བོད་བཙན་པོའི་རྒྱལ་རབས་ཀྱི་དམག་དོན་འཐབ་ཇུས་ འགའ་རགས་ཙམ་གླེང་བ།

བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


གཅིག །བཀའ་བཀོད་ཀྱི་དབང་ཆ་ཕྱོགས་གཅིག་ཏུ་བསྡམས་པའི་འཐབ་ཇུས།

བཙན་པོའི་རྒྱལ་རབས་ཀྱིས་མདོ་དབུས་མཐོ་སྒང་གཅིག་གྱུར་བཟོས་རྗེ་དཔོན་སྣེ་ཤར་ཕྱོགས་ཐང་གི་རྒྱལ་ཁབ་ལ་གཏད་དེ་མུ་མཐུད་དུ་རང་གི་མངའ་ཁོངས་རྒྱ་བསྐྱེད་ལ་བརྩོན་ཞིང་། བརྒྱུད་རིམ་འདི་དག་གི་ཁྲོད་དུ་དམག་དཔོན་ལ་བཀའ་བཀོད་ཀྱི་དབང་ཆ་ཆེན་པོ་སྤྲད་ཡོད་དེ། སྲིད་སྐྱོང་མེ་ལོང་ལས་“ལུའུ་ཀྲི་ཡིས་གོང་མར་ཞུ་ཡིག་ཕུལ་ཏེ་ཐང་བོད་ཀྱི་འཐབ་འཁྲུག་ཁྲོད་དུ་རྒྱུན་པར་བོད་རྒྱལ་ཐང་ཕམ་གྱི་རྒྱུ་མཚན་གླེང་སྐབས་‘བོད་ཀྱི་རྒྱལ་ཁབ་ཧྲིལ་པོའི་གཡུལ་ལ་ཞུགས་ཐུབ་པའི་དམག་གྲངས་བསྡོམས་ཀྱང་ཀྲུང་གོའི་ཀྱུན་ཆེན་པོ་བཅུ་ལྷག་ཙམ་གྱི་དམག་གྲངས་ལས་མེད་པ། དམག་འཁྲུག་འཇགས་རྗེས་བོད་ཀྱི་སྟོབས་ཤུགས་ཆེ་བར་འཇིགས་ནས་ཀྲུང་གོས་ཕར་རྒོལ་མི་ཕོད་པ་དང་། དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ། དེ་ནི་ཀྲུང་གོར་བཀོད་འདོམས་བྱེད་མཁན་མང་ཞིང་། བོད་ལ་ནི་བཀོད་འདོམས་བྱེད་མཁན་དམག་དཔོན་གཅིག་ལས་མེད་པའི་རྐྱེན་གྱིས་རེད། བཀའ་བཀོད་བཏང་མཁན་མི་གཅིག་ལས་མེད་ཚེ་མི་སེམས་གཅིག་ཏུ་མཐུན་ཞིང་བཀའ་བརྡ་གཉིས་སུ་མེད་པས་བསྐྱོད་འཐེན་གང་ཡང་དུས་མཉམ་པ་དང་། མྱུར་བུལ་གང་ཡང་འདོད་པ་ལྟར་བྱེད་ཐུབ་ལ་གོ་སྐབས་ལས་ནམ་ཡང་མི་འཛོལ་བ་བཅས་ཀྱི་རྐྱེན་ལས་སྟོབས་ཤུགས་རང་བཞིན་གྱིས་ཆེ་བར་གྱུར་པའི་རྒྱུ་རྐྱེན་རེད་ཅེས་གསུངས་པ་ལས། འདིར་སྐབས་དེར་ཐང་རྒྱལ་རབས་ཀྱིས་བློན་ཆེན་ལུའུ་ཀྲི་ཡིས་བོད་རྒྱལ་ཐང་ཕམ་གྱི་དམག་འཁྲུག་གི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་དུས་དམག་དོན་གྱི་འཐབ་ཇུས་འདིའི་དགེ་མཚན་འགའ་གླེང་ཡོད་དེ། བོད་དམག་འཐབ་འཁྲུག་ལས་རྒྱལ་བའི་རྒྱུ་རྐྱེན་གཙོ་བོ་ནི། གཅིག བོད་དམག་ལ་དམག་དཔོན་གཅིག་ལས་མེད་པས་བཀའ་བཀོད་ཀྱི་དབང་ཆ་གཅིག་ཏུ་བསྡམས་ཡོད་པ་དང་། གཉིས། དམག་དཔོན་གཅིག་ལས་མེད་པས་མི་རྣམས་བློ་བསམ་གཅིག་ཏུ་མཐུན་པ། གསུམ། དམག་དཔོན་གཅིག་གིས་བཀོད་འདོམས་ཀྱི་དབང་ཆ་གཙོ་བོ་བཟུང་ཡོད་ཕྱིར་བསྐྱོད་འཐེན་མཉམ་ལ་གོ་སྐབས་མི་འཛོལ་བ་སོགས་བསྟན་འདུག་ལ། ཐང་དམག་ལ་ཉུང་མཐར་ཡང་དབང་ཆེན་གྱི་དམག་དཔོན་གཉིས་ཡོད་པས། ར་མ་བྲག་འཐེན་གྱིས་བྲག་ལ་འཐེན་པ་དང་ལུག་སྤང་འཐེན་གྱིས་སྤང་ལ་འཐེན་པའི་དཔེ་ལྟར་ཁ་མ་འཆམ་པས། ཕམ་ཁ་ཉོས་པ་རེད་ཅེས་བསྟན་འདུག འཐབ་ཇུས་འདི་ཡིས་བཙན་པོའི་རྒྱལ་རབས་ཀྱི་རྗེ་བློན་རྣམས་ཀྱི་མིག་རྒྱང་དང་ཕན་ཚུན་བར་གྱི་འགྱུར་མེད་ཀྱི་ཡིད་ཆེས་བརྟན་པོ་དེ་མཚོན་ཡོད་པ་མ་ཟད། ཕྱོགས་བཞི་མཚམས་བརྒྱད་ཀྱི་དམག་འཁྲུག་ཁྲོད་དུ་རྒྱལ་ཁ་མང་ཞིང་ཕམ་ཁ་ཉུང་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད་པ་དེར་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པའང་ཤེས་ཐུབ།

གཉིས། འབངས་དམག་གཅིག་འགྱུར་གྱི་འཐབ་ཇུས།

བཙན་པོའི་རྒྱལ་རབས་ཀྱི་སྲིད་གཞུང་ནི་དམག་སྲིད་གཅིག་གྱུར་གྱི་རྣམ་པ་ཞིག་ཏུ་གྲུབ་ཡོད་ལ། སོ་ཁ་བརྟན་སྲུང་དང་མངའ་ཁོངས་རྒྱ་བསྐྱེད་བྱེད་པའི་དམག་མི་ནི་རྟ་ལ་ཞོན་ན་དམག་དང་རྟ་ལས་བབ་ན་འབངས་ཡིན་ཏེ། འཐབ་འཁྲུག་གི་སྐབས་སུ་རྟ་ལ་ཞོན་ནས་འཐབ་འཁྲུག་ལ་བཞུགས་ཤིང་འཐབ་འཁྲུག་མཚམས་བཞག་དུས་རྟ་ལས་བབས་ཏེ་ཞིང་འབྲོག་གི་ཐོན་སྐྱེད་སྤེལ་གྱིན་ཡོད། བློན་ཆེན་ནི་འཐབ་འཁྲུག་གི་སྐབས་སུ་དམག་དཔོན་ཡིན་ཞིང་དམག་འཁྲུག་མཚམས་བཞག་དུས་སྲིད་བློན་གྱིས་འགན་ཡང་བཞེས་འདུག་ཅེས་གསུངས་ལ། རྒོད་གཡུང་གི་དབྱེ་བ་ཕྱེ་ནས་བོད་ཡུལ་སྟོད་སྨད་བར་གསུམ་སྟོང་སྡེ་དྲུག་བཅུ་རྩ་གཅིག་དང་ཕྱི་ཡི་དཔའ་སྡེ་གསུམ་གྱི་དམག་གི་སྒྲིག་གཞིར་བཅུག་ནས་དམག་དོན་དང་སྲིད་དོན་མཉམ་དུ་བསྲེས་ཡོད་པས། དུས་དེར་བཙན་པོའི་རྒྱལ་རབས་ནི་‘དམག་ལས་གྲུབ་པའི་རྒྱལ་རབས’་རེད་ཟེར་བ་འདི་ལྟར་དོན་ལ་གནས་བར་སེམས། འབངས་དམག་གཅིག་གྱུར་གྱི་དམག་དོན་གྱི་འཐབ་ཇུས་འདིི་ལ་དགེ་མཚན་གཉིས་ཡོད་དེ། གཅིག དམག་དོན་དང་དཔལ་འབྱོར་གཉིས་མཉམ་དུ་གོང་འཕེལ་གཏོང་ཐུབ་པ་དང་། གཉིས། ཕྱི་ལ་དམག་རྒྱག་དུས་མགྱོགས་མྱུར་དུ་དམག་མང་པོ་འགུག་ཐུབ་པའི་དགེ་མཚན་དང་ལྡན།

