སློབ་གསོ་པུའུ་གཞུང་སྒྲུབ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཆུང་འབྲིང་སློབ་མའི་གཉིད་ཉལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་སྦྱོར།

གུ་རུ་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཚུལ་བཟང་།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-05


    ཕྱི་རོལ་རྒྱུ་རྐྱེན་གྱིས་སློབ་མའི་གཉིད་ཉལ་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་དམིགས་ནས་སློབ་གསོ་པུའུ་ཡིས་《སྔར་ལས་ལྷག་པའི་སློབ་གྲྭ་ཆུང་འབྲིང་སློབ་མ་གཉིད་ཁུག་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་སྦྱོར》འགྲེམས་སྤེལ་བྱས་པ་སྟེ།
    སློབ་གྲྭ་ཆུང་འབྲིང་གི་སློབ་མ་གཉིད་ཉལ་དུས་ཚོད་འདང་ངེས་ཡོང་བ་དང་སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ད་ཆ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་གཉིད་ཡག་པོ་ཁུག་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་སྦྱོར་གཤམ་གསལ།
    གཅིག  ཚན་རིག་དང་མཐུན་པའི་གཉིད་ཉལ་སློབ་གསོའི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས། གཉིད་ཉལ་བྱེད་པ་ནི་ལུས་ཁམས་བསྐྱར་གསོ་དང་དྲན་ཤེས་སྲ་བརྟན་ཡོང་བར་བྱེད་པའི་གནད་འགག་ཅིག་ཡིན་པ་དང་། ཆུང་འབྲིང་སློབ་མའི་ཀླད་པའི་འཚར་སྐྱེ་དང་རུས་པའི་སྐྱེ་འཕེལ། མིག་ནུས་སྲུང་སྐྱོབ།ལུས་སེམས་བདེ་ཐང་། སློབ་སྦྱོང་བྱེད་ནུས་མཐོར་འདེགས་དང་ལས་ཕྱོད་ཇེ་མཐོར་གཏོང་བར་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ས་གནས་ཁག་དང་སློབ་གྲྭ་ཁག་གིས་ཚན་རིག་དང་མཐུན་པའི་གཉིད་ཉལ་སློབ་གསོའི་དྲིལ་བསྒྲགས་སློབ་ཚན་གྱི་སློབ་ཁྲིད་མ་ལག་དང་། དགེ་རྒན་གསོ་སྦྱོང་གི་ནང་དོན། སློབ་གྲྭ་ཁག་གིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་བཅས་སུ་བཅུག་སྟེ་ལུས་རྩལ་དང་བདེ་ཐང་སློབ་ཚན། སེམས་ཁམས་བདེ་ཐང་གི་སློབ་གསོ།འཛིན་གྲྭའི་ཐུན་མོང་བྱེད་སྒོ། ཚན་རིག་འཆད་ཁྲིད་དང་དེ་བཞིན་ཁྱིམ་བདག་སློབ་གྲྭ་དང་ཁྱིམ་བདག་ཚོགས་འདུ་སོགས་ཐབས་ལམ་མང་པོ་བརྒྱུད་ནས་ཤུགས་ཆེན་པོའི་སྒོ་ནས་ཚན་རིག་དང་མཐུན་པའི་གཉིད་ཉལ་ཤེས་བྱ་ཁྱབ་གདལ་གཏོང་བ་དང་།གཉིད་ཡག་པོ་ཁུག་རྒྱུ་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་གལ་ཆེའི་མཚོན་ཚུལ་ཡིན་པ་ཁྱབ་བསྒྲགས་བྱས་ཏེ། དགེ་རྒན་གྱི་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། སློབ་མར་གཉིད་ཉལ་དང་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་ཞིག་ཆགས་པར་སློབ་གསོ་བཏང་སྟེ། ཁྱིམ་བདག་གིས་སློབ་མའི་གཉིད་ཉལ་དོ་དམ་ལ་མཐོང་ཆེན་བྱེད་པར་མཛུབ་སྟོན་བྱེད་དགོས།
