《སློབ་མའི་བསླབ་བྱ》དང《ས་སྐྱ་ལེགས་བཤད》 གཉིས་ཀྱི་བསམ་བློའི་རིན་ཐང་གླེང་བ།
སངས་རྒྱས་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25
[གནད་བཏུས] མི་རིགས་གང་ཡིན་ཡང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་མི་ཆོས་བསམ་བློའི་རིན་ཐང་གང་ལེགས་སྒོས་འཛིན་སྐྱོང་སྤེལ་གསུམ་བྱས་ན། སྤྱི་ཚོགས་སློབ་གསོར་ཡར་སྐུལ་གྱི་ནུས་པ་ཐོན་པ་དང་། ཀུན་སྤྱོད་ཚད་གཞི་ཇེ་མཐོར་འགྲོ་བར་ནུས་པ་གལ་ཆེན་ཡོད་པས། རྩོམ་འདིར་ལེགས་བཤད་དེ་གཉིས་ཀྱི་བསམ་བློའི་རིན་ཐང་དང་དགེ་མཚན་ཅུང་ཙམ་གླེང་ཡོད།
[གནད་ཚིག] སློབ་མའི་བསླབ་བྱ། ས་སྐྱ་ལེགས་བཤད། བསམ་བློའི་རིན་ཐང་།
དང་པོ། ལེགས་བཤད་གཉིས་ཀྱི་མཚམས་སྦྱོར།
གཅིག 《སློབ་མའི་བསླབ་བྱ》དང་ལི་ཡུས་ཞིའུ།
ང་ཚོས་བརྩམས་ཆོས་གང་རུང་ཞིག་གི་བསམ་བློའི་ནང་དོན་ལ་ཅུང་ཟད་གླེང་དགོས་ན་ཐོག་མར་བརྩམས་ཆོས་དེའི་རྩོམ་པ་པོར་དཔྱད་དགོས་པ་ཞིག་རེད། རྩོམ་པ་པོའི་ལོ་རྒྱུས་དང་བསམ་བློའི་འགྱུར་ལྡོག རིག་གནས་ཁོར་ཡུག་དང་ཆོས་ལུགས་དད་མོས། སྐབས་དེའི་འཚོ་བཞེས་དུས་སྐབས་དང་སྤྱི་ཚོགས་ཀྱི་རྣམ་པ་བཅས་གླེང་དགོས་པ་ནི་དགོས་གལ་ཆེ་བ་རེད། 《སློབ་མའི་བསླབ་བྱ》ཞེས་པ་འདིར་ཐོག་མར《ལེགས་པར་འདོམས་པའི་བསྟན་བཅོས》ཞེས་མཚན་བྱང་བཀོལ་ཡོད། འདི་ནི་ཆིང་གོང་མ་ཁང་ཞིའི་རིང་གི་སྙན་གྲགས་ཅན་གྱི་སློབ་གསོ་པ་ཆེན་མོ་ལི་ཡུས་ཞིའུ(1647-1729)ཞེས་འབོད་པས་བརྩམས་ཤིང་། ཕྱིས་སུ་ཅ་ཚུན་རེན་གྱིས་ཞུ་དག་མཛད་དེ་སློབ་མའི་བསླབ་བྱའམ་སློབ་བུའི་བསྲུང་བྱ་ཞེས་པར་བསྒྱུར་ཅིང་གཏན་ལ་ཕབ། གཞུང་འདིའི་ནང་དོན་ནི་ཁུང་ཙིའི་གསུང་སྒྲོས་ནང་གི་ལེའུ་དང་པོ་བསླབ་པ་ཞེས་པ་ལས་སློབ་བུ་དག་ཁྱིམ་ལ་སླེབས་ཚེ་སྲི་ཞུ་དང་ཕྱི་ལ་ཕྱིན་ཚེ་བཀུར་སྟི། སྤྱོད་པ་གཟབ་ཅིང་བློ་བརྟན་པ། ཀུན་ལ་བྱམས་ཤིང་དམ་པར་བསྟེན་པ། འཚར་ལོངས་བྱུང་ཚེ་རིག་གནས་བསླབ་པར་བྱ་ཞེས་བརྗོད་པའི་ཚིག་དོན་ལྟར་ཚེག་བར་གསུམ་རེས་ཚིག་རྐང་རེ་དང་། ཚིག་རྐང་རེས་དོན་རེ་རྫོགས་པའི་ཚུལ་ལྟར་བརྩམས་པ་ཞིག་ཡིན།
གཉིས། 《ས་སྐྱ་ལེགས་བཤད》དང་ས་པཎ།
ཆོས་རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་ནི་རབ་བྱུང་གསུམ་པ་ཆུ་སྟག་སྤྱི་ལོ༡༡༨༢ལོར་ཡབ་འཁོན་དཔལ་ཆེན་འོད་པོ་ཆེ་དང་ཡུམ་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ཉིད་སྐུ་ན་ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང་། རྗེས་སུ་ཁུ་བོ་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ནས་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ། ཁོང་གིས་གཞོན་ནུའི་དུས་ནས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རིས་མེད་དུ་བསྟེན་པ་དང་། ཁྱད་པར་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་ས་སྐྱ་གོང་མའི་གསུང་གི་ཉིང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པར་གསན་