སྤྱོད་ལམ་དང་ཁྲིམས་ལུགས།

འཕྲིན་ལས་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


སྤྱོད་ལམ་དང་ཁྲིམས་ལུགས་།

དེ་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། གངས་རིས་ཡོངས་སུ་བསྐོར་བའི་འཛིན་མའི་དཀྱིལ་འཁོར་གྱི་ཕྱོགས་ཀུན་ཏུ་དགོན་སྡེ་རྣམས་སླར་ཡང་གསོ་བའི་ཡོ་ལང་གི་དབུ་ཚུགས་ཤིང་། དེར་མཐུད་ནས་ངེས་འབྱུང་རྣམ་དག་ཅིག་གིས་ཐུགས་རྒྱུད་སྐུལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཅོས་མིན་གྱི་རེ་སྙེག་བྱེད་པའི་ངུར་སྨྲིག་གི་ན་བཟའ་གསོལ་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་མཐོང་ལམ་དུ་མངོན་བྱུང་། དེ་ནི་རྒྱའི་གྲོང་ཁྱེར་ཞིག་གི་བཟོ་གྲྭ་ག་གེ་མོ་ཞིག་ནས་འཕྲུལ་ཆས་གསར་པ་ཞིག་ལེགས་པོར་གྲུབ་སྟེ་ཚོང་རར་བཀྲམས་པ་དང་ཀུན་ནས་མཚུངས་ལ། སྐབས་དེའི་བླ་གྲྭ་དེ་དག་གི་བྱང་ཚད་ཀྱང་འཕྲུལ་ཆས་གསར་པ་དེའི་ལྷུ་ལག་ཇི་བཞིན་ཧ་ཅང་འཐུས་ཚང་ཞིག་ཡིན་པ་སྨོས་མ་དགོས།

དུས་རབས་གསར་པའི་སྐྱ་རེངས་ཀྱི་འོད་སྣང་འཕྲོས་ཏེ་སྤྱི་ཚོགས་ལ་གནམ་སའི་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་བ་ནས་བཟུང་། ཆོས་འདུལ་བ་ལ་གློ་བ་ཉེ་བའི་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་བླ་གྲྭ་ཚོའི་ཁྲོད་ནའང་། སྒྱིད་ལུག་དང་རྣམ་གཡེང་གི་བག་མ་བསུ་བའི་བླ་གྲྭ་སྐྱོན་ཅན་རེ་འགའི་སྤྱོད་ལམ་ཡང་འཕྲུལ་ཆས་དེ་དག་གི་ལྷུ་ལག་བཞིན་ཉམས་བཞིན་འདུག །

ད་ལྟའི་ཁྲ་ཁྲ་རིག་རིག་གི་དུས་རབས་འདི་ལ་བསམ་བློ་ཞིག་བཏང་ན། བཤད་མི་ཤེས་གེ་སར་གྱི་སྒྲུང་དང་བཤིག་མི་ཤེས་གོས་སྐུད་ཀྱི་དཀྲིས་ཟེར་བ་ནང་བཞིན་བླ་མ་དང་གྲྭ་བ། ལས་བྱེད་པ། དམག་མི་སོགས་རྫུན་མ་མང་པོའི་ཁ་དར་ཏེ། དེང་རབས་འཕྲུལ་ཆས་ཀྱི་ལྷུ་ལག་བཞིན་བཟང་ངན་བདེན་རྫུན་གྱི་ཁྱད་པར་འབྱེད་ཁག་པའི་སྤྱི་ཚོགས་ཤིག་ཏུ་གྲུབ་ཚར་འདུག །ལྷག་པར་དུ་ཆོས་འདུལ་བ་མིག་འབྲས་བཞིན་སྲུང་སྟེ་མི་དགེ་བཅུ་སྤོང་བའི་ལས་གཉེར་བ་དང་། སོ་ཐར་གྱི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱིས་བཅིངས་པའི་རབ་བྱུང་པ་ཞིག་ལ་མཚོན་ན། སྐྱིད་ལ་སྡུག་པའི་གྲྭ་རྐྱང་གི་འཚོ་བའི་ཀློང་ནས་བྲག་རི་བཞིན་བརྩིགས་པའི་གླེགས་བམ་དག་ལ་སློབ་གཉེར་གྱི་རྒྱུན་སྐྱོང་དགོས་པ་ལས། ཟང་ཟིང་གི་འཁོར་བའི་གྲོང་ལ་ཡིད་ཆགས་ནས་སྟོན་ཁའི་བ་མོ་བཞིན་རླུང་བུས་ཕྱོགས་ངེས་མེད་དུ་འདེད་ཀྱིན་པ་དེ་ནི་དངོས་གནས་དགོད་བྲོ་བ་ཞིག་ཡིན་ལ། དེ་ལས་ཀྱང་བླ་སྤྲུལ་གང་རུང་ཞིག་གི་མིང་གཡར་ནས་གཟིག་ལྤགས་གྱོན་པའི་བོང་བུའི་རྣམ་ཐར་བསྐྱངས་ཏེ། རང་སྣང་གང་དྲན་གྱིས་རང་གི་སྤྱོད་ལམ་རྒྱ་ཡན་དུ་བཏང་ནས་མགོ་གཡོག་ཧམ་ལེན་གྱི་ཟློས་གར་འཁྲབ་མཁས་པའི་རྒྱ་བླ་བྱེད་པ་ནི། འཁོར་བ་སྤངས་ཏེ་རང་རྒྱུད་འདུལ་མཁན་གྱི་བླ་གྲྭ་ཚོའི་ལམ་ཕྱོགས་ཀྱི་ལྡོག་ཕྱོགས་སུ་སོང་ནས་ཆོས་འདུལ་བའི་རྣམ་བཞག་རྩིས་མེད་དུ་བཏང་བ་ཡིན་པས། ང་ཚོས་ཁོ་ཚོའི་སྤྱོད་ལམ་དེ་དག་རིག་ཚེ་གློ་བུར་གློ་བུར་དུ་དགོད་བྲོ་ཞིང་ངུ་འཆོར་བའི་ཚོར་སྣང་ཞིག་མི་འབྱུང་ངམ།

