གསར་འགྱུར་དུད་སྣེའི་འཕེལ་རྒྱས་གཏོང་ཐབས་སྐོར་ལ་དཔྱད་པ།
ཚེ་བརྟན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31
ཉེ་བའི་ལོ་ཤས་ནང་། སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྒུལ་འཕྲིན་དྲ་རྒྱ་འཕེལ་རྒྱས་ཤུགས་ཆེན་ཕྱིན་པས་ལག་ཐོགས་ཁ་པར་བེད་སྤྱད་ནས་གསར་འགྱུར་ཤེས་རྟོགས་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་ཡོད་ལ། གསར་འགྱུར་དུད་སྣེའི་ཐོག་ནས་ཆ་འཕྲིན་ཤེས་རྟོགས་བྱེད་པ་དེ་གསར་འགྱུར་གསར་ཤོས་ཤེས་རྟོགས་བྱེད་པའི་ལམ་བུ་མགྱོགས་ཤོས་སུ་གྱུར་ཡོད། སྨྱན་སྦྱོར་རིགས་སྲོལ་རྒྱུན་སྨྱན་སྦྱོར་ཚགས་པར་དང་བརྙན་འཕྲིན། རླུང་འཕྲིན་ནས་ལག་ཐོགས་ཁ་པར་ཚགས་པར་དང་དཔོད་འཕྲིན། དེ་ནས་ད་ལྟའི་སྐད་འཕྲིན་དང་གསར་འགྱུར་དུད་སྣེ་བར་འགྱུར་བ་བྱུང་ཡོད། ད་ལྟ་མི་མང་པོས་ཚགས་པར་དང་བརྙན་འཕྲིན། རླུང་འཕྲིན་སོགས་ཀྱི་ཐོག་ནས་གསར་འགྱུར་ཤེས་རྟོགས་བྱེད་ཀྱི་ཡོད་ཀྱང་གསར་འགྱུར་དུད་སྣེའི་ཐོག་ནས་གསར་འགྱུར་ཤེས་རྟོགས་བྱེད་མཁན་དེ་བས་མང་བ་ཡོད་པ་རེད།
གསར་འགྱུར་ཤེས་རྟོགས་བྱེད་འདོད་པའི་ཀློག་པ་པོ་ཞིག་ལ་ཆ་མཚོན་ན་རྒྱལ་ཁབ་ཕྱི་ནང་དུ་ཐོན་བཞིན་པའི་གསར་འགྱུར་ལམ་སེང་ཤེས་རྟོགས་ཐུབ་པ་དང་གལ་ཆེའི་གསར་འགྱུར་ལ་རྒྱུན་མཐུད་ངང་དོ་ཁུར་དང་དཔྱད་གཏམ་སྤེལ་ཐུབ་པ་ནི་གསར་འགྱུར་དུད་སྣེའི་ཁྱད་ཆོས་ཡིན་ལ་དྲ་རྒྱ་འཕེལ་རྒྱས་ཤུགས་ཆེན་འགྲོ་བའི་དུས་གསར་འགྱུར་ལས་རིགས་མུ་མཐུད་འཕེལ་རྒྱས་འགྲོ་བའི་ལམ་བུ་གལ་ཆེན་ཞིག་ཀྱང་ཡིན།
དང་པོ། གང་ལ་གསར་འགྱུར་དུད་སྣེ་ཟེར་བ་དང་དེའི་ཁྱད་ཆོས་བཤད་པ།
1. གང་ལ་གསར་འགྱུར་དུད་སྣེ་ཟེར།
གསར་འགྱུར་དུད་སྣེ་ནི་ཉེ་བའི་ལོ་ཤས་རིང་གསར་དུ་བྱུང་བ་དང་རིམ་བཞིན་འཕེལ་རྒྱས་བྱུང་བ། གསར་འགྱུར་ཀློག་པ་པོ་རྣམས་ཀྱི་གསར་འགྱུར་ཤེས་རྟོགས་བྱེད་པའི་སྒུལ་འཕྲིན་ཡོ་བྱད་གལ་ཆེན་ཞིག་ལ་ཟེར། གསར་འགྱུར་དུད་སྣེ་འཕེལ་རྒྱས་བཏང་བ་ནི་སྨྱན་སྦྱོར་ཚན་པ་མང་དག་འཕེལ་རྒྱས་འགྲོ་བའི་ལམ་བུར་གྱུར་ཡོད། གསར་འགྱུར་དུད་སྣེར་གསར་འགྱུར་སྤེལ་མགྱོགས་པ་དང་ལྟ་ཀློག་བྱེད་བདེ་བ། དཔྱད་གཏམ་སྤེལ་ཆོག་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། གསར་འགྱུར་དུད་སྣེ་དེ་སྒུལ་འཕྲིན་སྤྱོད་མཁན་ཚོས་དཔོད་ཆུང་དང་སྐད་འཕྲིན་རྗེས་སྤྱོད་མཁོ་ཆེ་བའི་མཉེན་ཆས་ཞིག་ཏུ་གྱུར་ཡོད།
2. གསར་འགྱུར་དུད་སྣེར་ཁྱད་ཆོས་གང་ལྡན་ཡོད།
གསར་འགྱུར་དུད་སྣེ་མང་ཆེ་བ་ནི་སྲོལ་རྒྱུན་སྨྱན་སྦྱོར་ཁང་གིས་གཉེར་ཡོད་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་ཚགས་པར། རླུང་འཕྲིན། བརྙན་འཕྲིན་སོགས་ཀྱི་གསར་འགྱུར་སྤེལ་མ་ཐག་གསར་འགྱུར་དུད་སྣེའི་ཐོག་གསར་འགྱུར་སྤེལ་ནས་ཀློག་པ་པོས་གསར་འགྱུར་ཤེས་རྟོགས་ཡོང་བ་བྱེད་ཀྱི་ཡོད། གསར་འགོད་པས་བྲིས་པའི་གསར་འགྱུར་གསར་ཤོས་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་ནི་དུས་ཚོད་གཏན་འཁེལ་ཅན་ལ་གསར་འགྱུར་སྤེལ་བ་དང་། གསར་འགྱུར་དུད་སྣེའི་ཐོག་གསར་འགྱུར་ནང་དོན་རྩོམ་སྒྲིག་ཚར་རྗེས་ལམ་སེང་གསར་འགྱུར་སྤེལ་ཐུབ་པས་དུས་ཚོད་ཀྱི་བཀག་རྒྱ་མེད། གསར་འགྱུར་དུད་སྣེར་གསར་འགྱུར་ཁང་གིས་དུས་ཐོག་ཆ་འཕྲིན་སྤེལ་ཐུབ་པ་དང་ཀློག་པ་པོས་དུས་ཚོད་དང་པོར་གསར་འགྱུར་ལྟ་ཀློག་བྱེད་ཐུབ་ལ། ཀློག་པ་པོས་གསར་འགྱུར་གྱི་གཤམ་དུ་རང་གི་བསམ་བློ་མཚོན་པའི་དཔྱད་གཏམ་སྤེལ་ཆོག གསར་འགྱུར་དུད་སྣེར་དྲ་རྒྱ་འཕེལ་རྒྱས་ཤུགས་ཆེན་ཕྱིན་པའི་དུས་གསར་འགྱུར་སྤེལ་སྟངས་ཡི་གེ་དང་པར་རིས། བརྙན་མཐོང་དང་དཔྱད་གཏམ་སོགས་ནུས་པ་ཚང་མ་ལྡན་ཡོད་པས། དེ་ནི་སྨྱན་སྦྱོར་མཉམ་འདྲེས་བྱེད་པའི་ལམ་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། སྨྱན་སྦྱོར་ཚན་པ་ཁག་གིས་དེའི་འཕེལ་རྒྱས་ཀྱི་ཐད་འབད་བརྩོན་བྱེད་མུས་ཡིན།
གསར་འགྱུར་དུད་སྣེའི་ནང་དོན་ཐད། སྲོལ་རྒྱུན་སྨྱན་སྦྱོར་པར་ངོས་ཀྱི་ནང་དོན་བཀོད་སྒྲིག་དང་འདྲ་བའི་ཆ་ལྡན་ཡོད་པས་ཀློག་པ་པོས་དུས་ཚོད་སྔ་ཕྱིའི་རིམ་པ་བཞིན་ལྟ་ཀློག་བྱེད་ཆོག་ལ། གསར་འགྱུར་དུད་སྣེར་སྤེལ་བའི་གསར་འགྱུར་ལ་དུས་ཚོད་བྲིས་ཡོད་པས་ཀློག་པ་པོས་དུས་ཚོད་ལ་གཞིགས་ནས་གསར་འགྱུར་ལྟ་བ་དང་། གསར་འགྱུར་དུད་སྣེར་འཚོལ་བཤེར་གྱི་ནུས་པ་ལྡན་ཡོད་པས་དུས་ཚོད་སྔ་ཕྱི་གང་གི་གསར་འགྱུར་ཤེས་འདོད་ཀྱང་གསར་འགྱུར་གྱི་ཁ་བྱང་ཐོག་ནས་ནང་དོན་འཚོལ་བཤེར་བྱེད་ཐུབ་པ། ད་དུང་ཚགས་པར་ཁང་གིས་བཟོས་པའི་གསར་འགྱུར་དུད་སྣེར་གློག་རྡུལ་ཚགས་པར་ལྟ་ཀློག་བྱེད་པའི་ནུས་པ་ལྡན་ཡོད་པས་ཀློག་པ་པོ་འཛམ་གླིང་གི་ས་ཆ་གང་དུ་གནས་ཡོད་ཀྱང་། དྲ་རྒྱ་དང་ལག་ཐོགས་ཁ་པར་ཐོག་གསར་འགྱུར་དུད་སྣེ་ཕབ་ལེན་བྱས་ཡོད་ཚེ་ཚགས་པར་ཁང་དེའི་ཚགས་པར་ནང་དོན་ཉིན་དེ་གར་གློག་རྡུལ་ཚགས་པར་ཐོག་ནས་ལྟ་ཀློག་བྱེད་ཐུབ་པ་ཡིན། གསར་འགྱུར་དུད་སྣེའི་ནང་དོན་ཐད་དུས་ཐོག་གསར་འགྱུར་ཡོད་པ་མ་ཟད་གཏིང་ཟབ་ཀྱི་དཔྱད་གཏམ་དང་། འབྲེལ་ཡོད་གསར་འགྱུར། རྒྱབ་ལྗོངས་དཔྱད་ཡིག བརྙན་མཐོང་། ཆེད་སྒྲིག་ལེ་ཚན་སོགས་མང་པོ་ཡོད། ཕུན་སུམ་ཚོགས་པའི་ནང་དོན་དེ་ལྟ་བུས་ཀློག་པ་པོས་གསར་འགྱུར་ཤེས་པ་དང་དེ་བས་གཏིང་ཟབ་ཀྱི་གསར་འགྱུར་རྟོགས་པའི་དགོས་མཁོ་སྐོང་ཐུབ་ངེས་རེད། གཏིང་ཟབ་ཀྱི་དཔྱད་གཏམ་ནི་ནང་དོན་གཅིག་དམིགས་སུ་བཟུང་ནས་དབྱེ་ཞིབ་གཏིང་ཟབ་བྱས་ནས་སྤེལ་བ་ཞིག་དང་། འབྲེལ་ཡོད་གསར་འགྱུར་ནི་གསར་ཐོན་གསར་འགྱུར་ནང་དོན་ཞིག་ལ་དེ་དང་འབྲེལ་བའི་གོང་གི་གསར་འགྱུར་ཁ་ཤས་སམ་དེ་ལས་མང་བ་འབྲེལ་ཡོད་གསར་འགྱུར་ནང་དོན་བཟོ་བ། རྒྱབ་ལྗོངས་དཔྱད་ཡིག་ནི་གསར་འགྱུར་ཞིག་གི་རྒྱབ་ལྗོངས་ཆ་འཕྲིན་དང་། པར་རིས། བརྙན་མཐོང་སོགས་ནང་དོན་ཕུན་སུམ་ཚོགས་པའི་དཔྱད་ཡིག་གི་ནང་དོན་མཁོ་འདོན་བྱེད་པ། ཆེད་སྒྲིག་ལེ་ཚན་ནི་དཔེར་ན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ནང་དོན་གཙོ་བོར་བྱེད་པའི་ལེ་ཚན་ལྟ་བུའི་ནང་དོན་ཐོག་བཞུགས་མོལ་ཚོགས་འདུའི་གསར་འགྱུར་ནང་དོན་དང་ཚོགས་འདུའི་ནང་དོན་ལ་སློབ་སྦྱོང་བྱེད་པ། བོད་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཀྱི་འཕེལ་རྒྱས། དེ་སྔའི་བཞུགས་མོལ་ཚོགས་འདུའི་ནང་དོན་སོགས་ཆེད་སྒྲིག་ལེ་ཚན་བཟོ་བའི་གསར་འགྱུར་བཀོད་སྟངས་ཤིག་ཡིན།
