“དགག་རྩོམ”དང་དགག་སྒྲུབ་རྩོམ་ཡིག་གི་ཁྱད་པར་གསེད་བཀྲོལ།

པདྨ་དབང་རྒྱལ། འབྲུག་མོ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


[གནད་བཏུས] རྩོམ་འདིར་དམའ་འབྲིང་ལོ་རིམ་གསུམ་པའམ་ལོ་རིམ་དགུ་པའི་སྐད་ཡིག་སློབ་དེབ་སྟོད་ཆ་རུ་བདམས་ཡོད་པའི“བསྟོད་པ”བཀླགས་པའི་འཆར་སྣང་དང་འབྲེལ་ནས། བོད་སྔ་རབས་པའི་མཁས་པ་དམ་པ་རྣམས་ཀྱི་རྩོམ་སྲོལ“དགག་རྩོམ”དང་ཉེ་རབས་གསར་དུ་དར་བའི་རྩོམ་སྟངས“དགག་སྒྲུབ་རྩོམ་ཡིག”གཉིས་ཀྱི་ཁྱད་པར་ཞིབ་ཏུ་གླེང་བཞིན། རྩོམ་ཡིག་འདི་ནི“དགག་རྩོམ”ཡིན་པ་ལས“དགག་སྒྲུབ་རྩོམ་ཡིག”མིན་པར་བཤད་ཡོད།

[གནད་ཚིག] དམའ་འབྲིང་ལོ་རིམ་གསུམ་པའི་སྐད་ཡིག་སློབ་དེབ་སྟོད་ཆ། དགག་རྩོམ། དགག་སྒྲུབ་རྩོམ་ཡིག

དམའ་འབྲིང་ལོ་རིམ་དགུ་པའི་སྐད་ཡིག་སྟོད་ཆ་རུ། དཔལ་དོན་གྲུབ་རྒྱལ(སློབ་ཚན་དེའི་ཁ་བྱང་གི་འོག་ན“དྲག་བཙན་རང་གྲོལ”ཞེས་བཀོད་ཡོད་པ་རེད)①གྱི“བསྟོད་པ”བཀླགས་པའི་འཆར་སྣང་ཞེས་པའི་རྩོམ་ཞིག་བཀོད་ཡོད་པ་རེད། རྩོམ་འདི་གཏོགས་པའི་སྡེ་ཚན་གསུམ་པ་དེ་ནི་སློབ་དེབ་འདིའི“དགག་སྒྲུབ་རྩོམ་ཡིག”གི་སྡེ་ཚན་གཅིག་པུ་ཡིན་ཞིང་དེ་ལྟར་ཚད་འཇལ་བྱ་དགོས་པའང་མ་བགྲོས་རང་མཐུན་ཡིན་དགོས་པ་རེད། འོ་ན། སྡེ་ཚན་འདིའི་ཚད་གཞི་ཅི་ཞིག་ཡིན་པ་རེད་ཅེ་ན། དགག་སྒྲུབ་རྩོམ་ཡིག་ཅེས་པའོ། ། ཚད་གཞི་འདིས་རྩོམ་འདིའི་ཡོད་ཚད་ཐག་གཅོད་བྱ་ཆོག་ཅིང་དེ་ལྟར་གླེང་བ་ལས་གཞན་དུ་བཤད་པ་ནི་དེ་འདྲའི་འོས་མ་མཆིས་པར་འདོད།

དང་པོ། དགག་སྒྲུབ་རྩོམ་ཡིག་ཡིན་མིན་རྣམ་པར་གླེང་བ།

སྐད་ཡིག་སློབ་ཁྲིད་བྱེད་གཞི་རུ།“སློབ་ཚན་འདི་ནི་ཚིགས་བཅད་ཀྱིས་བྲིས་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་ལ། བསྟོད་རྩོམ་གྱི་ཉེས་སྐྱོན་ལ་དགག་སྒྲུབ་བྱས་ཤིང་། རྩོམ་རིག་གསར་རྩོམ་གྱི་གེགས་སུ་གྱུར་པའི་ཉེས་སྐྱོན་རྣམས་སྦ་གསང་མེད་པར་ཐེར་འདོན་བྱས་ཡོད་པ་སྟེ། བསྟོད་རྩོམ་བྲིས་ནས་རྩོམ་པ་པོར་འགྱུར་འདོད་པ་དག་ལ་བསླབ་བྱ་ནན་མོ་གནང་ཡོད།”②ཅེས་དང་། སློབ་དེབ་རང་ཉིད་ཀྱི་སློབ་ཚན་དེའི་མཇུག་གི་བསམ་གཞིག་སྦྱང་གཞིའི་ནང་དུའང“སློབ་ཚན་འདི་ཚིགས་བཅད་ཀྱི་ལམ་ནས་བྲིས་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན།”③ཞེས་དྲི་བ་ལ་བཅུག་ཡོད་པ་ལྟར། དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་ཤག་ཤག་ཏུ་བྱས་ཤིང་གདེང་ཚོད་ཆེན་པོའི་ཁྲུན་ཐག་བཅད་འདུག

