་སྤུངས་སོགས་ལ་ཕེབས་ནས་རིག་པའི་གནས་ལ་མུ་མཐུད་དུ་འཇུག་པ་དང་། གསུམ་ནས་ས་ཕྱོགས་སོ་སོ་ནས་ཡོང་བའི་མཁས་པ་རྣམས་གནས་གཅིག་ལ་ལྷན་དུ་འཛོམས་ཚེ་སྦྱང་བྱའི་གཞུང་ནི་གཅིག་ཡིན་ལ། རྟགས་གསལ་སོགས་རྩོད་པའི་ཚེ་ན་ཡང་ཕན་ཚུན་གྱི་སྐད་ལ་གོ་བདེ་བར་བཅོས་པས་ཚང་མས་གོ་ཐུབ་པའི་སྤྱི་སྐད་འདྲ་བ་ཞིག་རང་བཞིན་གྱིས་ཆགས་སོང་བ་སོགས་རྒྱུ་རྐྱེན་རྟེན་འབྲེལ་འདི་རིགས་ཀྱི་དབང་གིས། སྐབས་དེའི་མཁས་པས་བརྩམས་པའི་བརྩམས་ཆོས་དག་ཀྱང་རང་སོའི་ཡུལ་སྐད་ཀྱིས་མ་བསླད་པར་གཅིག་མཐུན་དུ་སོང་བ་ཞིག་ཡིན་པར་ངེས། ཡང་དེ་ལྟར་མ་བྱས་པར་ས་གནས་རང་རང་གི་ཡུལ་སྐད་ལྟར་བརྩམས་པ་ཡིན་ན། མཁས་དབང་དུང་དཀར་རིན་པོ་ཆེ་མཆོག་གིས་གསུངས་པ་བཞིན།“གལ་ཏེ་ཁ་སྐད་དང་ཡིག་སྐད་བར་གྱི་འགལ་བ་གཙོ་བོ་དེ་ཡིག་སྐད་དང་། ཡི་གེའི་དག་ཆའི་ཐད་ལ་བཞག་ནས་སྔར་ཡོད་ཀྱི་སུམ་རྟགས་འགྲོ་ལུགས་རྣམས་མེད་པར་བཟོས་པ་དང་།
ཡི་གེའི་དག་ཆ་དེ་ལྷ་སའི་ཁ་སྐད་རྐྱང་པའི་ཐོག་ལ་བསྒྱུར་རྒྱུའི་ཨུ་ཚུགས་བྱས་པ་ཡིན་ན། ཡུལ་སྐད་དང་ཡི་གེ་གཅིག་གྱུར་བཟོ་ཐུབ་རྒྱུ་ཕར་ཞོག གསར་བཟོས་ཡི་གེའི་དག་ཆ་དེ་དང་ས་གནས་གཞན་དག་གི་ཡུལ་སྐད་བར་ཁ་བྲལ་ཆེ་རུ་འགྲོ་གི་རེད།”ཅེས་པ་བཞིན། རྗེས་ཕྱོགས་རང་རེའི་མི་རིགས་ནང་ཁུལ་དུའང་ལོ་ཙཱ་སོགས་ཀྱི་ཐབས་ལམ་མ་བརྒྱུད་ན་གོ་བརྡ་ལེགས་པར་འཕྲོད་མི་ཐུབ་པའི་མཇུག་འབྲས་ཡིད་སྐྱོ་བ་ཞིག་འབྱུང་ངེས་པ་ནི་གདོན་མི་ཟ། 《སྒྲ་སྦྱོར་བམ་གཉིས》ལས།“ཡུལ་དང་སེམས་ཅན་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་མགོ་ལ་ཡུལ་ལམ། མེ་ཏོག་ཅེས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག” ཅེས་གསུངས་པ་དང་། 《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད》ཅེས་པར།“རང་སྐད་ལ་སྔར་
མེད་པའི་ཐ་སྙད་གསར་བ་བསྒྱུར་དགོས་བྱུང་ན་འདོད་རྒྱལ་གྱི་མིང་སྒྲ་སྒྱུར་བྱ་དགོས” ཞེས་པ་དང་།“མ་
ཡིག་འགྱུར་མ་ཡིན་ཚེ། སྒྲ་ཇི་བཞིན་བསྒྱུར་པ་ལས། དོན་སྒྱུར་བྱ་མི་རུང་།” ཞེས་པ་སོགས་གནའ་དེང་གི་གཞུང་མང་པོར་མཇལ་ན། བོད་མིའི་རིག་གནས་གོམས་སྲོལ་དང་མཐུན་པའི་རྗོད་བྱེད་ཚིག་གི་ཕྲེང་བ་སྤེལ་བ་དང་། བརྡ་དང་ཐ་སྙད་གསར་བ་མང་པོ་རང་སྐད་དུ་འདྲེན་པར་དེ་ལ་དེར་མཐུན་གྱི་མིང་གི་འདོགས་ལུགས་དང་། ཚིག་སྦྱོར་སྤེལ་སྟངས། ཐ་སྙད་སྒྱུར་ཚུལ་ངེས་ཅན་ཞིག་ཅིས་ཀྱང་ཡོད་དེ། དཔེར་བརྗོད་ན། གྲོང་ཁྱེར་ལྷ་ས་ལ་ལྷ་ས་གྲོང་ཁྱེར་དང། མེ་ཏོག་རྒྱ་སེ་ལ་རྒྱ་སེ་མེ་ཏོག་ཅེས་སུ་བརྗོད་ན། དེ་ནི་བོད་མིའི་བསམ་གཞིག་དང་མཐུན་པའི་སྐད་ཆ་བཤད་སྟངས་དངོས་ཡིན་མིན་ནི་དོགས་པའི་གནས་སུ་གདའ།

དེས་ན། དེང་གི་ཆར་མི་རིགས་གཞན་གྱི་སྐད་ཆའི་སྦྱོར་བའི་ཤུགས་རྐྱེན་གྱིས། ང་ཚོས་ཐ་ན་གནད་དོན་ཡོད་མེད་ཀྱང་གསལ་ཐག་མི་ཆོད་པའི་མིང་འདི་རིགས་མང་དུ་མི་འབྱུང་ཆེད། ད་ནས་བཟུང་སྔ་རབས་མཁས་པའི་ལྗགས་རྩོམ་དག་གི་རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལུགས་སོགས་ལ་ཡང་ཡང་བལྟས་ཤིང་དཔྱད་པ་བགྱིས་ཏེ། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་། དོན་གྱི་གོ་བས་ཚིག་གི་དག་ཐོན་པ། སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མཐུན་པའི་རྗོད་བྱེད་ཚིག་གི་ཕྲེང་བ་སྤེལ་དགོས་རྒྱུ་ནི་གནད་ཀྱི་དམ་པ་ཡིན།

བཞི་པ། གཞན་སྐད་བརྡའི་གཞུང་ཟུར་ལྟ་བྱས་ཏེ་དེ་ལ་བླང་དོར་འོས་འཚམ་བྱ་བ།

གནའ་ནས་ད་ལྟའི་བར། མི་རིགས་གང་ལ་མཚོན་ནའང་། རིག་གནས་ཀྱི་འགྲོ་འོང་ནི་མི་རིགས་རང་གི་འཚོ་བ་དང་གོམས་སྲོལ་སོགས་སྔར་བས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། རང་རེའི་བོད་ལ་མཚོན་ནའང་དེ་ལས་མ་འདས་ཏེ། བཙན་པོའི་དུས་སུ་རྒྱ་གར་རིག་གནས་དང་འགྲོ་འོང་ཤུགས་ཆེར་བྱས་པས། སྐབས་དེའི་བོད་པའི་རིག་གནས་ཀྱི་ཁྱབ་ཁོངས་སུ་ནང་བསྟན་གྱི་ཐ་སྙད་ཧ་ཅང་མང་པོ་ཞིག་བྱུང་ཡོད་པ་དང་། དཔལ་ལྡན་ས་སྐྱ་པ་དང་དགའ་ལྡན་ཕོ་བྲང་གི་སྐབས་སུ་སོག་པོའི་མི་རིགས་ལ་འབྲེལ་འདྲིས་བྱས་པ་ཤིན་ཏུ་མང་བས། དེ་དུས་ཀྱི་བོད་པའི་རིག་གནས་ཁྱབ་ཁོངས་སུ་དེར་འབྲེལ་གྱི་ཐ་སྙད་མང་པོ་ཞིག་བྱུང་། ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱའི་མི་རིགས་དང་འབྲེལ་འདྲིས་བྱས་ཚད་ཤིན་ཏུ་མོད་པས། རང་རེའི་རིག་གནས་ཁྲོད་དུ་དེང་གི་ཆབ་སྲིད་དང་ཚན་རྩལ་གྱི་ཐ་སྙད་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་མུས་སུ་གདའ། དེས་ན།“སྐད་ཆའང་སྤྱི་ཚོགས་འཕེལ་བའི་རྗེས་འབྲངས་ནས་དར་བཞིན་ཡོད་པས། སྒྲ་རིག་པ་གསར་བ་གསོས་སུ་མ་བཏབ་ན། རང་རེའི་བརྡ་སྤྲོད་གཞུང་ལུགས་ཀྱང་མུ་མཐུད་ནས་ལེགས་ཆ་ཀུན་འཛོམས་ཀྱི་ཚད་ལ་སླེབས་དཀའ།” ཞེས་པ་བཞིན། རིག་གནས་ཀྱི་ཁོ་ལག་ཀུན་ཏུ་ཁྱབ་རྒྱ་ཆེ་བའི་བརྡ་སྤྲོད་རིག་པ་འདི་ལ་ཆ་མཚོན་ནའང་འཛམ་གླིང་སྤྱིའི་ཞིབ་འཇུག་གི་ཁ་ཕྱོགས་ལྟར། གཞན་རིགས་དག་གི་ཞིབ་འཇུག་གི་འབྲས་བུ་ལས་ཉེར་མཁོའི་ཆ་རྣམས་ལེགས་པར་བླངས་ཏེ་རིག་ཚན་འདི་ཉིད་ཁེབས་རྒྱ་ཇེ་ཆེ་དང་།
ཞིབ་ཆ་ཇེ་གསལ་གྱི་ཕྱོགས་སུ་བསྐྱོད་དགོས་པ་ནི་སྨོས་མེད་ཡིན་ཡང་། དེང་གི་ཆར་གཞན་རིགས་དག་གི་བརྡ་སྤྲོད་པའི་གཞུང་ལ་ངེས་ཤེས་ཟབ་མོ་ཞིག་ཡོད་པར་སྙེམས་པའི་སྐྱེས་བུ་འགའ་ཞིག་གིས། མི་རིགས་རང་གི་རིག་གནས་ཀྱི་གོམས་སྲོལ་དང་བརྡ་སྤྲོད་ལུགས་དང་མཐུན་མིན་ལ་མི་བལྟ་བར། གཞན་པའི་བརྡ་སྤྲོད་རིག་པའི་དཔྱད་ཐབས་གསར་བ་མང་པོ་ཞིག་ཐད་ཀར་རང་སྐད་དུ་ཅི་བསམ་གང་འདོད་ངང་འདྲེན་གྱིན་ཡོད་མོད། དེ་ནི་མི་ལེགས་ཏེ། རྗེ་དམུ་དགེ་བསམ་གཏན་མཆོག་གིས།“རྒྱ་ནག་གི་བརྡ་སྤྲོད་པའི་གཞུང་དེ་ཡང་ཡི་གེ་དང་མཉམ་དུ་བཟོས་པ་ཞིག་མིན་ཏེ། ཡི་གེ་དར་བ་ཤིན་ཏུ་སྔ་ལ་བརྡ་སྤྲོད་པའི་གཞུང་བྱུང་བ་ནི་འཕྱི་སྟེ། དེ་བྱུང་ནས་ལོ་བརྒྱ་ཡས་མས་ལས་མ་འགོར་ཟེར། དེ་ཡང་ཕྱི་གླིང་པའི་བརྡ་སྤྲོད་པའི་རིག་པ་སྦྱར་བ་རེད། སྐད་ཡིག་མི་འདྲ་བའི་དབང་གིས་མཐའ་དག་པ་སྦྱར་ཐུབ་པའི་ངེས་པ་ཡང་མེད་ལ། གང་འཕྲོད་པ་དག་སྦྱར་བ་ལས་མཐའ་དག་པ་ནི་སྦྱར་མེད་པར་མངོན།” ཞེས་གསུངས་པ་བཞིན། རིག་གནས་མི་འདྲ་བ་སོ་སོར་རང་རང་གི་ཐུན་མིན་གྱི་སྐད་ཆའི་སྦྱོར་སྲོལ་དང་། རིག་གནས་ཀྱི་གོམས་སྲོལ་མི་འདྲ་བ་རེ་ཡོད་པ་སེམས་སུ་བཟུང་སྟེ། གཞན་རིགས་རྣམས་ཀྱི་ཞིབ་འཇུག་གི་དཔྱད་འབྲས་དེ་དག་རང་སྐད་དུ་འདྲེན་པ་དང་། དེ་སྤྱད་ནས་བོད་ཀྱི་སྐད་དང་ཡི་གེའི་གནད་དོན་གང་རུང་ལ་དཔྱད་པ་ཞིབ་འཇུག་བྱེད་ཚེ་བླང་དོར་འོས་ཤིང་འཚམ་པ་རེ་བྱ་རྒྱུ་ནི་གལ་འགངས་ཆེའོ། །