གཉིས་པ། གསར་འགྱུར་དུད་སྣེ་སྤྱོད་མཁན་ལ་དབྱེ་ཞིབ་བྱེད་པ།
གསར་འགྱུར་དུད་སྣེ་འཕེལ་རྒྱས་གཏོང་དགོས་ཚེ་དེ་སྤྱོད་མཁན་གྱི་ཀློག་པ་པོར་དབྱེ་ཞིབ་བྱེད་དགོས། སྨྱན་སྦྱོར་ཚན་པས་གསར་འགྱུར་དུད་སྣེ་བཟོ་བའི་རྒྱུ་མཚན་ནི་དེང་དུས་སྲོལ་རྒྱུན་སྨྱན་སྦྱོར་ལ་ཀློག་པ་པོ་ཉུང་དུ་འགྲོ་བ་དང་ཀློག་པ་པོ་མང་ཆེ་བ་གསར་དར་སྨྱན་སྦྱོར་ལ་དགའ་པོ་བྱེད་པས་གསར་འགྱུར་ཡོ་བྱད་གང་བེད་སྤྱད་ནས་གསར་འགྱུར་བརྒྱུད་སྤེལ་བྱེད་པ་དེ་ཡིན་པ་དང་གསར་འགྱུར་དུད་སྣེའི་ཐོག་ནས་གསར་འགྱུར་ལ་བལྟ་མཁན་ག་ཚོད་ཡོད་པ། གསར་འགྱུར་བརྒྱུད་བསྐུར་ག་ཚོད་བྱུང་ཡོད་པ་སོགས་གསལ་པོར་ཤེས་ཐུབ་པས། རྩོམ་སྒྲིག་པས་གསར་འགྱུར་དུད་སྣེའི་ཐོག་ཀློག་པ་པོར་དམིགས་ནས་གསར་འགྱུར་ནང་དོན་རྩོམ་སྒྲིག་བྱེད་དགོས་པ་ནི་གལ་ཆེན་པོ་ཡིན་པ་རེད་ལ། སྲོལ་རྒྱུན་གྱི་གསར་འགྱུར་ནང་དོན་ལ་རྩོམ་སྒྲིག་བྱས་ནས་གསར་འགྱུར་དུད་སྣེའི་ཐོག་སྤྱོད་པའི་ཆ་འཕྲིན་ཡག་པོ་ཞིག་ཆགས་པ་བྱས་ནས་གསར་འགྱུར་སྤེལ་བ་དང་། ཇུས་འགོད་ཡག་པོ་བྱས་ནས་ཆ་འཕྲིན་སྤེལ་བའི་ཐོན་རྫས་སུ་གྱུར་ཡོད་པ་ཡང་གལ་ཆེན་པོ་རེད།
གསར་འགྱུར་དུད་སྣེ་སྤྱོད་མཁན་གྱི་དགའ་ཕྱོགས་ལ་གཞིགས་ནས་གསར་འགྱུར་དུད་སྣེའི་ནང་དོན་ཇུས་འགོད་དང་འཆར་འགོད། ནང་དོན་གསར་པ་སྤེལ་དགོས་པ་དང་གསར་འགྱུར་དུད་སྣེ་སྤྱོད་མཁན་གྱི་དགའ་ཕྱོགས་ནི་གསར་འགྱུར་སྤེལ་བའི་གཞི་འཛིན་ས་ཡིན། གསར་འགྱུར་དུད་སྣེའི་ཚན་པས་རྒྱུན་ཆད་མེད་པར་གསར་འགྱུར་དུད་སྣེ་སྤྱོད་མཁན་སྣ་མང་ཅན་དང་རང་གཤིས་ཅན་གྱི་དགོས་མཁོ་སྐོང་ཐུབ་པ་བྱས་ནས་གསར་འགྱུར་དུད་སྣེ་སྤྱོད་མཁན་གྱི་ཉམས་ལེན་ལ་མཐོང་ཆེན་བྱུང་ན་ད་གཟོད་གསར་འགྱུར་དུད་སྣེའི་འགྲན་རྩོད་ཁྲོད་གྲུབ་འབྲས་ཡག་པོ་ཐོབ་སྲིད་ལ་གསར་འགྱུར་དུད་སྣེ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་ངེས་རེད།