དེ་ལ་ཐོག་མར་ང་ཚོས་དགག་སྒྲུབ་རྩོམ་ཡིག་གི་རྒྱུན་ཤེས་ལ་ཕྱིར་དྲན་བྱ་རིགས་ཏེ། གཅིག དགག་སྒྲུབ་རྩོམ་ཡིག་གི་གོ་དོན་ནི། བརྗོད་པར་བྱ་བའི་རྒྱུ་མཚན་ཡང་དག་རྟགས་སུ་བཀོད་ནས་རང་གི་ལྟ་ཚུལ་བདེན་ནོ་ཞེས་ལེགས་པར་སྒྲུབ་ཅིང་ཕ་རོལ་པའི་ནོར་འཁྲུལ་ལ་དགག་པ་རྒྱག་པའི་རྩོམ་གྱི་རིགས་ཤིག་ལ་ཟེར། ཡང་ན་གཞན་གྱི་ལྟ་བ་ནོར་འཁྲུལ་ཅན་ལ་དགག་པ་བརྒྱབ་ཅིང་རང་ལུགས་ལྟ་བ་ཡང་དག་པ་འདོན་པའི་རྩོམ་གྱི་རིགས་ཤིག་ལ་ཟེར། གཉིས། དགག་སྒྲུབ་རྩོམ་ཡིག་གི་གྲུབ་ཆ་གསུམ་ནི། བསྒྲུབ་བྱ་དང་སྒྲུབ་བྱེད་དང་སྒྲུབ་རིམ་གསུམ་མོ། ། བསྒྲུབ་བྱ་ནི་རྩོམ་པ་པོས་རྒྱུ་མཚན་ཅི་རིགས་པ་བཀོད་པའི་སྒོ་ནས་གང་ར་སྤྲོད་པར་བྱ་བའི་ལྟ་བ་དང་འདོད་ཚུལ་དེ་ལ་ཟེར། སྒྲུབ་བྱེད་ནི་རང་གི་འདོད་ཚུལ་དང་ལྟ་བ་ཡང་དག་པ་དང་། ཕ་རོལ་པའི་ལྟ་བ་ནོར་འཁྲུལ་ཡིན་པར་ར་སྤྲོད་བྱེད་ཀྱི་རྒྱུ་མཚན་དང་ཁུངས་ལུང་ལ་ཟེར། སྒྲུབ་རིམ་ནི་སྒྲུབ་བྱེད་ཀྱིས་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་བརྒྱུད་རིམ་དེ་ལ་ཟེར། གསུམ། དགག་སྒྲུབ་རྩོམ་ཡིག་ལ་དབྱེ་ན་རང་ལུགས་འཇོག་པ་དང་གཞན་ལུགས་དགག་པ་གཉིས་སོ། ། རང་ལུགས་འཇོག་པ་ནི་དྲང་ཕྱོགས་ནས་དྲི་བ་འདོན་པ་དང་དྲང་ཕྱོགས་ནས་རྩོམ་པ་པོའི་ལྟ་ཚུལ་ལམ་འདོད་ཚུལ་སྤྲོ་བ་ལ་ཟེར། གཞན་ལུགས་དགག་པ་ནི་ལྡོག་ཕྱོགས་ནས་གཞན་གྱི་ལྟ་ཚུལ་སུན་འབྱིན་པ་དང་བཀག་ནས་རྩོམ་པ་པོ་རང་གི་ཡང་དག་པའི་ལྟ་ཚུལ་ལམ་འདོད་ཚུལ་སྤྲོ་བ་ལ་ཟེར། འདི་ནི་དམའ་འབྲིང་གི་དགེ་སློབ་ཚང་མས་ངེས་དགོས་པའི་དགག་སྒྲུབ་རྩོམ་ཡིག་སྐོར་གྱི་རྩོམ་འབྲི་རྒྱུན་ཤེས་ཡིན་པ་རེད། ཡང་ན་དགག་སྒྲུབ་རྩོམ་ཡིག་གི་རྩ་བའི་ཤེས་བྱ་ཡིན་པ་རེད། ཚད་མའི་གཞུང་ལ་གཞི་བཅོལ་ནས་བཤད་ན། མཚན་མཚོན་ཞེས་པའི་བརྡ་ཆད་བེད་སྤྱོད་ལུགས་ཤིག་ཡོད་པ་ལ། སོ་སོར་མཚན་ཉིད་གོ་དོན་དང་མཚོན་བྱ་དཔེ་བརྗོད་ལ་གོ་དགོས་པས། གོང་གི་འདི་དག་ནི་མཚན་ཉིད་དང་དེ་འབྲེལ་གྱི་ཤེས་བྱ་ཡིན་པ་རེད། འོ་ན། མཚོན་བྱ་ནི་ཅི་ཞིག་ཡིན་པ་རེད་ཅེ་ན། ཏག་ཏག་དགག་སྒྲུབ་རྩོམ་ཡིག་གི་དཔེར་བརྗོད་དམ་དཔེ་གཞི་ལ་གོ་དགོས་པ་རེད། དེ་ལ་སློབ་དེབ་སྟོད་ཆ་འདིའི་སྡེ་ཚན་གསུམ་པ་རང་དུ་བཅུག་ཡོད་པའི་བསྒྱུར་རྩོམ“ཕུགས་བསམ་གྱི་ཐེམ་སྐས”④ལྟ་བུ། སློབ་དེབ་སྨད་ཆ་རུ་བདམས་ཡོད་པའི་བསྒྱུར་རྩོམ“ཆོས་བརྟག་རྗེས་དཔག་གི་སྙིང་སྟོབས་དགོས”⑤དང“བྱ་དངོས་ཀྱི་ལན་ཡང་དག་པ་གཅིག་ཁོ་ན་མིན”⑥“སའི་གོ་ལ་ནི་ཟླུམ་པོ་ཞིག་ཡིན་ནམ”⑦སོགས་ནི་མཚོན་བྱའམ་དཔེ་གཞིའི་དགག་སྒྲུབ་རྩོམ་ཡིག་དོན་མཐུན་པ་རང་ཡིན་པ་རེད།

དེར་ང་ཚོས“བསྟོད་པ”བཀླགས་པའི་འཆར་སྣང་དང་དཔེ་གཞིའི་སློབ་ཚན་དག་ཕན་ཚུན་གོ་བསྡུར་བྱས་ན། འདི་འདྲའི་ཚད་གཞི་ལ་ངེས་ཤེས་བསྐྱེད་སྲིད་དེ། བོད་རང་ལུགས་ལྟར་ན། རྩོམ་ལུས་ལ་བཅད་ལྷུག་སྤེལ་མ་གསུམ་དུ་དབྱེ་ཞིང་དགོངས་པ་ལ། གོང་དུ་བཀོད་པའི་དགག་སྒྲུབ་རྩོམ་ཡིག་གི་དཔེ་གཞི་དང་འབྲེལ་ནས་མཚན་མཚོན་ཁྱབ་མཉམ་གྱི་རིགས་ལམ་བཀོལ་ན་ངེས་ཤེས་གསལ་པོ་དག་པོ་ཞིག་བསྐྱེད་ཡོང་བ་ནི་ལུས་ལ་ལྷུག་མ་ཞེ་གཅིག་ཡིན་པ་དེའོ། །