ལྔ་པ། ཡུལ་སྐད་མཐའ་དག་རིས་མེད་བཟུང་ནས་ཐུན་མོང་ཁྱད་ཆོས་མཉམ་དུ་བསྡུ་བ།

དུས་ཡུན་རིང་པོའི་སྐད་ཆའི་འཕེལ་འགྱུར་གྱི་ཁྲོད། བོད་པའི་སྐད་ལ་ཡུལ་སྐད་སྣ་ཚོགས་ཀྱི་ཁྱད་པར་མང་དུ་བྱུང་ནས་དུས་ད་ལྟ་ཡུལ་ལུང་གི་སྐད་མང་པོའི་བར་ཕན་ཚུན་གོ་བརྡ་རྨང་ནས་འཕྲོད་མི་ཐུབ་པའི་གནས་སུ་ལྷུང་ཡོད་དེ། ང་ཚོས་ཤར་གྱི་རྒྱལ་རོང་དང་ནུབ་ཀྱི་ལ་དྭགས། ལྷོ་ཡི་མོན་ཡུལ་དང་བྱང་གི་མདོ་ལ་རི་རྒྱུད་དུ་ཆགས་པའི་རྟ་རྨིག་དགོན(马蹄寺 )སོགས་ཀྱི་སྐད་ཆའི་གནས་བབ་ལ་བལྟས་ན་གསལ་པོར་ངེས་འགྲོ། དེས་ན། སྐད་ཆའི་གནད་དོན་འདི་འདྲ་སེལ་བར་ཡུལ་ལུང་སོ་སོས་གོ་ཐུབ་པའི་ཐུན་མོང་གི་སྤྱི་སྐད་ཅིག་ཡོད་དགོས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པས། 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》ཞེས་པར། བོད་ཀྱི་སྤྱི་སྐད་ལ་ངེས་ཚིག་འདི་འདྲ་ཞིག་བཞག་ཡོད་དེ།“བོད་ཀྱི་ཡུལ་སྐད་སོ་སོའི་ཐུན་མོང་གི་ཁྱད་ཆོས་མཉམ་དུ་བསྡུས་ཤིང་། སུམ་རྟགས་སོགས་ཀྱི་དགོངས་པ་དང་མཐུན་པར་སྦྱར་བའི་བོད་མི་སྤྱིའི་སྤྱོད་པའི་སྐད་ཆ་ཞིག་ལ་བྱ་དགོས།” ཞེས་བསྟན་པ་ལྟར། ད་ལྟའི་དུས་སུ་ཆོལ་གསུམ་བོད་མི་ཀུན་གྱིས་རེ་བའི་སྤྱི་སྐད་ཅིག་བཟོ་བར་སྔ་རབས་བརྡ་དག་གཞུང་ལུགས་རྨང་གཞིར་བཟུང་ཞིང་། དེང་རབས་སྐད་བརྡ་རིག་པའི་སྐད