ཞིང་། དགུང་ལོ་ཉེར་གསུམ་ནས་ཁ་ཆེ་པཎ་ཆེན་མཁན་སློབ་ཀྱི་མདུན་ནས་སྒྲ་ཚད་བཟོ་གསོ་ནང་དོན་རིག་པ། སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར་དང་ཟློས་གར། སྐར་རྩིས་སོགས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐིལ་ཕྱིན་མཛད་དེ་པཎྜིི་ཏའི་མཚན་སྙན་ཐོབ་པ་མ་ཟད། བོད་ཀྱི་པཎྜིི་ཏའི་ཐོག་མ་ཡིན་པར་བཤད། རྒྱལ་དབང་ལྔ་པ་ཆེན་མོས་ཀྱང་རྗེ་འདི་པར་བོད་འདིར་གནས་ལྔ་རིག་པའི་སྲོལ་བྱུང་བ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་བསྔགས་བརྗོད་ཆེན་པོ་གནང་བ་མཁས་པའི་ངག་རྒྱུན་དུ་ཡོད། དགུང་ལོ་རེ་གསུམ་པ་སྤྱི་ལོ༡༢༤༤ལོར་ཧོར་རྒྱལ་པོ་གོ་དན་གྱི་གདན་དྲངས་པ་བཞིན་ཁོང་དང་ཁོང་གི་སྐུ་ཚ་འགྲོ་མགོན་འཕགས་པ། ཕྱག་ན་རྡོ་རྗེ་བཅས་ལང་གྲུར་བྱོན།①སྤྱི་ལོ༡༢༤༦ལོར་ཧོར་གྱི་རྒྱལ་ས་ལང་གྲུར་ཕེབས་འབྱོར་བྱུང་། བོད་ས་གནས་དང་མེས་རྒྱལ་གོང་བུར་གཅིག་གྱུར་ལ་བྱས་རྗེས་བླ་མེད་བཞག རབ་བྱུང་བཞི་པའི་ལྕགས་ཕག་སྤྱི་ལོ༡༢༥༡ལོར་དགུང་ལོ་བདུན་ཅུར་ཕེབས་སྐབས་ལང་གྲུ་རུ་སྐུ་གཤེགས།
གསུམ། བརྩམས་ཆོས་གྲུབ་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས།
གང་ཞིག་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱེད་སྐབས་དེ་ལོ་རྒྱུས་ཀྱི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་འཁྱེར་དགོས་པ་རེད། ལོ་རྒྱུས་དཔྱད་གཞིར་འཁོད་པ་ལྟར་ན། 《སློབ་མའི་བསླབ་བྱ》ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་དུས་སུ་བྱུང་ཞིང་། སྐབས་དེར་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་སྟེ་རྣམ་པ་གསར་བའི་མཐོ་རླབས་ཤིག་འཕྱུར་བཞིན་པའི་སྒང་ཡིན་ལ། ཀྲུང་གོའི་ལོ་རྒྱུས་སུ་སྔར་མེད་ཀྱི་འོད་སྟོང་འབར་བའི་རྫོགས་ལྡན་གྱི་དུས་རབས་ཤིག་ཡིན། 《སློབ་མའི་བསླབ་བྱ》ནི་སྐབས་དེར《ལེགས་པར་འདོམས་པའི་བསྟན་བཅོས》ཞེས་བཏགས་པ་རེད། བརྩམས་ཆོས་འདིའི་ལོ་རྒྱུས་ཡུན་རིང་ལ་གཏིང་ཟབ་པས། ད་ལྟའི་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ཁྲོད་དུ་མི་གཞི་གསོ་སྐྱོང་གི་ཕྱི་མོ་ལྟ་བུར་གྱུར་པའི་བསྟན་བཅོས་སུ་བསྔགས།
ས་པཎ་འཚོ་བཞུགས་ཀྱི་དུས་སྐབས་ནི་བོད་སིལ་བུར་གནས་པའི་དུས་ཡིན་ལ། དུས་རབས་བཅུ་གསུམ་པའི་སྔ་རྗེས་སུ་ས་གནས་སོ་སོའི་ཕན་ཚུན་བར་གྱི་འཐབ་རྩོད་སྔར་བས་ཛ་དྲག་ཏུ་སོང་བ་དང་། དེ་བཞིན་སོག་རིགས་ཚོ་བ་ཁག་གཅིག་གྱུར་གྱི་སྲིད་དབང་བཙུགས་ཏེ། མཐའ་འཁོར་གྱི་མི་རིགས་མང་པོར་དབང་སྒྱུར་བྱས། ས་པཎ་ཀུན་དགའ་རྒྱལ་མཚན་ནི་ས་སྐྱ་པའི་གྲུབ་མཐའི་བདག་པོ་ཡིན་ཞིང་། རིག་པའི་གནས་མཐའ་དག་ཁོང་དུ་ཆུད་པའི་མཁས་པའི་དབང་པོ་ཞིག་ཡིན་པས། མི་དམངས་ཀྱི་བསམ་འདུན་དང་སྔར་ཡོད་ཆོས་ལུགས་རིག་གནས་ཀྱི་རྨང་གཞི། རྩོམ་པ་པོ་རང་ཉིད་ཀྱི་ལྟ་ཚུལ་རྣམས་ལེགས་བཤད་ཀྱི་རྣམ་པར་བརྟེན་ནས་བརྩམས་ཡོད།