    གཉིས།  སློབ་མ་གཉིད་ཉལ་བྱེད་པའི་དུས་ཚོད་ངེས་གསལ་བྱེད་དགོས། ན་ཚོད་མི་འདྲ་བའི་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། སློབ་ཆུང་སློབ་མ་ཉིན་རེར་གཉིད་ཉལ་བྱེད་པའི་དུས་ཚོད་༡༠ལ་འདང་དགོས་པ་དང་། དམའ་འབྲིང་སློབ་མ་དུས་ཚོད་༩ལ་འདང་དགོས། མཐོ་འབྲིང་སློབ་མ་དུས་ཚོད་༨ལ་འདང་དགོས། སློབ་གྲྭ་དང་ཁྱིམ་ཚང་། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་པ་བྱས་ཏེ། ཆུང་འབྲིང་སློབ་མའི་འདང་བར་ཁག་ཐེག་བྱེད་དགོས།
    གསུམ།  སློབ་གྲྭའི་ངལ་གསོའི་དུས་ཚོད་གཅིག་གྱུར་འཆར་འགོད་བྱེད་དགོས།  ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སློབ་མའི་གཉིད་ཀྱི་དུས་ཚོད་ཁག་ཐེག་ཡོང་བ་དང་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཆུང་འབྲིང་སློབ་མའི་སློབ་སྦྱོང་དང་ངལ་གསོའི་དུས་ཚོད་གཏན་འཁེལ་བྱེད་དགོས། སློབ་ཆུང་སློབ་མ་སྔ་དྲོའི་སློབ་ཁྲིད་སྤྱིར་བཏང་དུ་༨:༢༠ལས་སྔ་མི་རུང་བ་དང་། སློབ་འབྲིང་དུས་ཚོད་༨:༠༠ལས་སྔ་མི་རུང་།སློབ་གྲྭས་སློབ་མར་སྔོན་ལ་སློབ་གྲྭར་ཡོང་ནས་གཅིག་གྱུར་གྱི་སློབ་གསོ་སློབ་ཁྲིད་བྱ་འགུལ་ལ་ཞུགས་པའི་བླང་བྱ་བཏོན་མི་ཆོག །ཁྱིམ་ཚང་གི་དམིགས་བསམ་རྒྱུ་རྐྱེན་གྱི་དབང་གིས་སྔོན་ལ་སློབ་གྲྭར་ཐོན་པའི་སློབ་མ་རེ་འགའ་ཡོད་ཚེ། སློབ་གྲྭས་སྔོན་ལ་སྒོ་ཕྱེ་དགོས་ཤིང་། འོས་འཚམ་གྱི་བཀོད་སྒྲིག་བྱེད་དགོས། ལུགས་མཐུན་གྱིས་ཐུན་གསེང་ངལ་གསོའི་དུས་ཚོད་དང་ཕྱི་དྲོའི་སློབ་ཁྲིད་དུས་ཚོད། ཆ་རྐྱེན་ཡོད་པའི་ས་ཆ་དང་སློབ་གྲྭས་སློབ་མའི་ཉིན་གུང་ངལ་གསོའི་དུས་ཚོད་ཁག་ཐེག་བྱེད་དགོས། བཅའ་སྡོད་སློབ་གྲྭས་ལུགས་མཐུན་གྱིས་སློབ་མའི་སློབ་སྦྱོང་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་ཏེ། སློབ་མ་གཉིད་ཉལ་གྱི་དུས་ཚོད་གཏན་འབེབས་ཀྱི་རེ་འདུན་ལ་འདང་བར་ཁག་ཐེག་བྱེད་དགོས།
    བཞི།  སློབ་སྦྱོང་གི་དུས་ཚོད་ཚད་བརྒལ་ཏེ་གཉིད་ཀྱི་དུས་ཚོད་འཛིན་པར་སྔོན་འགོག་བྱེད་དགོས། སློབ་གྲྭ་ཆུང་འབྲིང་གིས་སློབ་ཐུན་གྱི་ཕན་ནུས་ཆེ་རུ་བཏང་སྟེ།  