བརྗོད་བྱ་ཐ་དད་པའི་རྡོ་རིང་འགའི་རིན་ཐང་མདོ་ཙམ་གླེང་བ།

མཁྱེན་རབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


དང་བོ། རྡོ་རིང་གི་ཕྱིའི་རྣམ་པའི་ཁྱད་ཆོས།

1.རྡོ་རིང་གི་རྣམ་པར་གཟིགས་ན། རྡོ་རིང་ཕལ་མོ་ཆེའི་མགོ་ནི་ནོར་བུའི་དབྱིབས་སམ་ཏོག ཡང་ན་ལ་ལར་ཉི་ཟླ་ཡིས་བརྒྱན་ཡོད་པ་དང་། དེའི་འོག་ཏུ་ཞལ་ཁེབས་སམ་ཆར་སྐྱོབ་ཏུ་འབོད་པ་ཞིག་ཡོད། དེ་ནས་རྡོ་རིང་གི་རང་གཟུགས་ཡིན་པ་དང་། མགོ་ཕྲ་ཞིང་རྔ་མ་སྦོམ་པོར་ཡིན་པའི་ངོས་བཞི་ཡོད་པ་ཅན་ཞིག་དང་། རིང་ཐུང་རྣམ་པ་སྣ་ཚོགས་ཡོད། ཞབས་གདན་དུ་མང་ཆེ་ཤོས་ནི་རུས་སྦལ་ཡིན། ལ་ལར་སྐས་དབྱིབས་ཀྱིས་གྲུབ་པ་ཅན་ཡོད་ཅིང་། དེའི་སྟེང་དུ་གངས་རིའི་དབྱིབས་ཀྱི་རི་མོ་ཅན་ཡང་ཡོད་པ་ཡིན། ད་དུང་རུས་སྦལ་ཡོད་པ་ཐམས་ཅད་ཀྱང་གཅིག་པ་གཅིག་རྐྱང་མིན་པར་འདོད། དབོན་ཞང་རྡོ་རིང་དང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་གི་ཞབས་གདན་རུས་སྦལ་ཡང་རིགས་སོ་སོ་ཞིག་ཡིན་ཏེ། དེའི་དུས་སུ་འགྱུར་བ་ལས་གྲུབ་པའམ། རྡོ་རིང་གནས་སྤོས་ལས་གྲུབ་པ་ཡིན་པ་སོགས་ནི་སུས་ཀྱང་བཤད་དཀའ་མོད། འོན་ཀྱང་། བོད་ཀྱི་གནའ་བོའི་རིག་གནས་ཀྱི་འདུ་ཤེས་སུ་རུས་སྦལ་དང་གཡུང་དྲུང་གི་མཚོན་དོན་ནི་མི་འགྱུར་རྟག་བརྟན་ཡིན་པས། རྡོ་རིང་དེ་དག་གི་ཞབས་གདན་དུ་འཇོག་དགོས་པའི་རྒྱུ་མཚན་ཡང་དེ་ལས་མི་གདའ་སྙམ་མོ། །

2.རྡོ་རིང་གི་ངོས་ཀྱི་ཡི་གེ་འགོད་སྟངས་དང་དེའི་དམིགས་བསལ་གྱི་ཆ་ཅུང་ཟད་གླེང་ན། སྤྱིར་ཡིག་ཚངས་རིག་པ་ལས་བཤད་པའམ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྒྱ་རིམ་པ་བདུན་སོགས་གླེགས་བམ་སོགས་འགྲུབ་པ་ལ་ཆ་རྐྱེན་མང་དུ་བཞག་ཡོད་དེ། འོན་ཀྱང་། རྡོ་རིང་གི་ཡི་གེ་འབྲི་སྐབས་གླེགས་བམ་དུ་བཀོད་པའི་ཐིག་གི་རྒྱ་སོགས་བཀོད་མེད་ཀྱང་། རྡོ་རིང་གི་ཡི་གེ་ཕལ་ཆེ་བ་ནི་ཕན་ཚུན་ལ་ཚད་ངེས་ཅན་ཞིག་བཞག་རྗེས་ད་གཟོད་འབྲི་བ་དང་། གང་འདོད་འདོད་ཀྱིས་བྲིས་པ་ཞིག་ནི་མིན། དེ་བཞིན་དུ་རྡོ་རིང་ལ་ལར་ནི་མདུན་རྒྱབ་གཉིས་མ་གཏོགས་ཡི་གེ་བྲིས་མེད་པ་དང་། ལ་ལར་ནི་ངོས་གསུམ་དུ་བྲིས་ཡོད། ལ་ལར་ནི་ཡི་གེ་རྐྱང་པས་འཐུས་བཞིན་མེད་པ་བཞིན། ཞྭ་ལྷ་ཁང་གི་རྡོ་རིང་དང་པོའི་གཞུག་ཏུ་རྟགས་ཐམ་ཞིག་ཀྱང་བཀོད། ཡང་ལ་ལར་ནི་རྡོ་རིང་གི་དཀྱིལ་དབུས་སུ་ཡི་གེ་བཀོད་པ་དང་མཐའ་གཉིས་སུ་རི་མོ་བྲིས་ཡོད་པ་དཔེར་ན། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་ལྟ་བུའོ། རྡོ་རིང་ཕལ་ཆེ་བའི་ཡི་གེ་རྐོ་ཐབས་ནི་གཡོན་ནས་གཡས་སུ་རྐོ་བ་ཞིག་ཡིན་པ་འདྲའོ། །

གཉིས་པ། རྡོ་རིང་ངོས་ཀྱི་ནང་དོན་གྱི་ཁྱད་ཆོས།

བཙན་པོའི་དུས་ཀྱི་རྡོ་རིང་མང་ཆེ་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་བཅས་ཀྱི་སྐབས་སུ་བཞེངས་པ་དང་། དུས་སྐབས་དེ་དག་ལ་བོད་ཀྱི་མངའ་ཁོངས་ཕྱོགས་བཞིར་རྒྱ་བསྐྱེད་པ་དང་ནང་བའི་བསྟན་པ་བོད་ལ་རྒྱ་ཁྱབ་ཏུ་སྤེལ་བའི་སྒང་ཡིན་པས། རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་སོགས་ཀྱི་ནང་དོན་གཙོ་བོའང་རྒྱལ་བློན་རིམ་བྱོན་གྱིས་བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་ཅིང་ནང་པའི་བསྟན་པ་སྤེལ་བར་མཛད་རྗེས་རླབས་ཆེན་བསྐྲུན་པར་བསྔགས་བརྗོད་བྱེད་པ་དང་གཅིག བློན་འབངས་བྱས་རྗེས་ཅན་ལ་བྱ་དགའ་སྤྲད་པ་དང་གཉིས། ཕྱི་རབས་པས་ཀྱང་རྡོ་རིང་དུ་བཀོད་པ་ལྟར་དུ་ནང་བའི་བསྟན་པ་སྤེལ་ཞིང་གཏོར་བཤིག་མི་གཏོང་བ། ཡབ་སྲས་ཀྱི་བཀའ་ཇི་བཞིན་ཞལ་བཞེས་དམ་བཅའ་བྱ་དགོས་པའི་བཀའ་གཙིགས་དང་གསུམ། བཙན་པོའི་སྐུ་ཡོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རིང་དང་བྲག་ངོས་སུ་སྐུ་གཟུགས་དང་དམ་པའི་ཆོས་བརྐོས་པ་དང་བཞི། ཐང་བོད་བར་གྱི་ཆབ་སྲིད་གཅིག་ཏུ་མོལ་ནས་མཐུན་འབྲེལ་ཆེན་པོ་བྱུང་བ་དང་དེ་ཡུན་ནས་ཡུན་དུ་མི་འགྱུར་བའི་གཙིགས་གནང་བ་དང་ལྔ་བཅས་ནང་དོན་ཁག་ཡོད་དེ། ཆེ་ཕྱོགས་ནས་དེ་ལྟར་དུ་སྤྱི་བསྡོམས་བྱས་ན་མི་ཆོག་པ་མེད་པར་སེམས།