མདོར་ན་ས་པཎ་གྱིས་སྐྱེ་འགྲོ་ཀུན་ལ་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་བླང་དོར་གྱི་གནས་ལུགས་ཟབ་མོ་བསྟན་ཡོད་པས། དུས་རབས་རིམ་བྱུང་གི་བོད་རིགས་མི་དམངས་རྣམས་ཀྱིས་ཇི་ལྟར་འཇིག་རྟེན་པའི་ལུགས་ལ་འཇུག་དགོས་པའི་ཚུལ་བསྟན་ནས་ཡ་རབས་གཞུང་དྲང་གི་མི་གཞི་ཆགས་པ་དང་སྤྱི་ཚོགས་ཡར་ཐོན་ལ་གལ་ཆེའི་ནུས་པ་ཐོན་ཡོད་པར་མ་ཟད། ཕྱིས་ཀྱི་རྩོམ་རིག་དང་ཁྱད་པར་དུ་ལེགས་བཤད་གསར་རྩོམ་ལ་ནུས་པ་བླ་ལྷག་ཏུ་བཏོན་ཡོད་པ་རེད། སྔར་ནས་ད་བར་དུ《ས་སྐྱ་ལེགས་བཤད》ཅེས་བརྗོད་ཚེ་རྣམ་དཔྱོད་དང་ལྡན་པ་ཀུན་གྱིས་མ་རྟོགས་པ་མེད་ཅིང་། དེས་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པས་བོད་ཀྱི་ལེགས་བཤད་རྩོམ་རིག་ཁྲོད་ཀྱི་གཙུག་རྒྱན་ལྟ་བུར་གྱུར་ཡོད།②ཅེས་གསུངས་ཡོད།
བཞི། བསྟན་བཅོས་ཀྱི་གྲངས་ཚད།
དེ་ཡང《སློབ་མའི་བསླབ་བྱ》ཡི་བསྟན་དོན་རྣམས་མདོར་བསྒྲིལ་ན། ནང་དུ་ཕ་མར་སྲི་ཞུའི་སྐོར་དང་། རྒན་ལ་གུས་བཀུར་གྱི་སྐོར། བག་ཡོད་ཚུལ་མཐུན་གྱི་སྐོར། ཡིད་རྟོན་དྲང་བདེན་གྱི་སྐོར། ཀུན་ལ་བྱམས་སྐྱོང་གི་སྐོར། སྐྱེས་བུ་དམ་པ་བསྟེན་པའི་སྐོར། ཤེས་རིག་གཞན་བསླབ་པའི་སྐོར་བཅས་ཡིག་འབྲུ༡༠༨༠ཡོད། དེས་དོན་སྤྱོད་ལམ༡༠༨ཞིབ་འབྲི་བྱས་པ་ལ་བརྟེན་ནས་ཕྲ་ཞིང་ཞིབ་པའི་སྒོས་ང་ཚོར་མི་ཆོས་སྐྱོང་ཚུལ་དང་ཡ་རབས་ཚུལ་ལྡན་བྱེད་པར་སློབ་གསོ་དང་སྐུལ་མ་བྱས་ཡོད།《ས་སྐྱ་ལེགས་བཤད》ལས་མཁས་པ་བརྟག་པ་དང་ཡ་རབས་བརྟག་པ། བླུན་པོར་བརྟག་པ། སྤེལ་མར་བརྟག་པ། ངན་སྤྱོད་བརྟག་པ། རང་བཞིན་བརྟག་པ། བྱ་བ་བརྟག་པ། མི་རིགས་པའི་ཚུལ་བརྟག་པ། ཆོས་བརྟག་པ་སྟེ་རབ་བྱེད་དགུའི་བདག་ཉིད་ཅན་ཞིག་ཡིན་ལ་དེར་བསྡོམས་པས་ཤོ་ལོ་ཀ༤༥༧ཡོད།③རབ་བྱེད་རེ་རེས་བརྗོད་བྱའི་དོན་ཟབ་མོ་རེ་ལྷུག་པར་བརྗོད་དེ་ང་ཚོ་སྐྱེ་བོ་སུ་དང་གང་ཡིན་རུང་འཇིག་རྟེན་མི་ཆོས་ཀྱི་གནས་ལུགས་གཏིང་ཟབ་པའི་སྒོ་ནས་བསྟན་ཏེ། ལས་དང་བྱ་བ་གང་ལའང་ལེགས་ཉེས་བླང་དོར་ཤེས་ནས་འཇུག་དགོས་པའི་སློབ་གསོ་དང་སྐུལ་མ་བྱས་ཡོད།
གཉིས་པ། བསྟན་བཅོས་དེ་གཉིས་ལས་བསྟན་པའི་བསམ་བློའི་རིན་ཐང་།
《སློབ་མའི་བསླབ་བྱ》ལྟ་བུར་མཚོན་ན་སྤྱིའི་སྡོམ་ཚིག་དང་བཅས་ལེའུ་བརྒྱད་ཀྱི་སྟེང་ནས་མི་ཆོས་ཀྱི་གནས་ལུགས་བསྟན་ཡོད་ལ། དེ་ཡང་སློབ་མའི་བསླབ་བྱ་ལས། སློབ་མའི་བསླབ་བྱ་འདི། ། འཕགས་པའི་སྐྱེ་བོའི་གསུངས། ། སྲི་ཞུ་གུས་བཀུར་དང་། ། བག་ཡོད་ཡིད་རྟོན་བྱ། །ཀུན་ལ་བྱམས་པས་སྐྱོང་། ། བཤེས་གཉེན་དམ་པ་བསྟེན། །ད་དུང་སྒྲུབ་ནུས་ན། ། ཤེས་བྱ་གཞན་ཀྱང་སློབ། །④ཅེས་སྤྱིའི་སྡོམ་ཚིག་གི་ཚུལ་དུ་བཀོད་དེ་གཞུང་ཧྲིལ་བོ་ངོ་བོ་ངེས་བསྟན་གྱི་རྣམ་པར་གསལ་བོར་བཀོད་ཡོད། དེའི་འཕྲོར་ལེའུ་བདུན་བཀོད་ནས་རེ་རེའི་དོན་མི་འདྲ་བའམ་གནས་ལུགས་མི་འདྲ་བ་བརྗོད་དེ། མི་རྣམས་ལ་ཇི་ལྟར་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་པའི་གནས་ལུགས་བརྗོད་དེ་མི་གཤིས་བཟང་པོ་ཆགས་སུ་འཇུག་དགོས་པར་རེ་སྐུལ་བྱས་ཡོད། 