རླུང་རྟ་སྡེ་བཞིའི་བྱུང་བ་ལ་དཔྱད་པ།
ཚེ་རིང་རྣམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31
དང་པོ། རླུང་རྟ་ཞེས་པའི་མིང་ལ་དཔྱད་པ།
ཀླུང་རྟའམ་རླུང་རྟ་ཞེས་པ། མི་ཡི་ཚེ་བསོད་དང་ཁ་རྗེ་དབང་ཐང་སོགས་ལ་གོ ཐ་སྙད་དེ་རྒྱ་སྐད་ཀྱི་ལུང་མཱ་(龙马)ཞེས་པ་ཆ་ཤས་སྒྲ་སྒྱུར་དང་ཆ་ཤས་དོན་སྒྱུར་བྱས་ཏེ་བྱུང་བར་བཞེད་མོད། ཡིན་ཡང་ལུང་མཱ་ནི་འབྲུག་རྟའི་དོན་ཏེ། ཐ་སྙད་འདི་བོད་ལ་དུས་སྔ་མོ་ནས་ཡོད་པས་བསྒྱུར་པའི་དགོས་པ་མེད། མདོ་གཟེར་མིག་བསྡུས་པ་རུ། “ཡི་གེ་འཕྲུལ་གྱི་སླག་པ་གསོལ། གཡུ་འབྲུག་སྔོན་མོའི་རྟ་ལ་ཞོན་”ཞེས་པ་དང་། “འབྲུག་རྟས་གཤེན་རབ་བང་ཆེན་ཡོ་བྱས་ནས། འབྲུག་གི་ལུས་པོ་བོར་ནས་ཐར་བ་ཐོབ་པར་ངེས་”ཞེས་ལྟར་བཀོད་འདུག་པས་དོན་དུའང་འབྲུག་རྟ་དེ་ཉིད་ལྷའི་ཆིབས་པ་འབྲུག་གི་ལུས་རྟེན་ཅན་ཞིག་ལས་རྒྱ་ནག་གི་ལུང་མཱ་སྟེ་རྒྱབ་ཏུ་སྤར་ཁའི་རི་མོ་“ཧེ་ཐོའུ་”(河图) ཡིས་མཚན་པའི་སེམས་ཅན་དེ་མིན་པ་ཤེས་ཐུབ། དེ་བས་ཀླུང་རྟའམ་རླུང་རྟ་ཞེས་པ་བོད་རང་གི་མིང་ཞིག་ཡིན་པ་གོར་མ་ཆག །འོ་ན་འབྲི་ཚུལ་དེ་གཉིས་ལས་གང་ཞིག་ཡང་དག་ཡིན་ཞེ་ན། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་“ཀླུང་རྟ་ཞེས་བྲིས་ན་མཛེས་པོ་མེད་པས་རླུང་རྟ་ཞེས་བྲིས་ན་ལེགས་སོ་”ཞེས་གསུངས་ཡོད་ཀྱང་དེ་ཚད་ཐུབ་ཏུ་མི་འདོད་དེ། གང་ཡིན་ཞེ་ན། ཀླུང་རྟ་ཞེས་པ་ཚེ་བསོད་དབང་ཐང་གི་དོན་ལ་འཇུག་སྟེ། བཻ་དཀར་དུ། གཅིག སྲོག གཉིས། ལུས། གསུམ། དབང་ཐང་། བཞི། རླུང་རྟ་ཞེས་བཀོད་ཅིང་སྲོག་ལུས་དབང་ཐང་ཀླུང་རྟའི་ཆོ་ག་ལྟར། །ཉམས་པ་སོས་ཤིང་མ་ཉམས་འཕེལ་གྱུར་ཏེ། །སྙན་པའི་དར་དང་གྲགས་པའི་དུང་བཞིན་དུ། དགེ་བའི་མཚན་མས་ཀུན་ནས་ཤིས་པར་བྱེད་” ཅེས་གསུངས་པ་ལྟར། “དེ་ལྟ་བུའི་བྱེད་ལས་དེ་ཉིད་རྟ་མཆོག་རླུང་གི་ཤུགས་ཅན་གྱི་གཟུགས་སུ་བཀོད་པ་དེ་ཉེས་པ་ནས་ལེགས་པར་བགྲོད་པའོ”ཞེས་ཀུན་མཁྱེན་འཇིགས་མེད་དབང་བོས་གསུངས་སོ། །