དང་པོར་དགག་སྒྲུབ་རྩོམ་ཡིག་ཡིན་པ་གང་ཞིག ལུས་ལ་བཅད་མ་ལྷུག་མ་སྤེལ་མ་གསུམ་ལས་གང་གདམ་ཞེས་དྲིས་ན། ལན་ནི་ལྷུག་མ་འདོམས་ཞེས་བསྐུལ་ན་ཡང་དག་གོ། རྒྱུ་མཚན། དགག་སྒྲུབ་རྩོམ་ཡིག་གི་མཐར་ཐུག་དམིགས་བྱ་ནི་དཔྱད་རྩོམ་ལའོ། ། (ཞིབ་ཏུ་འོག་ནས་བཤད་པར་བྱ) དཔྱད་རྩོམ་ལ་བཅད་མ་གཏན་ནས་གཏན་དུ་བྱུང་མེད་ལ་འབྱུང་མི་སྲིད་པའི་ཆ་ཅན་ནོ། ། སྔོན་མར་ཕྲན་རང་མཐོ་འབྲིང་དུ་ཡོད་དུས། མཐོ་རྒྱུགས་ཀྱི་རྩོམ་ཡིག་ལ་གཟས་ཏེ་སློབ་གྲྭའི་སློབ་མ་ཡོོངས་ལ་དགག་སྒྲུབ་རྩོམ་ཡིག་འབྲི་བའི་འགྲན་སྡུར་ཞིག་སྤེལ་བ་ལ། སློབ་མའི་ཚོགས་པའི་ཚོགས་གཙོ་ཡིན་པའི་སློབ་མ་ཞིག་གིས་བཅད་མ་ཡི་རྩོམ་ཞིག་བྲིས་འདུག་ཅིང་། བོད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་མང་ཆེ་བས་དེ་ནི་འགྲན་ཐེངས་དེའི་ཆེས་ལེགས་པའི་དགག་སྒྲུབ་རྩོམ་ཡིག་ཨང་དང་པོ་རུ་བདམས་འདུག དེར་ཕྲན་གྱིས་སློབ་མ་དེས་དགག་སྒྲུབ་རྩོམ་ཡིག་གི་མ་མཐའི་ཆ་རྐྱེན་ལ་དོ་སྣང་བྱས་མི་འདུག་པའི་དཔྱད་གཏམ་ཐུང་ངུ་སྤེལ་ཞིང་། འགྲན་སྡུར་གྱི་ཚད་གཞི་ལ་མི་ལོངས་པའི་ངོས་ནས་ངན་ཤོས་སུ་བཞག་ཅིང་ཨང་དང་པོ་ལ་མ་བདམས་པ་ཡིན་མོད། གང་ལྟར་མཐའ་མར་ཨང་རིམ་གྱི་གྲས་སུ་ཚུད་འདུག གལ་ཏེ་སློབ་འབྲིང་སློབ་མས་དགག་སྒྲུབ་རྩོམ་ཡིག་ལ་བཅད་མ་ཚིགས་བཅད་བྲིས་ཆོག་ན། ལོ་རེའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་ནི་ཕལ་ཆེར་མང་ཆེ་བ་དགག་སྒྲུབ་རྩོམ་ཡིག་ཅིག་བྲི་རྒྱུ་དེ་ཡིན་ན་ཚིགས་བཅད་མ་ཆོག་པའི་རྒྱུ་མཚན་གང་ལ་ཐུག

དེ་བས་མདོ་སྡོམ་དང་པོ་ནི། “བསྟོད་པ”བཀླགས་པའི་འཆར་སྣང་གི་ལུས་ནི་བཅད་མ་ཚིགས་བཅད་དུ་བྲིས་ཡོད་པས་ལུས་ཀྱི་ཐད་ནས“དགག་སྒྲུབ་རྩོམ་ཡིག་ཚད་ལྡན”དུ་འགྲོ་བ་མ་རེད།

གཉིས་པར་དགག་སྒྲུབ་རྩོམ་ཡིག་འབྲི་བ་ལ་བློས་བསླང་ངམ་སྒྲོམ་གཞི་ནི་འདི་ལྟ་སྟེ། ཐོག་མར་གནད་དོན་འདོན་པ(བསྒྲུབ་བྱ་འདོན་པ) གཉིས་པར་གནད་དོན་དབྱེ་ཞིབ། (སྒྲུབ་བྱེད་འགོད་པ)མཇུག་ཏུ་གནད་དོན་ཐག་གཅོད(བསྒྲུབས་འབྲས་འཇོག་པ)བཅས་ཡིན་པ་རེད། འདི་ལྟར་ཚད་འཇལ་བྱས་ན། ཐོག་མར་རྩོམ་འདིའི་བསྒྲུབ་བྱ་ནི་གང་། སྒྲུབ་བྱེད་ནི་ཅི། བསྒྲུབས་འབྲས་ནི་གང་རེད། འདི་ལ་སུས་ལན་ཐེབས། ཕལ་ཆེར་ལན་ཐེབས་དཀའ་མོ་རེད། རྒྱུ་མཚན་ཡང་དག་ནི་གོང་དུ་དྲངས་ཡོད་པའི་དཔེ་གཞིའི་སློབ་ཚན་གཞན་དག་ལ་བལྟས་ན་ཁ་གསལ་གཏིང་གསལ་དུ་འགྲོ་ངེས་པའི་ཏན་ཏན་ཏིག་ཏིག་གི་མངོན་གནས་ཤིག་ཡིན་པ་ལས་མངོན་མིན་ལྐོག་གྱུར་གྱི་གསང་གནས་ཤིག་གཏན་ནས་མ་རེད། འོ་ན། གང་གིས་ཉེས་དང་ཅི་ཡིས་སྐྱོན་པ་རེད་ཅེ་ན། གཞན་དང་གཞན་གང་ཡང་མ་ཡིན་པར་རང་རེ་ཚོ་འཁྲུལ་གཞི་སྟེང་ལ་འཁྲུལ་ནག་ཏུ་མགོ་འཁོར་བས་སོ། །

དེ་བས་མདོ་སྡོམ་གཉིས་པ་ནི།“བསྟོད་པ”

བཀླགས་པའི་འཆར་སྣང་གི་རྩ་བའི་གྲུབ་ཆའི་སྟེང་ནས“དགག་སྒྲུབ་རྩོམ་ཡིག་ཚད་ལྡན”དུ་མི་འགྲོ་བ་རེད།

གསུམ་པར་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་གྱི་ཚིག་ཉམས་ཚིག་གཤིས་དང་རྩོམ་རིག་མ་ཡིན་པའི་རྩོམ་གྱི་ཚིག་ཉམས་ཚིག་གཤིས་དབར་ལ་ཧེ་བག་ཆེན་པོ་ཡོད་པ་རེད། དེར་སྙན་རྩོམ་དང་ལྷུག་རྩོམ་དང་སྒྲུང་གཏམ་སོགས་ནི་རྩོམ་རིག་ཡིན་པ་རེད། དཔྱད་རྩོམ་ནི་རྩོམ་རིག་མ་ཡིན་པའི་རྩོམ་ཁོངས་སུ་འཇོག་པ་རེད། (ཞིབ་ཏུ་འོག་ནས་བཤད་པར་བྱ) ས་པཎ་མཁས་འཇུག་རྩ་འགྲེལ་དུ།“གཞུང་དང་བསྟན་བཅོས་ཀྱི་འཆད་རྩོམ་གང་ལ་འཇུག་ཀྱང་། ཚོགས་གསུམ་གྱི་རྣམ་གཞག་རང་གིས་རྟོགས་ནས་གཞན་ལ་སྨྲ་ཤེས་པ་ནི་ཐོག་མའི་རྨང་གཞིར་སྣང་སྟེ། ཡི་གེའི་ཚོགས་པ་མ་ཤེས་ན་སྨྱུག་ཐོགས་པའི་གྲལ་དུ་མི་ཚུད་ཅིང་། ནམ་ཡང་ཡིག་ངོའི་ཐ་སྙད་མི་ཤེས། མིང་གི་ཚོགས་པ་མ་ཤེས་ན་གཞུང་གི་བརྗོད་བྱ་རྟོགས་པར་གེགས་སུ་འགྱུར་ཞིང་། རང་གི་རྩོམ་པའི་ལས་ལ་རྒྱུ་ཆ་དབེན། ཚིག་གི་ཚོགས་པ་མ་ཤེས་ན་བསྟན་བཅོས་རིང་མོ་འགྲུབ་པའི་ངག་སྦྱོར་མེད།”⑧ཅེས་པ་ལྟར་ཚོགས་གསུམ་གྱི་འབྲེལ་བ་ནི། ཡི་གེས་མིང་གྲུབ་ཅིང་མིང་གིས་ཚིག་གྲུབ་ལ་ཚིག་གིས་བརྗོད་པ་གྲུབ་པ་རེད། དེར་མིང་གི་བཀོལ་ལུགས་ལས་ཚིག་གི་བབས་ཏེ་ཚིག་ཉམས་ཚིག་གཤིས་ཐོན་ངེས་ཤིང་ཚིག་ལས་བརྗོད་པའམ་ཚན་པའི་ཉམས་དང་གཤིས་བཀྱགས་ཡོད་པ་རེད། རྩོམ་རིག་སྒྱུ་རྩལ་གྱི་མིང་བརྡ་ཐ་སྙད་ལ་ཚོར་བ་ཤུགས་ཆེ་བའི་མངོན་བརྗོད་དང་ཚིག་རྒྱན་གྱིས་བཅིངས་ཆོག་ལ། རྩོམ་རིག་མ་ཡིན་པའི་དཔྱད་རྩོམ་ལ་དཔྱད་སྟོབས་ཤུགས་ཆེ་བའི་རྒྱུ་འབྲས་གཏན་ཚིགས་ཀྱི་ཆ་ཅན་ཡིན་ངེས་པ་རེད། དེའི་གནད་ནི་སློབ་ཚན་དངོས་གཞི་ལ་བལྟས་ན་ཁ་གསལ་བོ་ཆགས་ངེས་ཏེ། བསྟོད་ཚིག་གཡུ་རལ་གསིག་པ། འདམ་གྱི་གདོང་ལྔ། མཁའ་ལྡིང་མགྲིན་པའི་ཕུག་པ། ནེ་ཙོའི་རོ་འཛིན། སྨྲ་བའི་རྒྱལ་པོ་མཆོག དབྱངས་ཅན་དགའ་མས་འཁྱུད། དབྱངས་ཅན་ཁུགས་པ། ས་མོས་སྣ་བརྒྱ། རྩོམ་རིག་སྒེག་མོའི་མགུལ་རྒྱན། དཔྱོད་ལྡན་རྐང་དྲུག སྦྲང་རྩིའི་དགའ་སྟོན། དོན་མེད་ཚིག་གི་ཤིང་སྐམ། མདོ་མེད་ལོ་འདབ་བཏགས་པ། གཞན་ཕན་མེ་ཏོག་སོགས་མགོ་མཇུག་བར་གསུམ་དུ་མངོན་བརྗོད་དང་དཔེ་འཇོག་ཚིག་རྒྱན་གྱིས་ཡོངས་སུ་ལྟེམས་ཡོད་པས། མིང་བརྡ་ཐ་སྙད་ལ་མངོན་བརྗོད་མང་ཞིང་ཚིག་གཤིས་ལ་རྒྱན་གྱིས་བཅིངས་ཐོག་ཚིག་གི་ཁ་སྟབས་ལ་བསླབ་བྱའི་ཆ་ཆེ་བ་ནི་མངོན་སུམ་རྗེན་མཐོང་རེད། ཡིན་ཡང་། དཔྱད་རྩོམ་གྱིས་ཏག་ཏག་མངོན་བརྗོད་དང་ཚིག་རྒྱན་དང་བསླབ་བྱའི་ཁ་སྟབས་ལ་རབ་ཏུ་འཛེམ་ཞིང་ཆེས་ཆེར་རྒྱང་དུ་བཀྱེད་པ་རེད།