《ས་སྐྱ་ལེགས་བཤད》ཀྱང་དེ་བཞིན་རབ་བྱེད་དམ་ལེའུ་དགུ་ཡི་སྒོ་ནས་འཇིག་རྟེན་གྱི་འགྲོ་བ་མི་ཞིག་ཡིན་ཕྱིན་རང་གི་བསྲུང་བྱ་དེ་བརྩི་སྲུང་བྱས་པ་བརྒྱུད། མི་ཚེ་བརྒྱུད་རིམ་ཁྲོད་ཡང་དག་པའི་ལྟ་བར་འཇུག་དགོས་ཚུལ་དང་། ལས་དང་བྱ་བ་གང་ལའང་བླང་དོར་གྱི་ཆ་ལ་མི་རྨོངས་པའི་གལ་ཆེའི་རང་བཞིན་བརྗོད་ཡོད། སྤྱི་ཚོགས་ཀྱི་དུས་བབ་དང་བསྟུན་ནས་ཐུན་མོང་མ་ཡིན་པའི་བསམ་བློ་དང་མི་ཆོས་ཀུན་སྤྱོད་ཀྱི་གནས་ལུགས་བསྟན་ཡོད།
གཅིག རྒན་བཀུར་གཞོན་གཅེས་ཀྱི་ཀུན་སྤྱོད་ལྡན་དགོས་ཚུལ།
མི་དང་མིའི་བར་ཕན་ཚུན་བརྩི་འཇོག་དང་ཁས་ལེན་དགོས་པའི་སྐོར་ནས《སློབ་མའི་བསླབ་བྱ》དང་《ས་སྐྱ་ལེགས་བཤད》གཉིས་ཀྱི་ནང་དུ་རིགས་རུས་དང་ལོ་ན། ཡོན་ཏན་དང་རྒྱུ་ནོར། ཀུན་སྤྱོད་བཅས་རང་ལས་མཐོ་བ་དང་རྒན་པ་དག་ལ་ལུས་ངག་ཡིད་གསུམ་གྱིས་བརྩི་འཇོག་གུས་བཀུར་དང་རང་ལས་དམན་པ་དང་ཞན་པ་རྣམས་ལ་བྱམས་ཀྱིས་སྐྱོང་དགོས་པའི་ཚུལ་བསྟན་ཡོད། འོག་ཏུ་མཚོན་ཙམ་དུ་རེ་གཉིས་གསལ་སྟོན་བྱས་ན། སློབ་མའི་བསླབ་བྱའི་མི་ཆོས་ཀྱི་བསམ་བློའི་སྒྲིག་གཞི་ནི“སྲི་ཞུ་དང་བརྩི་འཇོག”གི་ཀུན་སྤྱོད་ལས་མགོ་བརྩམས་ཡོད་ལ།“སྲི་ཞུ། བརྩི་འཇོག བློ་དཀར། ཡིད་རྟོན། གུས་ལུགས། བདེན་ལུགས། སྤྱོད་གཙང་། ངོ་ཚ།”བཅས་བརྒྱད་པོ་འདི་རུའུ་ལུགས་པའི་མི་ཆོས་ཀུན་སྤྱོད་ཀྱི་རྩ་དོན་ལྟ་བུ་ཡིན། རུའུ་ལུགས་པའི་རྩ་བའི་བསམ་བློ་དེ་ཡང“བྱམས་བརྩེ་དང་དྲང་བདེན”གཉིས་ལས་མཚོན་པར་བྱས་ཡོད། གནས་ལུགས་འདི་དག་སློབ་མའི་བསླབ་བྱ་ཡི་ནང་དུ་མང་པོ་བསྟན་ཡོད་པ་སྟེ་དཔེར་ན། ལེའུ་དང་པོའི་ནང་དུ་ཕ་མར་སྲི་ཞུའི་སྐོར་ལས།“ཕ་མས་འབོད་པའི་དུས། ། མྱུར་དུ་ཨ་ལན་བྱ། ། ཕ་མས་མངག་པའི་ལས། ། ཕྱིར་འགྱངས་མེད་པར་བསྒྲུབ། །”ཅེས་ཁ་གསལ་བའི་སྒོ་ནས་ཕ་མས་མངག་བཅོལ་གྱི་ལས་ཇི་ལྟར་བསྒྲུབ་དགོས་པར་བསྟན་ཡོད། དེ་མིན“ཕ་མའི་ཉེས་སྐྱོན་ལ། ། ཞི་དུལ་འཛུམས་མདངས་བཅས། ། འཇམ་པོའི་ངག་ཚིག་གིས། །བསྐུལ་ཏེ་བཅོས་པར་བྱ ། །”ཞེས་ཕ་མ་ལ་ཉེས་སྐྱོན་ཇི་ལྟར་བསྒྱུར་བཅོས་གཏོང་དགོས་པའི་ཐབས་བསྟན་ཡོད། ད་དུང་ཡང་རྒན་བཀུར་ཆུང་བྱམས་སྐོར་ལ“རྒན་པ་བཞེངས་པའི་དུས། ། གཞོན་པ་འདུག་མི་རུང་། ། རྒན་པ་བཞུགས་པའི་རྗེས། ། གནང་ན་གཟོད་ནས་འདུག །”ཅེས་རྒན་གཞོན་མཉམ་དུ་གནས་སྐབས་ཀྱི་གུས་ལུགས་ཀྱི་སྤྱོད་པ་བསྟན་ཡོད་ལ།“ཕུ་བོས་ནུ་བོ་སྐྱོང་། ། ནུ་བོས་ཕུ་བོར་གུས། ། ཕུ་ནུ་ནང་མཐུན་ན། ། ཕ་མའི་སྲི་ཞུ་ལགས། །”ཞེས་ཕུ་ནུ་མིང་སྲིང་ཕན་ཚུན་མཉམ་གནས་ཀྱི་གུས་ལུགས་དང་ཆེ་བཀུར་ཆུང་བྱམས། རང་དང་མཉམ་པ་ལ་མཛའ་མཐུན་བྱེད་པ་ནི་ཤིན་ཏུ་གལ་ཆེ་བའི་སྐོར་སློབ་སྟོན་གནང་ཡོད།དེ་བཞིན《ས་སྐྱ་ལེགས་བཤད》ནང་དུ་ཡོན་ཏན་རང་ལས་མཐོ་བའི་སྐྱེ་བོ་ཚང་མ་ལ་བསྟེན་དགོས་ཚུལ་དཔེར་ན།“ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། ། མ་བསྡུས་པར་ཡང་རང་ཉིད་འདུ། ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །
བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །”⑤ཞེས་ཡོན་ཏན་གྱི་རང་བཞིན་དེས་སྐྱེ་བོ་རྣམས་ཀྱི་ཡིད་དབང་མེད་དུ་འཕྲོག་པ། དྲི་ཞིམ་པའི་མེ་ཏོག་ལ་བུང་བ་རྣམས་སྤྲིན་གྱི་ཚོགས་བཞིན་འཁོར་བའི་དཔེ་དང་སྦྲགས་ནས་བསྟན་ཏེ། དེའི་ཤུགས་ནས་ངེས་པར་དུ་ཤེས་བྱ་ཡོན་ཏན་སློབ་དགོས་པའི་གནས་ལུགས་བསྟན་ཡོད།“ཡོན་ཏན་ཅུང་ཟད་བསླབ་པའི་མི། ། སུ་ཞིག་གིས་ནི་བསྟེན་པར་ནུས། ། ཆུས་ཕྱེད་གང་བའི་བུམ་པ་དེ། ། མགོ་ལ་འཁུར་བ་སུ་ཡིས་ནུས། །”ཞེས་ཡོན་ཏན་ཅུང་ཟད་ཙམ་གྱིས་ཡིད་ཚིམ་མི་རིགས་པར་བསྟན་ཡོད།“ཡོན་ཏན་ལྡན་པ་མི་བཀུར་བའི། ། གནས་དེར་མཁས་པ་སུ་ཞིག་སྡོད། །ཆུ་ཤེལ་མེ་རྡོར་བྱེད་པ་ཡི། ། ཡུལ་དེར་ཆུ་ཤེལ་འཚོང་ངམ་ཅི། །”ཞེས་པ་ལྟ་བུ་དང་། གཞན་ཡང་། “དམན་པས་སྐྱེ་བོ་མཆོག་བསྟེན་ན། ། སྐྱེ་བོ་དམ་པའི་སྤྱོད་པ་འབྱུང་། ། གླ་རྩིས་བྱུགས་པའི་གང་ཟག་ལ། ། གླ་རྩིའི་དྲི་ཞིམ་འབྱུང་ལ་ལྟོས། །”ཞེས་སྐྱེ་བོ་དམན་པས་རང་སྐྱེ་བོ་དམན་པ་ཡིན་པ་ངོས་ཟིན་པའི་སྒོ་ནས་སྐྱེ་བོ་མཆོག་བསྟེན་ན་སྐྱེས་བུ་དམ་པའི་སྤྱོད་པ་འབྱུང་སྲིད་པ་གསུངས་ཡོད།“དམ་པ་རྒྱང་ན་གནས་ན་ཡང་། ། འཁོར་འདབ་ཕན་པས་རིང་ནས་སྐྱོང་། །མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། ། ས་ཡི་ལོ་ཏོག་ཁྱད་པར་འཕེལ། །”ཞེས་སྐྱེས་བུ་དམ་པ་ནི་རྒྱང་ཉེ་རིང་ལ་མ་ལྟོས་པར་འཇིག་རྟེན་ལ་ཕན་པ་ཆེན་པོ་ཡོད་པ་བསྟན། གོང་བཀོད་ཀྱི་དཔེ་འདི་དག་ལས་རྒྱ་བོད་མི་རིགས་གང་འདྲ་ཞིག་ཡིན་ཡང་རྒན་བཀུར་གཞོན་གཅེས་ཀྱི་སྲོལ་བཟང་པོ་དེ་ཀུན་གྱིས་ཁས་ལེན་དང་རྒྱུན་འཛིན་བྱ་རྒྱུ་ནི་མི་རིགས་གང་ཡིན་ཡང་ཡ་རབས་ཚུལ་ལྡན་ཞིག་ཏུ་འགྱུར་ཐུབ་མིན་གྱི་འགག་རྩ་དང་རྨང་རྡོ་རུ་གྱུར་ཡོད་པ་རྟོགས་ཐུབ།
གཉིས། གཞུང་བཟང་དྲང་བདེན་གྱི་ཀུན་སྤྱོད་དགོས་ཚུལ།
མི་སུ་དང་སུ་ཡིན་རུང་གཞུང་བཟང་དྲང་བདེན་གྱི་གཤིས་སྤྱོད་ལྡན་དགོས་པ་ནི་དཔེར་ན། 《སློབ་མའི་བསླབ་བྱ》ལས་ཡིད་རྟོན་དྲང་བདེན་དང་ཀུན་ལ་བྱམས་སྐྱོང་བྱེད་དགོས་པའི་ཚུལ་དུ།“སྐད་ཆ་གང་བཤད་ཀྱང་། ། དྲང་བདེན་ཡིད་རྟོན་གཙོ། ། རྫུན་དང་གཡོ་སྒྱུའི་ཚིག།། ནམ་ཡང་སྨྲ་མི་བྱ། །”ཞེས་དང་།“རང་སྐྱོན་བཅོས་གྱུར་ན། ། ཡོན་ཏན་འཕེལ་བར་འགྱུར། ། རང་སྐྱོན་བཀབ་གྱུར་ན། ། ཉེས་པ་ཇེ་ཆེར་འགྲོ། །”ཞེས་སྐད་ཆ་ལ་དྲང་བདེན་དང་རང་སྐྱོན་ལ་བཅོས་སྒྱུར་དགོས་པའི་གནས་ལུགས་བསྟན་ཡོད། ད་དུང“གང་ཟག་སུ་ཡིན་ཡང་། །
ངེས་པར་བྱམས་པས་སྐྱོང་། ། ས་སྟེང་གནམ་འོག་ན། །མཉམ་དུ་གནས་པས་སོ། །”ཞེས་འཇིག་རྟེན་མཉམ་གནས་ཀྱི་ལྟ་བ་བསྟན་ཡོད།དེ་ཡང《ས་སྐྱ་ལེགས་བཤད》ལས་མི་དང་མིའི་བར་ཕན་ཚུན་བསླུ་བྲིད་བྱེད་པའི་སྤྱོད་སྟངས་ངན་པ་དང་ལྷག་པར་དུ་གཡོ་སྒྱུ་དང་བརྣབ་སེམས། གནོད་སེམས་ཆེ་བའི་སྐྱེ་བོ་ངན་པ་རྣམས་ཀྱིས་ཕན་གདགས་པ་ལ་དྲིན་གཟོ་བྱེད་མི་ཤེས་པ་དང་། བཟང་ལན་བཟང་གིས་མི་འཇལ་བ། རྫུན་དང་ཕྲ་མ་ཡི་ལས་ཁོ་ནར་འཇུག་པ་སོགས་ནི་ཐ་མར་རང་ཉིད་བརླག་བྱེད་ཀྱི་ངན་མཚང་ཕྱི་རུ་