ད་ལྟའི་རྩོད་ལྡན་སྙིགས་མའི་དུས་འདིར་རྒྱའི་གྲོང་ཁྱེར་ག་གེ་མོ་རུ་བསྐྱོད་པའི་བླ་གྲྭ་རྫུན་མ་དེ་དག་ལ་མཚོན་ན་དགོན་པའི་འདུ་ཁང་དང་མཆོད་རྟེན་གསར་དུ་བཞེངས་པ། སློབ་གྲྭ་གཟུག་རྒྱུ་དང་དྭ་ཕྲུག་གཉོར་བ་སོགས་ལ་ཁ་གཡར་ནས་དཀར་ཐིགས་སློང་བ་དང་། ཡང་ན་ཁོ་ཚོས་མོ་རྩིས་རྫུན་མས་མི་མཁྱེན་མཁྱེན་ཁུལ་དང་མི་ཤེས་ཤེས་ཁུལ་བྱས་ནས་གཞན་མགོ་རྨོངས་པར་བྱེད་ཅི་ཐུབ་ལ་འབད་ཀྱིན་ཡོད་པར་མ་ཟད། བླ་མ་ཆེ་གེ་མོ་ཞིག་གི་སྤྲུལ་སྐུ་ཡིན་ཚུལ་དང་རིག་མ་བཞེས་ཚུལ་སོགས་ཀྱི་རྫུན་གཏམ་ཁོ་ན་བཤད་དེ་ཧ་ལས་ཤིང་ཧང་སངས་པའི་སྤྱོད་ལམ་སྣ་ཚོགས་ཤིག་སྟོན་གྱིན་ཡོད་ལ། གསང་ཡུམ་དང་སྲས་སྲས་མོ་ཡང་གཉོར་ཡོད་ཚོད་རེད། ཡིན་ན་ཡང་། བསམ་ཡིད་ལས་འདས་པ་ཞིག་ལ། ཁོ་ཚོ་ཕྱིར་རང་ཡུལ་དུ་ལོག་དུས་སྔོན་རང་གིས་བྱས་སྤྱོད་ཡོད་ཚད་སྦ་ཅི་ཐུབ་བྱས་ནས་བཙུན་པ་རྣལ་མ་ཞིག་གི་སྤྱོད་ལམ་བཟུང་སྟེ། ཅི་མི་སྙམ་པའི་ངང་དགོན་པའི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་དེ་ལ་སྣེ་ཁྲིད་ཀྱིན་ཡོད་པས། རང་རེའི་བོད་མི་མང་པོ་ཞིག་གིས་སྡོམ་པའི་ཚུལ་ཁྲིམས་མི་ལྡན་ཡང་ལྡན་ཁུལ་བྱེད་པ་དེ་དག་ལ་ལྐོག་ཏུ་“ཁོག་སྟོད་སྟོན་པའི་དང་ཁོག་སྨད་རློན་པ་”ཟེར་བའི་བཤད་སྒྲོས་ཤིག་གང་སར་སྤུར་འདུག་པ་དེར་ཡང་གནས་ལུགས་མེད་པ་ཞིག་མ་རེད་སྙམ།