དེ་བས་མདོ་སྡོམ་གསུམ་པ་ནི།“བསྟོད་པ”

བཀླགས་པའི་འཆར་སྣང་ལ་མིང་བརྡ་ཐ་སྙད་སྤྱོད་ལུགས་དང་དཔེ་འཇོག་ཚིག་རྒྱན་ཆེ་བ་གཉིས་ཀའི་ཆ་ནས“དགག་སྒྲུབ་རྩོམ་ཡིག་ཚད་ལྡན”དུ་མི་འགྲོ་བ་རེད།

གཉིས་པ། དགག་སྒྲུབ་རྩོམ་ཡིག་གི་དམིགས་ཡུལ་གླེང་བ།

རྩོམ་འདིའི་མགོ་རུ་དྲངས་པའི་སྐད་ཡིག་སློབ་ཁྲིད་བྱེད་གཞིའི་གསལ་བཤད་དུ།“དམའ་འབྲིང་གི་དུས་རིམ་ཧྲིལ་པོར་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་།གསལ་བཤད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་བཅས་ཀྱི་འབྲི་ཀློག་ཤེས་བྱ་དང་སྦྱོང་བརྡར་གཙོ་བོར་བཟུང་།”ཞེས་པ་འདི་ནི་ཧ་ཅང་རྩ་ཆེན་དུ་འཛིན་དགོས་པའི་གནད་འགག་ཅིག་ཡིན་པ་རེད། འདི་ལས་བརྡ་རྟགས་ཅི་ཞིག་ཁ་གསལ་བོ་བྱས་འདུག་ཟེར་ན། དམའ་འབྲིང་སློབ་དེབ་ཀྱི་དགག་སྒྲུབ་རྩོམ་ཡིག་ཅེས་པ་ནི་གསལ་བཤད་རྩོམ་ཡིག་དང་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཟླས་དྲངས་པ་དེ་ཡིན་པའོ། ། དེ་ལྟར་ན། འདི་ནི་ཚིག་ལྷུག་ཡིན་དགོས་པ་ལས་ཚིགས་བཅད་ཡིན་ཆོག་པའི་དམིགས་བསལ་གང་ཡང་མི་འདུག འོ་ན། སློབ་ཚན་འདི་དོན་གྱིས་གང་ལ་འཇོག་ཅེ་ན། ང་ཚོས་ཞིབ་ཏུ་བརྟགས་ན་ཧ་གོ་ཡོང་སྟེ། སློབ་ཚན་གྱི་ཁ་བྱང་རང་དུ་བཀོད་པའི“བསྟོད་པ”ཞེས་པ་ནི་རྩོམ་ནང་ལ་བལྟས་ནས་བཤད་ན“བསྟོད་རྩོམ”ལ་གོ་དགོས་འདུག འདིས་ཅི་ཞིག་གསལ་བཤད་བྱ་ཐུབ་ཅེ་ན། འདི་ལྟ་སྟེ། བོད་སྔ་རབས་པའི་རྩོམ་ལ“བསྟོད་རྩོམ”ཞེས་རང་གི་བླ་མ་དང་སློབ་དཔོན་ལ་ཚད་ལས་འདས་པའི་ཡིན་འཇོག་གི་བསྔགས་བརྗོད་བསྟོད་ཚོགས་སྤེལ་བའི་རྩོམ་སྲོལ་ཞིག་དར་འབྱམས་ཆེ་བ་ལ། དེ་དང་ལྟོས་ཟླ་རུ་འགྲོ་བའི“དགག་རྩོམ”ཞེས་པ་ཞིག་ཡོད་པ་དེ་ལ་གོ་དགོས་པ་རེད།“དགག་རྩོམ”ནི་བསྟོད་པ་ཚད་ལས་འདས་པ་དེ་ལ་མ་རུང་མི་དགའ་མི་འོས་པའི་ཆ་ནས་མིན་འཇོག་གི་ཐེར་འདོན་ཟུར་ཟ་སུན་འབྱིན་བྱ་བའི་རྩོམ་སྲོལ་བདོག་པ་དེ་ལའོ། ། འདིའི་ལུས་ལ་བཅད་ལྷུག་སྤེལ་མ་གང་རུང་ཞིག་ལས་གཅིག་ཁོ་ན་ཡིན་དགོས་པའི་རྣམ་གཞག་བཅད་རྒྱ་མེད་ཅིང་གང་འདོད་ཡིན་པ་ནི་བོད་སྔ་རབས་པའི་དགག་རྩོམ་དག་ལ་གཟིགས་ན་གནད་བརྟོལ་ཡོང་ངེས། དཔེར་ན། བསྟོད་རྩོམ་ལ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རང་གི་རྩ་བའི་བླ་མ་དཔལ་ལྡན་ཨ་ཏི་ཤ་ལ་མཛད་པའི“ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ”⑨ལྟ་བུ་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི“ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བཟང་པོར་བསྟོད་པ།”⑩ཇོ་ནང་ཏཱ་ར་ན་ཐས་མཛད་པའི“དཔལ་ལྡན་བླ་མ་དམ་པའི་རྣམ་ཐར་བསྟོད་པ་དད་པའི་ལྗོན་ཤིང”རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ལ་མཛད་པའི“བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན”ལྟ་བུ་སོགས་མང་ངོ་། ། དགག་རྩོམ་ལ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་པའི“མི་འཇིགས་སེངྒེའི་ང་རོ”དང“པདྨ་བཀོད་ཀྱི་གནས་ཡིག་སུན་འབྱིན་རྫུན་ནག་མུན་སེལ་སྒྲོན་མེ”ལྟ་བུའོ། །