ཕྱུང་ནས། རྣམ་པ་ཀུན་ཏུ་དྲང་བོོ་དྲང་བཞག་དང་ཡ་རབས་ཚུལ་ལྡན་བྱེད་དགོས་པའི་གནས་ལུགས་ཟབ་མོར་བསྟན་ཡོད་དེ།“གཡོ་ཅན་བཟང་པོའི་ཚུལ་བཟུང་ན། ། ཕྱི་ནས་དོན་ལ་སླུ་བ་ཡོད། ། རི་དྭགས་རྔ་མ་བསྟན་ནས་ནི། ། ཁྲེལ་འདས་བོང་བུའི་ཤ་དག་འཚོང་། །” ཞེས་གཡོ་སྒྱུ་དང་ཁྲམ་པའི་གཤིས་སྤྱོད་ལ་མཚང་འབྱིན་བྱས་ཡོད་ལ།“ཧ་ཅང་གཡོ་སྒྱུ་མང་དྲགས་ན། ། རེ་ཞིག་གྲུབ་ཀྱང་ཐ་མར་བརླག།། གཟིག་ལྤགས་བཀབ་པའི་བོང་བུ་ཡིས། ། ལོ་ཏོག་ཟོས་མཐར་གཞན་གྱིས་བསད། །”ཅེས་གཡོ་སྒྱུ་དང་ཧམ་སེམས་ཀྱིས་ཐ་མར་རང་ཉིད་བརླག་པར་འགྱུར་ངེས་ཀྱི་གནས་ལུགས་གསུངས་ཡོད། མདོར་ན་བསྟན་བཅོས་འདི་གཉིས་ལས་ང་ཚོར་དུས་ནམ་རྒྱུན་ཡ་རབས་ཚུལ་ལྡན་གྱི་ལས་ལ་འཇུག་དགོས་པའི་སྐུལ་མ་བཏང་ཡོད།
གསུམ། རང་སྐྱོན་ངོས་ལེན་དང་བག་ཡོད་ཚུལ་མཐུན་བྱེད་པ།
མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ། ཅེས་པའི་དཔེ་ལྟར་ང་ཚོ་མི་སུ་ཡིན་རུང་སྐྱོན་གཏན་ནས་མེད་པ་ནི་མི་སྲིད་པ་ལྟ་བུ་ཡིན་ཡང་། སྐྱོན་དེ་དུས་ཐོག་ཏུ་ངོས་ལེན་དང་ཡོ་བསྲང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་བས་བསྟན་བཅོས་འདི་གཉིས་པོའི་ནང་དུ་རང་རང་གིས་རང་སྐྱོན་ངོས་ལེན་དང་བསྒྱུར་བཅོས་བྱས་ཏེ། ཕྱིས་མི་འབྱུང་བར་བག་ཡོད་བྱེད་དགོས་པར་བསྟན་པ་དཔེར་ན། 《སློབ་མའི་བསླབ་བྱ》ལས།“གཞན་སྐྱོན་མཐོང་བའི་ཚེ། ། རང་ལ་ཡོད་མེད་བརྟག།། རང་སྐྱོན་ཡོད་ན་བཅོས། ། མེད་ན་བག་ཟོན་བྱ། །”ཞེས་རང་སྐྱོན་བརྟག་པའི་ཐབས་བསྟན་ཡོད་ལ།“རང་སྐྱོན་བཅོས་གྱུར་ན། ། ཡོན་ཏན་འཕེལ་བར་འགྱུར། ། རང་སྐྱོན་བཀབ་གྱུར་ན། ། ཉེས་པ་ཇེ་ཆེར་འགྲོ། །”ཞེས་རང་གི་སྐྱོན་ལ་ངོས་ཟིན་བྱས་ཏེ་བསྒྱུར་བཅོས་བྱས་ན་ལེགས་པའི་ཡོན་ཏན་གོང་དུ་འཕེལ་བར་འགྱུར་བར་གསུངས་ཡོད།གཞན《ས་སྐྱ་ལེགས་བཤད》ལས་དེ་དང་མཐུན་པ་ལ“བདག་ཉིད་དཔོན་དུ་བསྐོས་གྱུར་ན། ། དེ་ཡི་བྱ་བ་ཤེས་པ་དཀོན། ། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། ། རང་ཉིད་བལྟ་ན་མེ་ལོང་དགོས། །”ཞེས་རང་ཉིད་དཔོན་དུ་བསྐོས་པར་གྱུར་ནའང་རང་གི་སྐྱོན་ལ་བརྟག་དགོས་པར་གསུངས་ཡོད་ལ།“སྐྱེས་མཆོག་རང་གི་སྐྱོན་ལ་བལྟ། ། སྐྱེ་བོ་ངན་པ་གཞན་སྐྱོན་འཚོལ། །རྨ་བྱ་རང་གི་ལུས་ལ་རྟོག།། སྲིན་བྱའི་གཞན་ལ་ལྟས་ངན་གཏོང་། །”ཞེས་རང་སྐྱོན་ལ་བརྟག་པ་ནི་སྐྱེ་བོ་མཆོག་གྱུར་ཞིག་ཏུ་འགྱུར་བའི་མན་ངག་ཡིན་པར་གསུངས་ཡོད། དེ་བས་བསྟན་བཅོས་གཉིས་ཀས་མི་གཞི་སློབ་གསོའི་སྐྱོན་ཡོན་གཉིས་ལ་བརྟག་དཔྱད་ནན་མོ་བྱས་ཏེ། རང་མཐོ་རང་ཆེ་ཡི་བསམ་བློ་དེ་གཞི་ནས་འདོར་དགོས་པར་གསུངས་ཡོད།