ལས་བྱ་སྤྱི་འདོམས་བཀོད་སྒྲིག་བྱེད་པར་ཤུགས་བསྣན་ནས། ནན་ཏན་སྒོས་འབྲེལ་ཡོད་བླང་བྱ་བརྩི་སྲུང་བྱས་ཏེ། ལུགས་མཐུན་སྒོས་སློབ་མའི་ཡིག་ཐོག་ལས་བྱའི་སྤྱི་གྲངས་ལ་ཚོད་འཛིན་བྱེད་པ་དང་། གང་ལེགས་སྒོས་སློབ་མར་རང་སྦྱོང་དང་སློབ་ཐུན་རྗེས་ཀྱི་དུས་ཚོད་བཀོལ་སྤྱོད་བྱེད་པར་སྣེ་སྟོན་བྱས་ཏེ། སློབ་ཆུང་སློབ་མས་ཡིག་ངོས་ལས་བྱ་ཕལ་ཆེ་བ་སློབ་གྲྭའི་ནང་དུ་འགྲུབ་པར་བྱེད་པ་དང་། སློབ་འབྲིང་སློབ་མས་ཡིག་ངོས་ལས་བྱ་མང་ཆེ་བ་སློབ་གྲྭའི་ནང་དུ་འགྲུབ་པར་བྱས་ཏེ། སློབ་མ་ཁྱིམ་དུ་ལོག་རྗེས་ལས་བྱ་འབྲི་བའི་དུས་ཚོད་རིང་དྲགས་ཏེ་གཉིད་ཀྱི་དུས་ཚོད་འཛིན་པར་སྔོན་འགོག་བྱེད་དགོས། སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་གསོ་སྦྱོང་དུས་ཚོད་༢༠:༣༠ལས་འཕྱི་མི་རུང་བ་དང་། སློབ་ཁྲིད་སྔོན་གྱི་སྦྱོང་བ་དང་རྗེས་ཀྱི་སྲ་བརྟན། སྦྱོང་ཚན་སྦྱོང་བརྡར།འཕྲིན་ཕྲན་ཚོགས་པའི་ནང་དུ་ལས་བྱ་བཀོད་སྒྲིག་སོགས་རྣམ་པ་གང་རུང་གི་སྒོ་ནས་ལས་བྱ་བཀོད་སྒྲིག་བྱས་མི་ཆོག
    ལྔ།  ལུགས་མཐུན་སྒོས་སློབ་མ་གཉིད་ཉལ་གྱི་དུས་ཚོད་བཀོད་སྒྲིག་བྱེད་དགོས། སློབ་གྲྭ་ཆུང་འབྲིང་གིས་ཁྱིམ་བདག་དང་སློབ་མར་མཛུབ་སྟོན་བྱས་ཏེ། སློབ་མའི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བཟོ་དགོས་ལ། སློབ་མའི་གཉིད་ཀྱི་དུས་ཚོད་ཁག་ཐེག་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། སློབ་མ་སོསོའི་གཉིད་ཀྱི་གནས་ཚུལ། ཉིན་གུང་ངལ་གསོའི་དུས་ཚོད་དང་བསྟུན་ནས། ལུགས་མཐུན་སྒོས་དགོང་མོར་གཉིད་པའི་དུས་ཚོད་གཏན་འཁེལ་བྱེད་དགོས། སློབ་མའི་རང་བདག་དོ་དམ་དང་། ཆོས་ཉིད་ལྡན་པའི་སྒོ་ནས་ངལ་གསོ་བྱེད་པ། དུས་ཐོག་ཏུ་གཉིད་པ་བཅས་ལ་སྐུལ་འདེད་བྱེད་དགོས། སློབ་ཆུང་སློབ་མ་གཉིད་པའི་དུས་ཚོད་ནི་སྤྱིར་བཏང་དུ་༢༡:༢༠ལས་མི་འཕྱི་བ་དང་། དམའ་འབྲིང་སློབ་མ་ཆུ་ཚོད་༢༢:༠༠ལས་མི་འཕྱི་བ། མཐོ་འབྲིང་སློབ་མར་སྤྱིར་བཏང་དུ་ཆུ་ཚོད་༢༣:༠༠ལས་མི་འཕྱི་བ། སློབ་མ་རེ་འགས་ཉལ་བའི་དུས་ཚོད་དུ་སླེབས་ཀྱང་ལས་བྱ་བྲིས་མ་ཚར་བ་ཡིན་ན། ཁྱིམ་བདག་གིས་དུས་ལྟར་ཉལ་བར་སྐུལ་འདེད་བྱས་ཏེ་གཉིད་འཆག་མི་རུང་བ་དང་། གཉིད་ཀྱི་དུས་ཚོད་འདང་ངེས་ཡོང་བར་ཁག་ཐེག་བྱེད་དགོས། དགེ་རྒན་གྱིས་དམིགས་ཚད་རང་བཞིན་ཡོད་པའི་སྒོ་ནས་སློབ་མར་རྒྱུ་རྐྱེན་དབྱེ་ཞིབ་བྱེད་རོགས་བྱས་ཏེ། གསབ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་། ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་འདོན་དགོས། གལ་ཏེ་དགོས་པ་ཡོད་ན་ལས་བྱའི་ནང་དོན་དང་མང་ཉུང་ལ་སྙོམས་སྒྲིག་བྱེད་དགོས། ས་གནས་སོ་སོའི་སློབ་གསོ་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཁོངས་གཏོགས་ས་ཁུལ་དུ་ཐོ་འགོད་བྱས་པའི་དྲྭ་ལམ་གསོ་སྦྱོང་དང་། དྲྭ་ལམ་རོལ་རྩེད་ཚད་ལྡན་ངང་དོ་དམ་བྱས་ཏེ། ལག་རྩལ་གྱི་བྱེད་ཐབས་སྤྱད་དེ་ལྟ་རྟོགས་བྱེད་དགོས། དྲྭ་ལམ་ཐད་གཏོང་རང་བཞིན་གྱི་གསོ་སྦྱོང་མཇུག་སྒྲིལ་དུས་ཚོད་༢༡:༠༠ལས་འཕྱི་མི་རུང་བ་དང་། ཉིན་རེའི་དུས་ཚོད་༢༢:༠༠ནས་ཕྱི་ཉིན་གྱི་དུས་ཚོད་༨:༠༠ནར་མ་སོན་པའི་མི་ལ་རོལ་རྩེད་ཞབས་ཞུ་མཁོ་འདོན་བྱས་མི་ཆོག