གཉིས་པ། རླུང་རྟའི་འབྱུང་ཁུངས་དང་འབྲེལ་བའི་བཞེད་ལུགས།
1.ཀོང་ཙེ་འཕྲུལ་རྒྱལ་གྱི་རིང་ནས་ཀླུང་རྟ་བྱུང་བར་བཤད་ལ། དེ་ཡང་ཀོང་ཙེ་འཕྲུལ་རྒྱལ་ནི་ཁུང་ཙི་ཡིན་པ་ཐུའུ་བཀྭན་གྲུབ་མཐའ་སོགས་སུའང་གསུངས་འདུག་ཀྱང་། དེ་ནི་སྔ་མའི་མཁས་པ་རྣམས་ཀྱིས་མིང་གི་སྒྲ་གདངས་ཙམ་ལ་འཁྲུལ་ཏེ་ཡུལ་དུས་སོགས་ལ་ཞིབ་ཏུ་མ་བརྟག་པར་མ་དག་རྒྱུན་འབྱམས་སུ་སོང་པའི་རྟགས་སུ་འཁུམས་ཏེ། མདོ་འདུས་སུ། “རྒྱལ་པོ་གསལ་མཆོག་ཚེ་འཕོས་པས། །འོལ་མོ་གླིང་གི་ནུབ་ཕྱོགས་སུ། ཡུལ་རྒྱ་ལག་འོད་མའི་གླིང་། །མཁར་ནི་ཁྲི་སྒོ་རྩེ་བརྒྱ་ནས། །གྲོང་ཁྱེར་འཕྲུལ་བསྒྱུར་བཀོད་པ་རུ། །ཡ་བ་ཀ་དྷ་ལ་གསེར་འོད་དང་། །བཙུན་མོ་མུ་ཏྲི་གསལ་འོད་མའི། །སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་སྐྱེས། །”ཞེས་བཀོད་ཅིང་། “ཀོང་ཙེ་ནི་ཞང་ཞུང་སྐད་དེ་གཙུག་ལག་གི་དོན་ཡིན་ཞིང་། སྟོན་པ་གཤེན་རབ་ཀྱི་སློབ་བུ་ཡིན་”པར་བཞེད། ཀོང་ཙེ་འཕྲུལ་རྒྱལ་གྱི་འཁྲུངས་ཡུལ་རྒྱ་ལག་འོད་མའི་གླིང་ཡིན་པས་རྒྱ་ཀོང་ཙེ་རུའང་འབོད་ཀྱང་ཁ་ཅིག་གིས་རྒྱ་ལག་ཞེས་པ་རྒྱ་ནག་ཏུ་འདོད་པ་ནི་འཁྲུལ་བ་ཤ་སྟག་གོ །
2.རྒྱ་གར་ལས་བྱུང་བར་བཞེད་མཁན་གཙོ་བོ་ཝེ་དལ་(Waddell)ལགས་ཏེ། ཁོང་གིས་རླུང་རྟའི་རི་མོ་ནི་རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཀ་བར་བརྐོས་པའི་བཀའ་རྒྱ་དང་། གླང་ཆེན་དང་རྟ་ཕོ། བ་གླང་དང་སེང་གེ་བཅས་ཕྱོགས་བཞིའི་ཕྱོགས་སྐྱོང་ཡིན་པའི་སེམས་ཅན་དེ་དག་གི་རི་མོ་ནང་པའི་རྗེས་འཇུག་པ་རྣམས་ཀྱིས་གཡར་བ་དང་། “རླུང་རྟ་ནི་བླ་མ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་མཚོན་བྱེད་རི་མོ་དེ་དག་རང་འདོད་ངང་བསྒྱུར་བཅོས་བྱས་རྗེས་ཐོན་པའི་འབྲས་བུ་ཞིག་ཡིན་”ཞེས་གསུངས་ནའང་། ཕྱོགས་སྐྱོང་གི་རིག་གནས་དེ་འཛམ་གླིང་གི་ཡུལ་གྲུ་གང་མང་དུ་ཁྱབ་ཡོད་ལ། ཕྱོགས་སྐྱོང་དུ་བསྟེན་པའི་སྲོག་ཆགས་ཀྱང་རིགས་འདྲ་ཡོད་པ་མ་ཟད། རླུང་རྟ་སྡེ་བཞི་སྟེ་སྟག་སེང་ཁྱུང་འབྲུག་བཞི་པོ་རིས་དབྱིབས་སུ་འགོད་དུས་གནས་ཀྱང་ངེས་གཏན་མ་ཡིན་པ་རླུང་རྟ་མི་འདྲ་བ་བསྡུར་བ་ལས་ཤེས་ཐུབ་པས། སྲོག་ཆགས་དེ་བཞི་བོར་མཚོན་བྱའི་ཕྱོགས་མཚམས་ངེས་གཏན་ཞིག་མ་མཆིས་སོ། །
གསུམ་པ། རླུང་རྟའི་བྱུང་བ་ལ་བརྟག་པ།
1.བོད་ཀྱི་གནའ་བོའི་རྟའི་རིག་གནས། གོང་གསལ་ལྟར་རླུང་རྟ་ནི་བོད་མིས་རང་གི་ཁ་རྗེ་དབང་ཐང་འཕེལ་བའི་སྨོན་འདུན་རྟ་མཆོག་ལ་བཅོལ་བའི་སེམས་ཁམས་མཚོན་སྟངས་ཤིག་སྟེ། འབྲོག་ལས་རིག་གནས་དར་ཆེ་བའི་བོད་པ་ལ་མཚོན་ན། འཚོ་བ་དང་འདུ་ཤེས་ཁྲོད་དུ་རྟ་ལ་དོན་སྙིང་དམིགས་བསལ་ཞིག་ཡོད་ངེས་ཏེ། དེ་ནི་རླུང་རྟའི་རིག་གནས་བསྐྱེད་པའི་དངོས་ཡོད་ཀྱི་རྨང་གཞི་ཡིན་ཏེ། བོད་ལ་སྔ་མོ་ནས་རྟ་དཔྱད་པའི་རིག་པ་དང་ཆེད་ལས་མི་སྣ་ཡོད་པ་རྟ་དཔྱད་ཀུན་གསལ་མེ་ལོང་དུ། “རྟ་མཁན་མཁས་པ་མི་དགུ་བསྡུས། དགུ་བོ་འདོད་ལུགས་སོ་སོར་བྱུང་། དགྱེ་བོ་འཇག་རྟ་རུ་རྔ་གཉིས། སྒུར་པོ་གྱམ་ཤིང་མུ་ཆེན་གཉིས། དྲང་པོ་འདོ་བོ་གྱི་ལིང་གཉིས། ཞེས་ཁྲི་སྲོང་གི་དུས་ནས་རྟའི་དབྱེ་བ་ཆེན་པོ་དྲུག་སྟེ་”ཞེས་བརྗོད་པ་ལས་རྟོགས་ཐུབ་ཅིང་། དམངས་ཁྲོད་ཀྱི་རྟ་བཤད་དུའང་། “གནམ་རྟ་གྱི་ལིང་ཁྱུང་དང་འདྲ། ས་རྟ་གྱི་ལིང་སྤྱང་དང་འདྲ། །མེ་རྟ་གྱི་ལིང་འཕར་བ་འདྲ། །རླུང་རྟ་གྱི་ལིང་སྤྲིན་དང་འདྲ། །ཆུ་རྟ་གྱི་ལིང་ཉ་མོ་འདྲ། །”ཞེས་བརྗོད་པ་ལྟར། རྟ་དེ་འབྱུང་བའི་ཁམས་དང་སྦྱར་ཏེ་རིགས་བཀར་ཡོད་པས་འབྱུང་བ་དང་རླུང་རྟ་སྦྱར་བ་དམིགས་བསལ་ཞིག་དང་ཐོལ་བྱུང་ཞིག་མིན། ཏུན་ཧོང་ཡིག་རྙིང་དུ། “རྟ་དོ་མ་གཡག་དོམ། སྣམ་རྟ་དང་གཡག་འཕྲལ་སྤྲད། མཇལ་ནས།” ཞེས་པ་ལས། བོད་ཀྱི་གནའ་བོའི་དུར་མཆོད་ཀྱི་ཆོ་ག་རུའང་རྟ་ལ་བྱེད་ནུས་དང་དོན་སྙིང་གལ་ཆེན་ཞིག་ཡོད་པ་ཤེས་ཐུབ་སྟེ། “སྲིད་པའི་བོན་གྱིས་རྟ་ནི་མི་ཚེ་ལས་འདས་ཏེ་འཇིག་རྟེན་ཕྱི་མ་རུ་སྐྱེལ་བྱེད་ཀྱི་ཆིབས་པ་ཡིན་པར་འདོད།”ཞེས་གསུངས་པའི་ཕྱིར་རོ། །ད་དུང་འཛམ་གླིང་སྤྱི་བསང་དུའང་“དགྲ་བླ་གསས་མཁར་གྱི་ཁ་གསོས། རླུང་རྟ་དར་འཕྲེང་གི་རྨུ་ཐག་འཐེན།”ཞེས་བཀོད་པས། རྟ་ཡིས་རྣམ་ཤེས་འདྲེན་ཐུབ་པའི་ལྟ་སྟངས་འདི་ནི་རླུང་རྟའི་རིག་གནས་བསྐྱེད་པའི་བསམ་བློའི་རྨང་གཞི་དང་། དེ་ལས་ང་ཚོས་གདོད་མའི་དུས་སུ་རླུང་རྟ་དུར་མཆོད་དུ་བཀོལ་བཞིན་པ་དཔག་ཐུབ།
2.རླུང་རྟ་སྡེ་བཞིའི་བྱུང་བ། རྗེ་དཀོན་མཆོག་འཇིགས་མེད་དབང་པོས། “སྟག་སེང་ཁྱུང་འབྲུག་བཞི་དང་འགྲོགས་པ་ཡི། །རླུང་རྟའི་དགེ་མཚན་ཕུལ་ཏུ་བྱུང་བ་ཡིས། །” ཞེས་གསུངས་པ་ལྟར། སྟག་དང་སེང་གེ ཁྱུང་དང་གཡུ་འབྲུག་ནི་རླུང་རྟའི་གྲུ་ཟུར་བཞིར་གནས་པའི་སྲོག་ཆགས་བཞི་སྟེ། དེ་ལ་རླུང་རྟ་སྡེ་བཞི་ཞེས་འབོད། དབྱིན་ཇི་བ་རོ་བྷོར་ཋི་པིས་ཨར་གྱིས། སྲོག་ཆགས་དེ་བཞི་བོ་ནི་རྒྱ་ནག་གི་ཕྱོགས་སྐྱོང་གི་སྲོག་ཆགས་བཞི་སྟེ། “གཡུ་འབྲུག་(青龙)དང་་སྟག་དཀར།(白虎)བྱ་དམར་དང་(朱雀)སྦལ་ནག་(玄武)བཞི་ཡི་གཟུགས་གྱུར་ཏེ་གྲུབ་པ་ཡིན་” ཞེས་བཤད་ཀྱང་། རྒྱའི་ཕྱོགས་སྐྱོང་བཞིའི་ལྟ་ཚུལ་ནི་ཆིན་དང་ཧན་རྒྱལ་རབས་ཀྱི་སྐབས་སུ་ད་གཟོད་ཆགས་ཤིང་། དེའང་མཚོན་བྱེད་ཀྱི་སྲོག་ཆགས་འདྲ་མིན་སྣ་ཚོགས་ཡོད་ལ། “རྒྱ་ནག་འབྱུང་རྩིས་སུ། གཡུ་འབྲུག་དང་རྒྱ་སྟག་གིས་ཕོ་མཚོན་ལ། བོད་ཀྱི་རླུང་རྟ་རུ་དེ་གཉིས་འགྱུར་བ་བྱུང་སྟེ་མོའི་མཚོན་བྱེད་དུ་གྱུར།”ཞེས་ཞེ་ཅི་ཧྲིན་(谢继胜)གྱིས་གསུངས་སོ། ། གཞན་ད་དུང་དུས་རབས་བཅུ་གསུམ་པའི་ཡིག་ཚང་དབུ་ནག་མིའི་འདྲ་ཆགས་ཞེས་པ་རུ་རླུང་རྟའི་རི་མོའི་ཁྲོད་ན་སེང་གེ་མ་ཡིན་པར་གཡག་ཉིད་བྲིས་ཡོད་པས། དེ་དག་གཅིག་ཏུ་བསྡོམས་ཏེ་བརྟག་ན། རླུང་རྟ་སྡེ་བཞི་ནི་རྒྱའི་ཕྱོགས་སྐྱོང་གི་རི་དྭགས་ཀྱི་གཟུགས་གྱུར་ནས་བྱུང་བ་མ་ཡིན་ཏེ། བོད་ཀྱི་གདོད་མའི་ཆོས་ལུགས་དད་མོས་དང་འབྲེལ་བ་ཡོད་པར་སྙམ། རུས་རྒྱུད་ཚོ་བའི་སྤྱི་ཚོགས་སུ། རུས་རྒྱུད་རེ་རེས་རང་གི་དགྲ་ལྷ་མཚོན་བྱེད་ཀྱི་སྲོག་ཆགས་ཤིག་ལ་དད་པའི་ལུགས་སྲོལ་ཡོད་ཅིང་དེ་ནི་འཛམ་བུ་གླིང་གི་མི་རིགས་སོ་སོར་དཀྱུས་གཅིག་ཏུ་ཁྱབ་པའི་གདོད་མའི་ཆོས་ལུགས་དད་མོས་ཀྱི་རྣམ་པ་ཞིག་ཡིན། བཙན་པོའི་རྒྱལ་རབས་ཡར་སྔོན་དུ། ཚོ་བ་སོ་སོར་ཐུན་མོང་གི་རུ་དར་ཞིག་མེད་པས། རང་རང་གི་རུས་རྒྱུད་ཀྱི་དགྲ་ལྷར་བཀུར་བའི་སྲོག་ཆགས་བཀོད་ཅིང་། དེ་གཡུལ་འགྱེད་སོགས་ཀྱི་སྐབས་སུ་ལྷག་ཏུ་གལ་ཆེན་ཞིག་ཡིན། གདོད་མའི་སྤྱི་ཚོགས་སུ། སྲོག་ཆགས་ཁ་ཤས་ལ་མི་ལས་འདས་པའི་མཐུ་སྟོབས་དང་ལྡན་ཏེ་མིས་བཀོལ་སྤྱོད་དང་ཚོད་འཛིན་མི་ཐུབ་པས་གནའ་བོའི་མིའི་འདུ་ཤེས་སུ་སྲོག་ཆགས་དེ་དག་ལྷ་རུ་མཐོང་བ་ཡིན་ཞིང་། སེམས་ཁམས་འདི་རིགས་ཀྱིས་རུས་རྒྱུད་ཚོ་བའི་མཐུན་སྒྲིལ་དང་བདེ་འཇགས་སྲུང་འཛིན་བྱེད་ཀྱི་ཡོད་པས་སྲོག་ཆགས་ལ་དད་པའི་ལུགས་སྲོལ་ནི་དེ་ལྟར་བྱུང་། དེ་བས་རླུང་རྟ་སྡེ་བཞི་སྟེ་སྟག་སེང་ཁྱུང་འབྲུག་ཀྱང་དང་ཐོག་རིགས་རྒྱུད་ཀྱི་མཚོན་རྟགས་བྱེད་པའི་སྲོག་ཆགས་དག་ཡིན་པ་ལས་རིག་གནས་གཞན་ལས་མཆེད་འོངས་པ་ཞིག་མ་ཡིན་ནོ། །