གསུམ་པ། གསར་འགྱུར་དུད་སྣེའི་རྩོམ་སྒྲིག་པའི་བྱང་ཚད་མཐོ་རུ་གཏོང་བ།
སྲོལ་རྒྱུན་སྨྱན་སྦྱོར་དག་གསར་འགྱུར་དུད་སྣེས་ཚབ་བྱེད་པའི་སྨྱན་སྦྱོར་གསར་པ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཆེད་ལས་ཆེད་མཁས་ཤེས་ལྡན་མི་སྣ་མི་འདང་བ་ནི་སྨྱན་སྦྱོར་གསར་པ་གོང་འཕེལ་གཏོང་བར་འགོག་རྐྱེན་བཟོ་བའི་གནད་དོན་གལ་ཆེན་ཞིག་རེད། ཕྱོགས་གཅིག་ནས་སྔར་ཡོད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་སྲོལ་རྒྱུན་སྨྱན་སྦྱོར་གྱི་ལས་ཀ་བྱེད་པ་ཕུད་སྨྱན་སྦྱོར་གསར་པའི་ལས་ཀར་ཞུགས་པའི་བསམ་བློར་འགྱུར་བ་གཏོང་དགོས་པ། ཕྱོགས་གཞན་ཞིག་ནས་སྒུལ་བདེའི་གསར་འགྱུར་སྤེལ་བའི་དུས། གསར་འགོད་པ་དང་རྩོམ་སྒྲིག་པར་ཆེད་ལས་བྱང་ཚད་ཀྱི་རེ་བ་དེ་བས་མཐོ་བ་ཡོད། སྨྱན་སྦྱོར་གསར་པ་འཕེལ་རྒྱས་འགྲོ་བའི་ཆེད་ལས་བསམ་བློ་ལྡན་དགོས་པ་དང་། ཆེད་ལས་པ་གསོ་སྐྱོང་དང་སྔར་ཡོད་དཔུང་ཁག་གི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་སྒུལ་བདེའི་ཁྱབ་སྤེལ་གྱི་ཆོས་ཉིད་དང་མཐུན་དགོས་པ་ནི་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་ནས། གསར་འགྱུར་དུད་སྣེའི་རྩོམ་སྒྲིག་པའི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། སྨྱན་སྦྱོར་གསར་པའི་དུས་སྐབས་སུ་གསར་འགོད་པ་དང་རྩོམ་སྒྲིག་པའི་དབྱེ་བ་དེ་ཙམ་ཁ་གསལ་མེད་པར་གསར་འགྱུར་གྱི་འཆར་འགོད་བྱེད་ཐུབ་པ་དང་གསར་འགོད་པ་བྱེད་ཐུབ་པ། རྩོམ་སྒྲིག་པ་ཡང་བྱེད་ཐུབ་པའི་ཕྱོགས་ཡོངས་ཅན་གྱི་མི་སྣ་ཞིག་བྱེད་ཐུབ་པ་དགོས། རྩོམ་སྒྲིག་པའི་ལས་ཀའི་ཆུ་ཚད་ཀྱིས་གསར་འགྱུར་ནང་དོན་ཡག་པོ་བཟོས་ཡོད་མེད་དང་འབྲེལ་བ་ཡོད་པས་རྩོམ་སྒྲིག་པ་ཕྱོགས་ཡོངས་ཀྱི་ཤེས་བྱའི་ཆུ་ཚད་མཐོ་རུ་བཏང་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་དགོས། །