དེར་མདོ་སྡོམ་དང་པོ་ནི། སློབ་ཚན་འདི་ནི་གསལ་བཤད་རྩོམ་ཡིིག་དང་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཟླས་དྲངས་པའི་ལུས་ཚིག་ལྷུག་ངེས་ཅན་དུ་ཡིན་དགོས་པའི་དགག་སྒྲུབ་རྩོམ་ཡིག་མ་ཡིན་པར། རྩོམ་རང་ལྡོག་གི་ཁ་བྱང་ལྟར་བོད་སྔ་རབས་པའི“བསྟོད་རྩོམ”ཞེས་པའི་ཟླས་དྲངས་པའི“དགག་རྩོམ”ཡིན་པ་རེད།

སྐད་ཡིག་སློབ་ཁྲིད་བྱེད་གཞིའི་མགོ་རུ་བཀོད་པའི་གསལ་བཤད་དུ། སློབ་དེབ་ཀྱི་ནང་དོན་དང་སྒྲིག་སྟངས་ཞེས་པའི་དང་པོ་ལ་འདི་ལྟར་མངོན་ཏེ།“དམའ་འབྲིང་གི་དུས་རིམ་ཧྲིལ་པོར་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་། གསལ་བཤད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་བཅས་ཀྱི་འབྲི་ཀློག་ཤེས་བྱ་དང་སྦྱོང་བརྡར་གཙོ་བོར་བཟུང་སྟེ། རིག་གནས་ལོ་རྒྱུས་སྐོར་གྱི་རྩོམ་དང་སྙན་ངག ལེགས་བཤད། སྒྲུང་གཏམ། ལྷུག་རྩོམ་སོགས་སྡེ་ཚན་བཀར་ནས་བཀོད་སྒྲིག་བྱས་ཡོད་ཅིང་། དེ་དག་གི་ཁྲོད་ནས་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག་གི་ཤེས་བྱར་ཤུགས་སྣོན་བྱས་ནས་སློབ་མའི་འབྲི་ཀློག་གི་ནུས་པ་སྦྱོང་བརྡར་བྱེད་རྒྱུ་གཙོ་བོར་བཟུང་ཡོད།”ཅེས་བྲིས་ཡོད་པ་ནང་བཞིན། སློབ་དེབ་བསྒྲིགས་པའི་རྩ་དོན་དང་དོན་སྙིང་དང་དམིགས་འབེན་སོགས་ཧ་ཅང་ཁ་གསལ་བོར་བཤད་འདུག དེ་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་བཅས་ཀྱི་རྩོམ་འབྲི་ནུས་པ་སྐྱེད་སྲིང་བྱ་བའི་ཕྱིར་རོ། །

འོ་ན། དམའ་འབྲིང་སློབ་མ་ཞིག་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་བཅས་ཀྱི་རྩོམ་འབྲི་ནུས་པ་སྐྱེེད་སྲིང་བྱ་བའི་དགོས་དམིགས་ཅི་ཞིག་ཡིན་ཞེ་ན། ང་ཚོས་རེ་རེ་བཞིན་སྤྲོས་ན་ཤེས་སླ་སྟེ། ཇི་བཞིན་བརྗོད་པ་ཞེས་པ་ནི་དོན་དག་ག་གེ་མོ་ཞིག་གི་བྱུང་བའི་རྒྱུ་རྐྱེན་དང་རིམ་པ་དང་འཕེལ་འགྱུར་དང་འབྲས་བུ་བཅས་ཀྱི་གོ་རིམ་ཇི་བཞིན་ཚུལ་ལྡན་དུ་བྲིས་པ་དེ་ཡིན། འདིའི་གནད་འགག་ནི་དོན་དག་ཇི་མ་ཇི་བཞིན་དུ་བརྗོད་པ་དེའོ། ། གསལ་བཤད་ཅེས་པ་ནི་དངོས་པོ་གང་རུང་ཞིག་གི་མིང་དང་དབྱིབས་གཟུགས་དང་ཆེ་ཆུང་དང་ཁ་དོག་དང་གྲུབ་ཚུལ་དང་ངོ་བོ་དང་ཕན་ཡོན་སོགས་ཁ་གསལ་བོར་བཤད་པ་དེ་ཡིན། འདིའི་གནད་འགག་ནི་དངོས་པོ་ངོ་སྤྲོད་ཡང་དག་བྱེད་པ་དེའོ། ། དགག་སྒྲུབ་ཅེས་པ་ནི་གཞན་གྱི་ལྟ་ཚུལ་དགག་ནས་རང་གི་ལྟ་ཚུལ་ཡང་དག་ཏུ་བསྒྲུབས་པ་དེ་ཡིན། འདིའི་གནད་འགག་ནི་རྒྱུ་མཚན་གཏན་ཚིགས་ཀྱི་སྒྲུབ་བྱེད་དང་ལྡན་པ་དེའོ། །
དེ་ལྟར་སྤྱི་ཆའི་དབང་དུ་བྱས་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་གིས་དོན་དག་གི་བྱུང་བ་སྲོག་ཤིང་དུ་བཟུང་ཡོད་ཅིང་། གསལ་བཤད་རྩོམ་ཡིག་གིས་དངོས་པོའི་ངོ་སྤྲོད་གཟུངས་བཞུགས་སུ་བཀུར་ཡོད་པ་ལ་ཐུན་མོང་གི་དམིགས་པ་ཁྱད་པར་བ་ནི་ལྷུག་རྩོམ་དང་སྒྲུང་གཏམ་དང་སྙན་ངག་དང་ཟློས་གར་བཅས་ཀྱིས་མཚོན་པའི་རྩོམ་རིག་ཡིན་པ་རེད། དགག་སྒྲུབ་རྩོམ་ཡིག་གི་དམིགས་པ་ཁྱད་པར་བ་ནི་གཏན་ཚིགས་རྒྱུ་མཚན་ཅན་གྱི་དཔྱད་རྩོམ་ཉག་གཅིག་ཡིན་པ་རེད།