གསུམ། རྒྱལ་ཕྲན་དང་མཉམ་འབྲེལ་བྱེད་པའི་འཐབ་ཇུས།

མདོ་དབུས་མཐོ་སྒང་འདིེར་གནམ་གཤིས་དང་ཁོར་ཡུག་གི་དབང་གིས་འཚོ་སྡོད་ཀྱི་མི་གྲངས་ཉུང་ཕྱིར། གནས་འདིར་འཚོ་གཞིས་ཆགས་པའི་བཙན་པོའི་རྒྱལ་རབས་ལ་དམག་མི་མཁོ་འདོན་གྱི་མི་ཤུགས་ལྟོས་བཅས་ཀྱི་ཆ་ནས་ལེགས་པོ་ཞིག་མེད་པ་དེ། རྗེ་བློན་རྣམས་ཀྱི་དམག་དོན་གྱི་དམིགས་ཡུལ་མངོན་འགྱུར་ཐུབ་པའི་བཀག་རྡོར་གྱུར་ཡོད་པས། བཙན་པོའི་རྒྱལ་རབས་ཀྱི་རྗེ་བློན་རྣམས་ཀྱིས་བཙན་པོའི་བཀའ་ལ་གཏོགས་པའམ་མི་གཏོགས་པའི་རྒྱལ་ཕྲན་རྣམས་དང་མཉམ་འབྲེལ་བྱེད་པའི་དམག་དོན་འཐབ་ཇུས་འདི་ལ་བརྟེན་ནས་རང་ཉིད་ཀྱི་དཔུང་སྟོབས་ལྡན་དུ་བྱས་ཤིང་དམག་འཁྲུག་གི་ཁྲོད་དུ་རྒྱལ་ཁ་མང་པོ་བླངས་ཡོད་པ་དཔེར་ན། ཐེ་ཙུང་ཀྲིན་ཀོན་གྱི་ཁྲི་ལོ་བརྒྱད་པར། བྷོད་ཀྱིས་ཕོ་ཉ་བ་མངགས་ཏེ་སྐྱེས་འབུལ་དུ་སླེབས་པ་གོང་མས་བློན་པོ་ཧྥིན་ཏེ་ཞ་ལ་སྣེ་ལེན་བྱ་དགོས་པའི་བཀའ་ལུང་གནང་། ཕོ་ཉ་ཕྱིར་སླེབས་རྗེ་སྲོང་བཙན་གྱིས་གྲུ་གུ་དང་འ་ཞ་ལ་ཀོང་ཇོ་རེ་ཐོབ་པའི་གཏམ་གསན་ཏེ། ཡང་བསྐྱར་ཕོ་ཉ་མངགས་ནས་གཉེན་བསླངས་པ་གོང་མས་མ་གནང་། ཕོ་ཉ་ཁབ་ཏུ་ཕྱིར་ལོག་སྟེ་ཁ་ཕོ་ལབ་ནས ‘ གོང་མས་བདག་ཅག་ངོ་སོ་བར་འཛིན། ཀོང་ཇོ་ཞིག་གནང་རྒྱུ་ཡིན་མོད། འ་ཞའི་རྒྱལ་པོ་དེར་ལྷག་པས་མ་ཐོབ། དེས་ཕྲ་མ་བཅུག་པ་མིན་ནམ།’ཟེར་བར། སྲོང་བཙན་ཁྲོས་ཏེ་ཞང་ཞུང་གི་དཔུང་དང་བཅས་ཏེ་འ་ཞ་དང་ཏང་ཞང་། པེ་ལན་ལ་དམག་དྲངས། དེ་ནས་དམག་ཁྲི་ཉི་ཤུ་དྲངས་ཏེ་སུང་ཀྲིག་བཅོམ།” ཞེས་གསུངས་ལ། སྐབས་དེར་ཞང་ཞུང་ནི་མདོ་དབུས་མཐོ་སྒང་གི་རྒྱལ་ཕྲན་ཞིག་ཡིན་པ་ལས་བོད་ཀྱི་ཆབ་འོག་ཏུ་འདུས་མེད་པ་ནི་སྤྱི་ལོ་644ལོར་སྲོང་བཙན་སྒམ་པོ་དང་བློན་ཆེན་རྣམས་གྲོས་འདུན་བྱས་མཐར་ཞང་ཞུང་མངའ་འོག་ཏུ་བཅུག་ཞེས་གསུངས་འདུག་ལ། སྐབས་དེར་ཞང་ཞུང་ནི་བཙན་པོའི་བཀའ་ལ་མི་གཏོགས་ཀྱང་། བཙན་པོའི་རྒྱལ་ཁབ་དང་དམག་དོན་འབྲེལ་བ་བཙུགས་ཐོག་ཐུ་ལུ་ཧུན་དང་པེ་ལན། ཏང་ཞང་སོགས་ལ་དམག་རྒྱབ། འདིར་བཙན་པོའི་རྒྱལ་རབས་ཀྱིས་བཀའ་ལ་མི་གཏོགས་པའི་རྒྱལ་ཕྲན་དང་མཉམ་འབྲེལ་གྱི་སྒོ་ནས་དམག་འདྲེན་ཐེངས་ཤིག་ཡིན་པ་གསལ་ཡོང་། །