་ཆའི་འཕེལ་ཕྱོགས་ཐད་ཀྱི་ལྟ་བ་ཁག་ཟུར་ལྟ་བྱས་པའི་ཁར། བོད་རང་གི་ཡུལ་སྐད་མི་འདྲ་བ་སོ་སོའི་ཡི་གེའི་བཀླག་གདངས་དང་། ཐ་སྙད་བཀོལ་ལུགས། སྐད་ཆའི་སྦྱོར་སྲོལ་སོགས་ཀྱི་ཐུན་མོང་གི་ཆ་དེ་ལེགས་པར་བླངས་ན། བོད་མི་སྤྱིས་གོ་བའི་སྐད་ཅིག་ངང་གིས་འབྱུང་སྲིད་པ་ལས།“ལྷ་ས་གྲོང་ཁྱེར་གྱི་སྐད་དེ་ཡུལ་སྐད་དང་ཡུལ་སྐད་གཅིག་གྱུར་བྱེད་རྒྱུར་གཞི་འཛིན་སའི་རྨང་གཞིའི་ཡུལ་སྐད་དུ་བཞག་ནས་དེ་རང་དར་སྤེལ་གཏོང་རྒྱུའི་ཨུ་ཚུགས་བྱས་པ་དེ་ཅུང་ཟད་ཐལ་དྲགས་པ་རེད།” ཅེས་པ་བཞིན། ས་གནས་གཅིག་གི་སྐད་དེ་ཚད་ལྡན་དུ་བཟུང་ནས་ཡོད་ཚད་ཡུལ་སྐད་གང་ཞིག་གི་ཆོས་ཉིད་ནང་བཞིན་བྱས་ན་ཐུན་མོང་གི་སྤྱི་སྐད་ཅིག་འཆག་རྒྱུ་ནི་ཤིན་ཏུ་དཀའ་བར་སེམས། དེས་ན་རྗེས་ཕྱོགས་སྐད་ཆའི་སྦྱོར་སྲོལ་གཏན་ལ་ཕབ་པའི་བརྡ་སྤྲོད་རིག་པའི་གཞུང་ཞིག་གམ་དེ་དང་འབྲེལ་བའི་གནད་ཅིག་གླེང་དུས་ཀྱང་། བོད་རང་གི་སྔ་རབས་བརྡ་དག་གཞུང་དང་མཐུན་ཞིང་། དེང་རབས་སྐད་བརྡ་ཞིབ་འཇུག་གི་གནས་བབ་དང་འཚམ་པ། གཞན་ཡང་ཡུལ་སྐད་སོ་སོའི་ཐུན་མོང་གི་ཁྱད་ཆོས་མཉམ་དུ་བསྡུ་ཅི་ཐུབ་ཀྱིས་འགྲུབ་རྒྱུའི་སྤྱི་སྐད་དེའི་ལུགས་བཞིན་བྱས་ན། ཡུལ་གྱི་ཆ་ནས་བྱེས་པ་དང་། དུས་ཀྱི་ཆ་ནས་གཞུག་མ་གང་ཞིག་གིས་བལྟས་ཀྱང་ཕལ་བོ་ཆེ་ཡིས་སླ་མོར་གོ་ཐུབ་པས། ཕན་པ་ཤིན་ཏུ་ཆེའོ། །