གལ་ཏེ་དོན་དག་ཅིག་གི་བྱུང་རིམ་གྱི་ཐོག་མཐའ་བར་གསུམ་ཇི་མ་ཇི་བཞིན་བརྗོད་མི་ཤེས་པའམ་གཏམ་རྒྱུད་དུ་བཤད་མི་ཤེས་པ། ཁོར་ཡུག་དང་མི་སྣ་དང་དུས་ཚོད་སོགས་དངོས་པོ་གང་རུང་ཞིག་གི་ངོ་སྤྲོད་དེ་གནད་འཁེལ་གྱིས་གསལ་བཤད་བྱ་མི་ཐུབ་ཚེ། ལྷུག་རྩོམ་དང་སྒྲུང་གཏམ་དང་སྙན་ངག་བཅས་འབྲི་བ་ལ་དཀའ་ཁག་ཡོད་ཤག་ཤག་ཡིན་ནོ། ། དེ་བཞིན་དུ། དགག་སྒྲུབ་རྩོམ་ཡིག་གི་བསྒྲུབ་བྱ་སྒྲུབ་བྱེད་སྒྲུབ་རིམ་བསྒྲུབས་འབྲས་བཅས་ཀྱི་གཏན་ཚིགས་ལ་ངེས་བྱང་ཡང་དག་མ་སོང་ཚེ་དཔྱད་རྩོམ་ཚད་ལྡན་ཞིག་བྲི་རྒྱུ་ཟེར་བ་ནི་རི་བོང་གི་རྭ་བཞིན་ནོ། ། འདིའི་གནད་འགག་ནི་གང་ལ་ཐུག་ཡོད་ཅེ་ན། ཚིག་ལའོ། ། གལ་ཏེ་དོན་དག་ཇི་བཞིན་བརྗོད་པའི་ཚིག་ཉམས་དང་དངོས་པོ་གསལ་བཤད་བྱ་བའི་ཚིག་ཉམས་ལ་རྒྱུས་མ་ལོན་པ་དང་བྱང་ལ་མ་ཆུབ་པ་ཡིན་ན། རྩོམ་རིག་གི་སྐད་ཆ་ལ་གོ་བ་མི་ལོན་ཞིང་རྩོམ་རིག་གི་ཚིག་རྩལ་ནི་དེ་བས་ཀྱང་ངོ་། ། ཡང་གལ་ཏེ་བསྒྲུབ་བྱ་སྒྲུབ་བྱེད་སྒྲུབ་རིམ་བསྒྲུབས་འབྲས་བཅས་ཏན་ཏན་ཚང་དགོས་པའི་དགག་སྒྲུབ་རྩོམ་ཡིག་གི་ཚིག་ཉམས་ལ་ངེས་ཆ་དང་བྱང་ཆ་བྲལ་ཚེ། རྩོམ་རིག་མ་ཡིན་པའི་དཔྱད་རྩོམ་གྱི་གཏན་ཚིགས་ཚིག་འགྲོས་ལ་དོ་སྣང་མི་འཕེར་བ་རེད།

དེར་མདོ་སྡོམ་གཉིས་པ་ནི། དགག་སྒྲུབ་རྩོམ་ཡིག་གི་དམིགས་པ་ཉག་གཅིག་ནི་དཔྱད་རྩོམ་ཡིན་ཞིང་དེའི་ཚིག་འགྲོས་ཚིག་ཉམས་ལ་རྒྱུ་འབྲས་གཏན་ཚིགས་ཀྱི་ཆ་ཅན་ཡིན་པ་དེའོ། །

དེ་བས། སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་བཅས་ནི་སྲོག་དང་སྙིང་དང་བཅུད་ཡིན་པ་རེད། འདི་འདྲའི་ངེས་ཤེས་ཡང་དག་སྔོན་དུ་སོང་བ་ཡིན་ན། ཉིང་དགོས་ཧ་ཅང་མཁྱེན་སླ་སྟེ། ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག་གིས་མཐར་ཐུག་རྩོམ་རིག་ལ་དམིགས་པ་གཏད་ཡོད་ཅིང་དགག་སྒྲུབ་རྩོམ་ཡིག་གིས་མཐར་ཐུག་རྩོམ་རིག་མ་ཡིན་པའི་དཔྱད་རྩོམ་ལ་དམིགས་པ་གཏད་ཡོད་པ་རེད། འདི་ལྟར་སློབ་འབྲིང་སྐབས་སུ་དགེ་རྒན་གྱིས་རྩོམ་ཡིག་སློབ་ཚན་ཡང་དག་པར་འཁྲིད་པ་དང་། སློབ་མས་རྩོམ་ཡིག་སློབ་ཚན་ཡང་དག་པར་སྦྱངས་པའི་མདོ་དོན་གནད་ལ་འཁེལ་བ་ཡིན་སོང་ན། དགེ་སློབ་གཉིས་ཀའི་རེ་བ་དང་དམིགས་ཡུལ་གྲུབ་ཟིན་ལ། སློབ་མ་སོ་སོ་སློབ་ཆེན་དུ་སླེབས་པར་གྱུར་ཚེ་རྩོམ་རིག་ལ་ལྟ་ཀློག་དང་རོལ་མྱོང་དང་དཔྱད་པ་སྤེལ་བ་སོགས་ཀྱི་འདུ་བྱེད་ལ་བག་མི་ཚ་ཞིང་སྤྲོ་སེམས་ཀྱིས་བརྟས་ངེས་པ་རེད། དེ་བཞིན་དཔྱད་རྩོམ་འབྲི་བ་ལ་ཡང་དཀའ་ཁག་དང་བགེགས་རྐྱེན་ལ་འཕྲད་མི་སྲིད་པ་རེད།