“ཉིན་མོར་ལྷ་མོར་ལྷ་ལས་རོགས་དང་མཚན་མོར་འདྲེ་མོར་ཐགས་འཐག་རོགས་”ཟེར་བའི་དཔེ་བཞིན་རྒྱའི་གྲོང་ཁྱེར་འགྲིམས་ཀྱིན་པའི་སྤྱོད་ལམ་ཡ་མ་ཟུང་ལྡན་པའི་རྒྱ་བླ་དེ་དག་ལ་ཤོག་སྒོར་གྱི་གླེགས་བམ་མཐུག་པོ་ཞིག་ཡོད་པས། དགོན་པ་དང་སློབ་གྲྭ། བཟོ་གྲྭ་དང་སྲིད་གཞུང་གི་ལས་ཁུངས་གཙོ་བོ་དག་ལ་རང་དོན་འགྲུབ་ཆེན་བ་ལང་གི་ཁ་ཆུ་བཞིན་ལྐོག་རྔན་དང་ཞལ་འདེབས་ཕུལ་དང་འབུལ་བཞིན་ཡོད་པས། དགོན་པ་དང་སྲིད་གཞུང་གི་འགོ་ཁྲིད་གང་ཡིན་ཡང་ཁོ་ཚོའི་ཅི་གསུང་ཐམས་ཅད་ལ་ལགས་སོ་དང་བདེན་ནོ་ཞེས་མངོན་པར་བསྟོད་པའི་མགོ་བོ་ནང་དུ་ལྡེམ་གྱིན་སྙིམ་པ་སྙིང་ཁར་སྦྱོར་བ་ལས། ཆོས་ཚོགས་དང་སྲིད་ལུགས་གང་ལའང་མི་མཐུན་ཞིང་ཚད་ལས་བརྒལ་བའི་སྤྱོད་ལམ་དེ་དག་ལ་ཡ་ལན་སྤྲད་དགོས་ཚེ་ཕག་སྣ་རྡོ་ལ་འཕྲད་པ་ལས་མ་འདས་སོ། །

ཡིན་ན་ཡང་ཁོ་ཚོའི་འདི་ལྟའི་སྤྱོད་ལམ་དག་མུ་མཐུད་དེ་རྒྱ་ཡན་དུ་བཏང་ཚེ། རྒྱའི་གྲོང་ཁྱེར་ག་གེ་མོར་བསྐྱོད་པའི་བླ་གྲྭ་རྫུན་མའི་གྲངས་ཀ་ཇེ་མང་ཡིན་ལ། དེ་རུ་ཡ་མ་ཟུང་གི་སྤྱོད་ལམ་སྣ་ཚོགས་ཀྱིས་ཁྱིམ་པ་བ་ཚོ་སྡུག་ལ་སྦྱོར་གྱིན་ཡོད་པས། “བ་མོ་གཅིག་གིས་མི་ཡི་ཞིང་ཟས་ནས། བ་མོ་ཡོངས་ཀྱི་བགྲོད་པའི་ལམ་བུ་བཀག”ཟེར་བའི་དཔེ་བཞིན་ཚུལ་བཞིན་ཉམས་སུ་ལེན་པའི་ངུར་སྨྲིག་གི་སྡེ་ལ་གནོད་པའི་ཞབས་འདྲེན་གྱི་ནག་ཉེས་བཟོས་དང་བཟོ་བཞིན་ཡོད་པས། དེ་དག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་རྒྱ་མར་གཞལ་ནས་ཚར་གཅོད་རྒྱུའམ། ཡང་ན་དགོན་པའི་ཚོགས་གྲལ་ནས་གནས་དབྱུང་བཏང་ན་བཟང་སྙམ། རྒྱུ་མཚན་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ལྟར་ན། ཆོས་འདུལ་བའི་བཅའ་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས་དག་ལ་འགལ་ཚེ། དེ་ལ་ཐོག་མར་སློབ་གསོ་བཏང་ནས་ཆོས་དང་མཐུན་པའི་ཆད་པ་གཅད་དགོས་ཏེ་ཕྱག་འཚལ་བ་དང་། འདུ་ཁང་དང་ལྷ་ཁང་ལ་གད་དར་བྱེད་པ། ཡང་ན་གནས་དབྱུང་གཏོང་བ་སོགས་གསུངས་ཡོད་པ་ནང་བཞིན། ཁོ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། རྒྱ་གར་པཎ་གྲུབ་དག་གིས་ཀྱིས་མ་གནང་བའི་ཡ་ང་བག་བྲལ་གྱི་བསམ་སྦྱོར་སྣ་ཚོགས་ཤིག་རྒྱ་བོད་གཉིས་ཀྱི་བར་ན་སྤེལ་གྱིན་འདུག །དེ་ནི་གུ་ཡངས་སུ་གཏོང་ཐབས་མེད་པའི་ནད་ཡམས་ཤིག་ཡིན་པར་མ་ཟད། ཆོས་ལུགས་ཀྱི་འདུལ་ཁྲིམས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་གང་ལའང་མི་མཐུན་ཞིང་། སྒེར་མི་ཞིག་གི་རྒྱ་ཡན་དུ་ཤོར་བའི་ཧམ་སེམས་ཁོ་ན་ལས་མ་འདས་པས། ཆོས་སྲིད་གཉིས་ཀྱིས་ཐག་བཅད་པའི་སྒྲིག་སྲོལ་ལྟར་སྤྱོད་ལམ་དེའི་རིགས་གཙང་དག་བྱས་ན། ད་གཟོད་ཅིས་ཀྱང་རང་གཞན་ཀུན་ལ་ཕན་པའི་དོན་དག་ཅི་རིགས་ངང་གིས་བསྒྲུབ་ཐུབ་བོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1