བོད་ཀྱི་ལོ་རྒྱུས་ཀྱི་ངོས་ཐད་ནས་བལྟས་ན། བཙན་པོའི་དུས་ཀྱི་རྡོ་རིང་དག་ལས་ཆེས་སྔ་ཤོས་ནི་སྤྱི་ལོ་763ལོར་བཞེངས་པའི་བློན་སྟག་སྒྲ་ཀླུ་ཁོང་གིས་རྒྱ་ནག་རྒྱལ་ས་ཁྲང་ཨན་ལ་དམག་བརྒྱབ་རྗེས་བྱས་རྗེས་བརྗོད་པ་དང་གཟེངས་བསྟོད་པའི་རྡོ་རིང་དུ་འཁུམས་ཏེ། རྡོ་རིང་དང་པོ་ནི་ཞོལ་རྡོ་རིང་དུ་འབོད་པ་དེའོ། རྡོ་རིང་གཉིས་པ་ནི་བསམ་ཡས་རྡོ་རིང་དུ་ཀུན་གྱིས་བཞེད་ཅིང་རྡོ་རིང་དེ་རུ་བཙན་པོ་ཡབ་སྲས་ཀྱིས་དམ་བཅས་ནས་ནམ་ཞར་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་བཀའ་གཙིགས་སུ་སྣང་ངོ་། སྤྱི་ལོ་779ལོར་ཁྲི་སྲོང་ལྡེའུ་བཙན་གྱིས་བཞེངས་པར་བཤད་དོ། རྡོ་རིང་གསུམ་པ་ནི་དུས་རབས་བརྒྱད་པའི་སྨད་དེ་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་སུ་བརྩེགས་པ་ཞིག་སྟེ། སྤྱི་ལོ་797ལོར་མཐའ་བཞིའི་རྒྱལ་པོ་སྟོད་ཀྱི་ཏ་ཟིག་མན་ཆད་དང་སྨད་ཀྱི་ལོང་ཤན་ཡན་ཆད་ཆབ་འོག་ཏུ་བཅུག་ནས་མངའ་ཐང་རྒྱ་ཆེ་ཞིང་མཐའ་ཀླས་པའི་ངང་གནས་པའི་སྐབས་སུ་འཕྱོངས་རྒྱས་གྲོང་རྡལ་དུ་བཞེངས། འཕྲུལ་གྱི་ལྷ་བཙན་པོ་ཡབ་མྱེས་ལྷ་དང་མྱའི་རྗེར་གཤེགས་ཏེ། ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང་། དབུ་རྨོག་བཙན་པོ་ནི་བྱིན་དུ་ཆེའོ། །ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་སྔ་ནས་ཀྱང་ཡབ་མེས་ཀྱི་ལུགས་བཞིན། ལྷའི་གཙུག་ལག་ན་མ་ཉམས། གནམ་སའི་ཆོས་དང་ནི་མཐུན་པར་མཛད། སྐུ་ཡོན་ཏན་ཡོངས་ཀྱིས་བརྗོད་པའི་ཡི་གེ །ནམ་ཞིག་རྡོ་རིང་ལ་བྲིས་སོ། རྡོ་རིང་བཞི་བ་ནི་ཀོང་པོའི་གླང་དཀར་གྱི་རྡོ་རིང་སྟེ། རྡོ་རིང་དེ་ནི་ཉང་ཁྲིའི་སྨིན་གླིང་རྫོང་གླང་དཀར་གྲོང་ཚོ་རུ་དུས་རབས་བརྒྱད་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་སུ་བཞེངས་པའོ། །དེ་དང་སྣང་བཞིན་ཁྲི་སྲོང་ལྡེའུ་བཙན་གྱི་བང་སོའི་རྡོ་རིང་དང་མཚུར་ཕུའི་རྡོ་རིང་གི་ཡི་གེ །དབོན་ཞང་མོལ་བའི་རྡོ་རིང་གི་ཡི་གེ་སོགས་རྡོ་རིང་འདི་དག་ལས་གཞན་ད་དུང་མང་དུ་འདུག་ཀྱང་། འདི་དག་ཚང་མ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཤ་སྟག་ཏུ་འཁུམས་ཏེ། རྒྱུ་མཚན་ནི་འདི་དག་ཚང་མ་རྒྱལ་པོས་བཀའ་བགོས་ཏེ་བཀའ་གཙིགས་གནང་སྟེ་བཞེངས་པ་རྐྱང་པ་ཡིན་པས། རྡོ་རིང་འདི་དག་ལས་ལོ་རྒྱུས་ཀྱི་དོན་ཆེན་གང་མང་ཞིག་ར་སྤྲོད་ཐུབ་པས་དོན་སྙིང་རྒྱ་ཆེན་པོར་ལྡན་པ་སྨོས་མེད་དོ། །

གསུམ། ཆབ་སྲིད་ཀྱི་གོ་གནས་དང་ཕན་ནུས།

བོད་ཀྱི་རྡོ་རིང་ལས་ནང་དོན་གྱི་ཆ་ནས་མང་དུ་ཡོད་དེ། ལོ་རྒྱུས་བརྗོད་པ། ཆོས་ལུགས་བརྗོད་པ། བློན་གྱི་བྱས་རྗེས་བརྗོད་པ་སོགས་ཀྱང་ཡོད་མོད། དེ་ལས་ཀྱང་གལ་འགངས་ཆེ་བ་ནི་སྐབས་དེའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཡིན། རྡོ་རིང་ཞིག་གི་ནུས་པ་ནི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་བརྟན་བརླིང་ལ་འཁེལ་ཡོད་པས། དེ་དག་ལས་དབོན་ཞང་རྡོ་རིང་ལྟ་བུར་མཚོན་ན། སྐབས་དེའི་བོད་རྒྱའི་ཆབ་སྲིད་གནས་བབ་ལ་བརྟན་བརླིང་བཏང་བ་མ་ཟད། ཕྱིས་ཀྱི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་ཐད་ལ་ནུས་བ་བླ་ལྷག་ཐོན་ཡོད་པའང་ང་ཚོས་གསལ་པོར་རྟོགས་ཡོད་པ་ལྟ་བུའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1