མདོར་ན། རགས་པའི་དབང་དུ་བྱས་ཚེ། སློབ་འབྲིང་དུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག་འབྲི་སྦྱོང་བྱ་བ་ནི་རྩོམ་རིག་ལ་རྨང་གཞི་འཇོག་པ་དང་དགག་སྒྲུབ་རྩོམ་ཡིག་འབྲི་སྦྱོང་བྱ་བ་ནི་དཔྱད་རྩོམ་ལ་རྨང་གཞི་འདིང་བའོ། །

ཞོར་དུ་འཕྲོ་དགོས་པ་ཞིག་ལ། གོང་གི་འདི་འདྲའི་གོ་བ་སྔོན་དུ་སོང་བ་གཞིར་བཞག་གི་སྟེང་ནས་དམའ་འབྲིང་གི་སྐད་ཡིག་སློབ་དེབ་ལས་རྩོམ་ཡིག་དག་ལ་བལྟས་པ་ཡིན་ན། དགེ་རྒན་གྱི་ངོས་ནས་ཅི་ཞིག་འཁྲིད་དང་ཇི་ལྟར་འཁྲིད་ལ་ངེས་ཤེས་ཡང་དག་འདྲོངས་ཐུབ་ཅིང་། སློབ་མའི་ངོས་ནས་ཅི་ཞིག་སྦྱོང་དང་ཇི་ལྟར་སྦྱོང་ལ་དམིགས་འདུན་གསལ་ངེས། མིན་ན། དང་པོ་ཉིད་ནས་འདི་ལྟར་ཅི་ཡིན་འདི་ཡིན་མི་ཤེས་པའི་ཉ་ཉུང་ཐམས་ཅད་གཞི་གཅིག་ཏུ་བསྲེས་ནས་བཙན་སྦྱོར་བཙན་ཁྲིད་བྱས་ན། ཐོག་མར་རྨང་གཞི་འཇོག་པ་ལ་གོམ་པ་འདེགས་པའི་ལས་དང་པོ་བའི་སློབ་མ་ན་སོ་གཞོན་པ་དག་ནི་མགོ་བོ་རྨོངས་པར་བྱེད་པའི་རྒྱུ་ཚོགས་སུ་འགྱུར་བ་ལས་གང་གི་གོ་ཡང་མི་ཆོད་པར་འདོད། རྒྱུ་མཚན། ལས་དང་པོ་བ་ལ་གང་དང་གང་གི་ངོས་ནས་ཀྱང་གོམ་པ་རེ་རེ་བཞིན་བརྟན་པོར་སྤོས་ཏེ་རྨང་གཞི་ལེགས་པོ་ཞིག་ལྡན་པར་བྱ་རྒྱུ་ནི་ཐམས་ཅད་ཀྱི་དམིགས་དགོངས་སོ། ། ཡང་སློབ་དེབ་སྟོད་ཆ་འདིའི་སྡེ་ཚན་གསུམ་པ་འདི་ནི་ཆེད་དུ་དགག་སྒྲུབ་རྩོམ་ཡིག་འབྲི་སྦྱོང་བྱ་བ་ལ་བཀོད་སྒྲིག་བྱས་པ་ཞིག་ཡིན་པས། དགག་སྒྲུབ་རྩོམ་ཡིག་གི་རྣམ་གཞག་ཚད་ལྡན་ལྟར་སློབ་ཚན་གསུམ་བཀོད་ཡོད་པ་ལ་ཚད་འཇལ་བྱས་ན། བོད་རྩོམ་གཉིས་ནི་ཚད་དུ་ལོངས་དཀའ་སྟེ། རང་གྲོལ་གྱི“བསྟོད་པ”བཀླགས་པའི་འཆར་སྣང་ནི། ལུས་ཀྱི་ཐད་ནས་འགྲིག་མི་འདུག་ལ་རྗོད་བྱེད་བརྗོད་བྱ་ཉིས་ཆ་ནས་ཀྱང་བཤད་ཅི་དགོས། ཉན་ཤུལ་གྱི་བོད་ཀྱི་སྐད་ཡིག་སྐོར་གླེང་བ་ནི། རྩོམ་ལུས་འགྲིག་འདུག་མོད་སྒྲོམ་གཞི་ཆ་མི་ཚང་བ་དང་དམའ་འབྲིང་སློབ་མའི་བློ་རིག་དང་ཡིད་ཁམས་ལ་ཆ་མི་འཕྲོད་པས། ཏག་ཏག་བསྒྱུར་རྩོམ་དེ་ནི་ཚད་ལྡན་དང་ཚུལ་མཐུན་དུ་འགྲོ་བར་བསམ། །

* པདྨ་དབང་རྒྱལ། སི་ཁྲོན་མི་རིགས་སློབ་གླིང་བོད་རིག་པའི་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

* འབྲུག་མོ་རྒྱལ། རྔ་བ་དགེ་འོས་སློབ་གླིང་བོད་རྒྱ་སྐད་གཉིས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

① ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པ། སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:68

______ “བསྟོད་པ”བཀླགས་པའི་འཆར་སྣང་དང་འབྲེལ་ནས་གླེང་བ།

②ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག་སློབ་ཁྲིད་བྱེད་གཞི། ལོ་རིམ་དགུ་པ། སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:73

③ ④ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པ། སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:73.81


⑤⑥⑦ ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་བ། སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:22.94.110

⑧ ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རྩ་བ་མཛད། བོ་ཐར་བཀྲ་ཤིས་ཆོས་འཕེལ་དང་ངག་དབང་ཆོས་གྲགས་ཀྱིས་འགྲེལ་བ་བརྩམས། ས་པཎ་མཁས་འཇུག་རྩ་འགྲེལ་བཞུགས། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998:134

⑨⑩ མུ་པོས་གཙོ་སྒྲིག་བྱས། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག [M] མི་རིགས་དཔེ་སྐྲུན་ཁང་། 2014:373-378 229-233 238-243

 རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984:430-437 1-247 457-46


 ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག་སློབ་ཁྲིད་བྱེད་གཞི། ལོ་རིམ་དགུ་པ། སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:2



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1