ང་ཚོ་རྒྱ་བོད་མི་རིགས་གང་ཡིན་ཡང་ཤེས་བྱ་ཡོན་ཏན་མཐོང་ཆེན་བླ་མེད་མཛད་ཀྱིན་ཡོད། ཤེས་རིག་ནི་མ་རིག་མུན་པ་སེལ་བའི་སྒྲོན་མེ་དང་འགྲོ་བ་ཀུན་གྱི་ཤེས་རིག་གི་བློ་སྨིན་པར་བྱེད་པའི་རྒྱུ་ལྟ་བུ་ཡིན། དེ་བས་བསྟན་བཅོས་གཉིས་ཀྱི་ནང་རང་གི་དཀའ་བ་ཁྱད་བསད་དང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་ཚུལ་བསྟན་ཡོད། དཔེར་ན། 《སློབ་མའི་བསླབ་བྱ》ལས“ཡི་གེ་སློབ་པའི་སྐབས། ། གནད་གསུམ་ཚང་དགོས་ཏེ། ། སེམས་གཏད་མིག་གིས་བལྟ། ། ཁ་ནས་འདོན་པར་བྱ། །”ཞེས་ཤེས་བྱ་ཡོན་ཏན་སྦྱངས་སྐབས་ཀྱི་གནད་གསུམ་ཚང་བའི་སྒོས་བློ་རྩེ་གཅིག་སྒྲིམ་བྱ་དགོས་པར་བསྟན་ཡོད་པ་དང་།“སློབ་ཡུན་རིང་བ་དང་། ། སློབ་དུས་དམ་འཛིན་དང་། ། བརྩོན་འགྲུས་རྒྱུན་བསྐྱངས་ན། ། དཀའ་གནད་མ་ལུས་རྟོགས། །”ཞེས་དཀའ་སྤྱད་སྡུག་རུས་བྱེད་དགོས་པའི་གནས་ལུགས་གསུངས་ཡོད།《ས་སྐྱ་ལེགས་བཤད》ལས“མཁས་པ་སློབ་པའི་དུས་ན་སྡུག།། བདེ་བར་སྡོད་ལ་མཁས་མི་སྲིད། ། བདེ་བ་ཆུང་ལ་ཆགས་པ་དེས། ། ཆེན་པོའི་བདེ་བ་ཐོབ་མི་སྲིད། །”ཅེས་དང་།“རིག་པ་ནངས་པར་འཆི་ཡང་བསླབ། ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ། ནོར་ལ་རང་ཉིད་ལེན་པ་འདྲ། །”ཞེས་ཤེས་བྱ་ཡོན་ཏན་ཐོག་མར་སྦྱོང་དུས་སུ་སྡུག་རུས་བྱེད་དགོས་པ་དང་ནམ་ཡིན་ཡང་བརྩོན་སེམས་མ་ཉམས་སྒོས་སེམས་ཤུགས་བསྐྱེད་ནས་རིག་གནས་ཡོན་ཏན་སྦྱང་དགོས་པར་གསུངས་ཡོད།
གསུམ་པ། བསྟན་བཅོས་གཉིས་ཀྱི་ཁྱད་པར།
གོང་གི་བསྟན་བཅོས་གཉིས་ཀྱི་མི་ཆོས་བསམ་བློའི་དགོངས་པ་རྣམས་རགས་བསྡུས་སྒོས་དེ་གཉིས་ཀྱི་འདྲ་བའི་ཆ་དམིགས་སུ་བཟུང་ནས་བརྗོད་ཡོད། འདིར་སློབ་གསོའི་ཡར་སྐུལ་གྱི་ནུས་པ་ཆེན་པོ་ལྡན་པའི་བསྟན་བཅོས་འདི་གཉིས་ནི་མི་རིགས་མི་འདྲ་བ་དང་བསམ་བློའི་འབྱུང་ཁུངས་མི་འདྲ་བ། འདུ་ཤེས་འཛིན་སྟངས་མི་འདྲ་བ་བཅས་ལ་བརྟེན་ནས་བྱུང་བའི་ཐུན་མོང་མ་ཡིན་པའི་ཆ་ཡོད་པའང་སྨོས་མ་དགོས་པ་ཞིག་ཡིན། 《སློབ་མའི་བསླབ་བྱ》ནི་རྒྱའི་རུའུ་ལུགས་ལྟ་བ་གཞིར་བཟུང་ནས་བརྩམས་པ་ཡིན་གཤིས། གཙོ་བོ་ཁུང་ཙིས་རང་གཅུན་བློ་སྦྱོང་གི་ལྟ་བ་སྤེལ་ནས། རྒྱལ་སྲིད་བྱམས་ཀྱིས་སྐྱོང་བ་དང་། གནམ་འོག་བདེ་ལ་འགོད་པ། བཀུར་སྟི་དང་གཙིགས་འཛིན། དེ་མིན་ལས་རྒྱུ་འབྲས་སོགས་འཇིག་རྟེན་ཆོས་ཉིད་ལ་ལྡོག་ཐབས་མེད་པར་བརྗོད་ནས། དེར་རྒྱབ་འགལ་དང་གཏོར་བརླག་བྱེད་མི་རུང་བའི་ཚུལ་བཤད་ཡོད། 《ས་སྐྱ་ལེགས་བཤད》ཡིན་ན་རྒྱ་གར་རྩོམ་རིག་དང་། སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ཤན་ཤུགས་ཟབ་མོ་ཐེབས་ཡོད་པ་རེད། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་པ་དང་། སྐྱིད་སྡུག་ཆ་མི་སྙོམས་པའི་འགྲོ་བ་སོ་སོའི་བདེ་སྡུག་ཀྱང་རང་གི་སྔོན་བསགས་རྒྱུ་ལས་བྱུང་བ་དང་། གནས་ལུགས་ཀྱི་ཆ་ལ་མ་རྨོངས་པ་ཞིག་དགོས་པ་གཙོ་བོར་བཟུང་ཡོད།
བཞི་པ། བསྟན་བཅོས་དེ་གཉིས་ཀྱིས་མི་རིགས་གཉིས་ཀྱི་མི་ཆོས་བསམ་བློར་ཐེབས་པའི་ཤུགས་རྐྱེན།