མདོར་ན། རྩོམ་འདིར་རྒྱུ་མཚན་ཕྱོགས་ལྔ་ཙམ་གྱི་ངོས་ནས་བོད་ཀྱི་ཕྱིས་འབྱུང་བརྡ་སྤྲོད་རིག་པའི་འཕེལ་ཕྱོགས་དང་། དེ་ལ་ཇི་ལྟར་འཇུག་དགོས་ཚུལ་སྐོར་གླེང་བར་བྱ་བ་ལ། འགལ་འཁྲུལ་ནོངས་གསུམ་གྱི་ཆ་མཆིས་སྲིད་ན་མཁས་པ་རྣམས་ཀྱིས་སྐྱོན་བརྗོད་གནང་རྒྱུ་དང་། གོང་བཀོད་གནད་དོན་ཁག་ལ་རྣམ་ཀུན་ཐུགས་མཉམ་འཇོག་མཁན་སྐྱེས་བུ་ཞིག་ཡིན་ཚེ། འདི་དག་མ་ཟད་གཞན་གྱིས་གསུངས་པའི་ལེགས་བཤད་དག་ཀྱང་གཙིགས་འཛིན་ཤུགས་ཆེར་བྱས་ཏེ། བོད་ཀྱི་བརྡ་སྤྲོད་རིག་པ་འདི་དུས་ནམ་ཡང་རང་མི་རིགས་ཀྱི་བསམ་པའི་འདུ་ཤེས་དང་གཅིག་ཏུ་འབྲེལ་བའི་རིག་གཞུང་ཐུན་མིན་ཅན་ཞིག་ཏུ་འགྱུར་དུ་འཇུག་རྒྱུ་ནི་འུ་ཅག་གིས་ཅིས་ཀྱང་དང་དུ་ལེན་དགོས་པའི་ཟློག་མེད་ཀྱི་འགན་འཁྲི་ཉག་གཅིག་ཡིན་ནོ། །


* དཀའ་ཐུབ་ཚེ་རིང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

① དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999:289


② གླང་རི་བ་ཐུབ་བསྟན་སྦྱིན་པ། བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག [M] བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། 2010:36

③ ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003:129


④ དོར་ཞི་གདོང་དྲུག་སྙེམས་བློ། བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999:288

⑤ དཔའ་རིས་སངས་རྒྱས། བརྡ་སྤྲོད་གསལ་བྱེད་ངག་སྒྲོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998:222

⑥ གླང་རི་བ་ཐུབ་བསྟན་སྦྱིན་པ། བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག [M] བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། 2010:222

⑦ ལྕགས་ཐར་རྒྱལ། བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000:4


⑧ ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003:6


⑨ རྗེ་བཙུན་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984:453

⑩པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002:84

ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003:75


དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། (ཇ) [M] མི་རིགས་དཔེ་སྐྲུན་ཁང་། 2004:278

དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [G] མི་རིགས་དཔེ་སྐྲུན་ཁང་། 2005:72


ཁྲི་བསམ་གཏན། སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005:324

ཁྲི་བསམ་གཏན། སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005:325

དཔའ་རིས་སངས་རྒྱས། བརྡ་སྤྲོད་གསལ་བྱེད་ངག་སྒྲོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998:2


དམུ་དགེ་བསམ་གཏན། བརྡ་སྤྲོད་བློ་གསལ་དགའ་སྟོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006:5

ལྕགས་ཐར་རྒྱལ། བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008:47


དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། (ཇ) [M] མི་རིགས་དཔེ་སྐྲུན་ཁང་། 2004:276


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1