བཞི། སྟོབས་ལྡན་གྱི་རྒྱལ་ཁབ་དང་དམག་འབྲེལ་འཛུགས་པའི་འཐབ་ཇུས།

ཏ་ཟིག་ནི་སྐབས་དེའི་ཡ་གླིང་གི་ནུབ་ཕྱོགས་སུ་ཡོད་པའི་སྟོབས་ལྡན་གྱི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་ཏེ། དུས་རབས་བརྒྱད་པར་སླེབས་དུ་རྒྱལ་ཁབ་ཀྱི་སྟོབས་འབྱོར་མངའ་ཐང་ཤིན་ཏུ་རྒྱས་ཏེ་ཕྱོགས་བཞི་དབང་དུ་བསྡུ་བཞིན་པའི་སྒང་ཡིན་ལ། སྐབས་དེར་རང་རང་གི་དམག་དོན་གྱི་དམིགས་ཡུལ་འགྲུབ་ཆེད་ལི་ཡུལ་ནས་བཙན་པོའི་རྒྱལ་རབས་དང་དམག་དོན་འབྲེལ་བཙུགས་མྱོང་དེ། པཱ་ཧན་ན་ནི་གནའ་བོའི་ཝུའུ་སུན་གྱི་ས་ཆ་ཡིན། ཐང་ལ་མགོ་བཏགས་ནས་རིང་ཞིག་འདས། བོད་དང་ཏ་ཟིག་གཉིས་ཀྱིས་ཨ་ལིའོ་ཏ་བྱ་བ་དེའི་རྒྱལ་པོར་བསྐོས་ཤིང་། དམག་དཔུང་དྲངས་ནས་པཱ་ཧན་ནའི་རྒྱལ་པོ་སྔོན་མར་རྒོལ་དུ་ཆས་གཤིས། པཱ་ཧན་ན་ཡི་རྒྱལ་པོ་དམག་ཕམ་སྟེ་ཨན་ཞིར་བྲོས་ནས་སྐྱོབས་པར་ཞུས།”ཞེས་པ་འདིར་ཏ་ཟིག་དང་བོད་གཉིས་ཀྱིས་དམག་དོན་གྱི་འབྲེལ་བཙུགས་སྟེ་ཐང་གི་རྒྱལ་ཁབ་དང་འཐབ་འཁྲུག་བྱས་མྱོང་བ་གསལ་ལ། དེ་ནི་ཡ་གླིང་གི་ཆེས་སྟོབས་དང་ལྡན་པའི་རྒྱལ་ཁབ་བར་གྱི་འཐབ་འཁྲུག་ཤིག་ཡིན་ལ། སྐབས་དེའི་བཙན་པོའི་རྒྱལ་རབས་ཀྱི་རྗེ་བློན་རྣམས་ཀྱིས་སྟོབས་ལྡན་གྱི་རྒྱལ་ཁབ་དང་དམག་དོན་འབྲེལ་བ་འཛུགས་པའི་འཐབ་ཇུས་འདི་བེད་སྤྱོད་བཏང་ནས་རྒྱལ་ཁ་བླངས་པ་ཤེས་ཐུབ། །【


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1