སྤྱིར་ལས་དང་བྱ་བ་གང་ལ་འཇུག་ཀྱང་དེས་ཚད་ངེས་ཅན་ཞིག་ནས་སྐབས་བབ་དང་འབྲེལ་ནས་ཤུགས་རྐྱེན་རེ་ཐེབས་སྲིད་པ་རེད། དེ་ཡང་ལེགས་བཤད་བསྟན་བཅོས་འདི་གཉིས་ཀར་ཆ་མཚོན་ནས་བཤད་ན་རེ་རེ་ནས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་རེད། ལོ་འདི་འགའི་རིང་བོད་ཀྱི་ས་གནས་སོ་སོར་བོད་རང་གི་ལེགས་བཤད་བསྟན་བཅོས་ས་སྐྱ་ལེགས་བཤད་ལ་སློབ་སྦྱོང་བྱེད་པའི་ཞར་ལ་རུའུ་ལུགས་པའི་བརྩམས་ཆོས་གྲགས་ཅན་སློབ་མའི་བསླབ་བྱ་ལའང་སློབ་སྦྱོང་བྱེད་པའི་མགོ་བརྩམས་ཡོད། འདི་ཡང་གཙོ་བོ་བསྟན་བཅོས་གཉིས་ཀྱིས་སྤྱི་ཚོགས་དང་མི་ཚེའི་གནད་དོན་རབ་དང་རིམ་པ་ཞིག་ལ་ཡང་དག་པའི་ཐབས་དང་ཁ་ཕྱོགས་བསྟན་པ་དང་། དེ་མིན་ཇི་ལྟར་འཚོ་བའི་ཁྲོད་ཀྱི་དགེ་སྡིག་ཐམས་ཅད་ཐག་གཅོད་པར་མཛུབ་སྟོན་གྱི་ནུས་པ་ཐོན་བཞིན་ཡོད། གནའ་ནས་ད་བར་དུ་ང་ཚོས་འདི་གཉིས་ལས་བསྟན་པའི་མི་ཆོས་ཀུན་སྤྱོད་རྣམས་མ་ཉམས་གོང་སྤེལ་སྒོས་རྒྱུན་འཛིན་དང་སློབ་སྦྱོང་སྒོས་དེང་གི་དུས་འདིར་མིི་རིགས་སོ་སོའི་ཆེས་གཙིགས་སུ་བཀུར་བའི་མི་ཆོས་རིག་གནས་ཀྱི་བསྟན་བཅོས་གལ་འགངས་ཆེན་པོ་རེར་གྲུབ་ཡོད།
མཇུག་བསྡུ་བ།
དེ་ཡང་མི་རིགས་རང་གི་སྔོན་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དང་། གཞན་གྱི་ཕུལ་བྱུང་གཞུང་ལུགས་དང་བཅས་པར་སློབ་སྦྱོང་བྱེད་རྒྱུ་དང་། མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་བྱ་རྒྱུ་ནི་མིའི་རིགས་ཀྱི་འགན་འཁྲི་རང་ཡིན། དེ་ལྟར་ན་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་བར་མ་ཟད། རང་གི་མི་གཤིས་དེ་སྔར་བས་ཇེ་ལེགས་སུ་འགྱུར་བ་རེད། འདིར《སློབ་མའི་བསླབ་བྱ》དང《ས་སྐྱ་ལེགས་བཤད》གཉིས་ཀྱི་བསམ་བློའི་ནང་དོན་ལ་དཔྱད་པ་བྱས་པ་བརྒྱུད། མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ་འདྲ་མིན་རྒྱུས་ལོན་དང་ཕྱིའི་རིག་གནས་ཀྱི་ལེགས་ཆ་ནང་འདྲེན་བྱས་ཏེ། གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ནང་སྤྱོད་བྱས་ན་ལེགས། ང་ཚོས་སློབ་སྦྱོང་དང་ཞིབ་འཇུག་ཅུང་ཙམ་རེ་ཐུབ་ན། མི་ཆོས་ཀུན་སྤྱོད་དང་འབྲེལ་བའི་ཤེས་བྱ་རིག་གནས་དང་། མཚན་ཉིད་རིག་པའི་ལྟ་བ་འདྲ་མིན་རྒྱུས་ལོན་དང་སྐུལ་འདེད་ཐུབ་པའི་དགེ་མཚན་མི་དམན་པ་ཞིག་ཐོན་ཐུབ། །
* སངས་རྒྱས་མཚོ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2018ལོའི་བོད་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
① རྒྱ་ཡེ་བཀྲ་བྷོས་གཙོ་སྒྲིག་མཛད། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008:172
② ལྷག་པ་ཆོས་འཕེལ། བོད་ཀྱི་རྩོམ་རིག་ལོ་རྒྱུས། [M] སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། 2006:415
③ རྒྱ་ཡེ་བཀྲ་བྷོས་གཙོ་སྒྲིག་མཛད། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008:276
④ ལིས་ཡེ་ཤོས་ཀྱིས་བརྩམས། མཁན་པོ་བསོད་ནམས་དར་རྒྱས་ཀྱིས་བསྒྱུར། སློབ་མའི་བསླབ་བྱ། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༡
⑤ མཁར་བླ་ཀརྨ་འཕྲིན་ལས་དགེ་ལེགས། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་ཚིགས་སུ་བཅད་པའི་འགྲེལ་གསར་མཁས་པ་མགུ་བའི་མཆོད་སྤྲིན། [M] མི་རིགས་དཔེ་སྐྲུན་ཁང་། 2012:114