    དྲུག །སློབ་མའི་གཉིད་ཉལ་གྱི་རྒྱུ་སྤུས་མཐོར་འདེགས་གཏོང་བར་མཛུབ་སྟོན་བྱེད་དགོས།  དགེ་རྒན་གྱིས་སློབ་མའི་སློབ་ཁྲིད་ཀྱི་རྣམ་འགྱུར་ལ་དོ་ཁུར་བྱེད་དགོས། གཉིད་ཀྱིས་འདང་མེད་པར་ལ་དུས་ཐོག་ཏུ་སློབ་མར་གསལ་འདེབས་དང་ཁྱིམ་བདག་ལ་འབྲེལ་འདྲིས་བྱེད་དགོས། སློབ་མར་ཁྱིམ་གྱི་དུས་ཚོད་བཀོད་སྒྲིག་ཡག་པོ་བྱེད་པར་མཛུབ་ཁྲིད་བྱེད་དགོས་པ་དང་། ངལ་གསོ་ཟུང་འབྲེལ་བྱས་ཏེ།ཚད་དང་རན་པའི་སྒོ་ནས་སྦྱོང་བརྡར་བྱེད་པ་དང་། ཁྱིམ་བདག་ལ་དྲོད་སྐྱིད་ཀྱི་འཚོ་བ་དང་གཉིད་ཉལ་གྱི་ཁོར་ཡུག་བསྐྲུན་པར་མཛུབ་སྟོན་བྱས་ཏེ། སློབ་མས་ལུས་སེམས་ལྷོད་ཡངས་དང་། དུས་ལྟར་ལྷིང་འཇགས་ངང་གཉིད་པར་ཁག་ཐེག་བྱེད་དགོས།
    བདུན། སློབ་མའི་གཉིད་ཀྱི་ལྟ་ཞིབ་ཚད་ལེན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།  ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཚད་མཐོན་པོའི་སྒོ་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་གཉིད་ཁུག་པའི་དོ་དམ་དང་མཛུབ་ཁྲིད་ལས་དོན་བསྒྲུབ་རྒྱུར་མཐོང་ཆེན་བྱས་ཏེ། སློབ་མ་གཉིད་པའི་གནས་ཚུལ་དེ་སློབ་མའི་གཟུགས་གཞི་བདེ་ཐང་གི་ལྟ་ཞིབ་ཚད་ལེན་དང་སློབ་གསོའི་སྤུས་ཚད་གདེང་འཇོག་ལྟ་ཞིབ་ཚད་ལེན་མ་ལག་ནང་བཅུག་ནས། གང་ལེགས་སྒོས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བྱེད་ཐབས་སྤྱད་དེ་སློབ་མའི་གཉིད་ཉལ་དོ་དམ་གྱི་ཚན་རིག་རང་བཞིན་དང་།དམིགས་ཚད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས། ས་གནས་ཁག་གི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྡེ་ཁག་གིས་སློབ་མ་གཉིད་ཁུག་པའི་དོ་དམ་ལས་དོན་དེ་རྒྱུན་གཏན་གྱི་ལྟ་སྐུལ་ཁྱབ་ཁོངས་དང་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་བསྒྲུབ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་དང་གདེང་འཇོག་བྱེད་པའི་ནང་འཇུག་དགོས།ས་གནས་ཁག་གིས་ལྟ་སྐུལ་ཐེར་འདོན་ཁ་པར་རམ་དྲྭ་རྒྱའི་འབྲེལ་ལམ་བཙུགས་ཏེ་ཁྱིམ་བདག་གིས་བཏོན་པའི་གནད་དོན་དང་བསམ་འཆར་ཐབས་ལམ་བསྡུ་ལེན་བྱེད་པ་དང་། དུས་ཐོག་ཏུ་འབྲེལ་ཡོད་ལས་དོན་ཇེ་ལེགས་སུ་བཏང་ནས། རེ་འདུན་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་པ་དང་། སློབ་མ་གཉིད་ཡག་པོ་ཁུག་རྒྱུ་འགན་ལེན་བྱས་ཏེ། སློབ་མའི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1