ཀྲའོ་ཧུའེ་ཧྥེང་གིས་བརྩམས། ཤ་བོ་རྣམ་རྒྱལ་གྱིས་བསྒྱུར།
“རལ་གྲིའི་རྣོ་ཁ་བརྡར་ནས་བྱུང་། །དཔྱིད་མེའི་དྲི་ཞིམ་ལྷགས་ལས་ཐོན། །”ཞེས་པའི་དོན་ནི་རིན་ཆེན་རལ་གྲིའི་རྣོ་ཁ་དེ་ཡང་ཡང་བརྡར་བ་ལས་བྱུང་ཞིང་།དཔྱིད་མགོའི་མེ་ཏོག་གི་དྲི་ཞིམ་དེ་དགུན་གྱི་གྲང་ལྷགས་རགས་རྗེས་ད་གཟོད་ཕྱོགས་བཞིར་ཁྱབ་པ་ཡིན་ཞེས་པ་དེ་ཡིན་ལ། འགྲོ་བ་མི་རྣམས་ཀྱང་དེ་བཞིན་ཏེ། ལོ་རྒྱུས་ཐོག་མིང་དུ་གྲགས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱང་དཀའ་ངལ་དང་བར་ཆད་གང་མང་ཞིག་བརྒྱུད་པའི་ཁྲོད་དེ་ལྟར་ཆགས་ཡོང་བ་རེད།
པ་ཨེར་ཀྲ་ཁོ་ལྟ་བུར་མཚོན་ནའང་། ཁོང་ནི་ཧྥ་རན་སིའི་དུས་རབས19པའི་མིང་དུ་གྲགས་པའི་མཐའ་དཔྱད་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་ཞིག་ཡིན་མོད། འོན་ཀྱང་ཁོང་གི་རྒྱལ་ཁའི་གཟི་བྱིན་གྱི་རྒྱབ་ཏུ་དཀའ་ངལ་བགྲངས་ལས་འདས་པ་ཞིག་ཡོད། ཁོང་གི་བརྩམས་ཆོས་གྲགས་ཅན《མི་ཡུལ་གྱི་སྤྲོ་གར》ཞེས་པ་པར་སྐྲུན་མ་བྱས་གོང་ཕམ་ཁ་གང་མང་མྱངས་མྱོང་། གཞོན་དུས་ཁོང་གིས་ཁྱིམ་མིའི་བསམ་འདུན་རྒྱབ་ཏུ་བསྐྱུར་ནས་རང་ཉིད་དགའ་ཞེན་ཆེ་བའི་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་། བརྩམས་ཆོས་དང་པོ《ཁོ་ལུན་ཝེ་ཨེར》ལ་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་མ་ཐོབ་པས། དེའི་རྗེས་ཁོས་མི་གཞན་དང་མཉམ་འབྲེལ་སྒོས་དགོད་གཏམ་དང་ལྷ་སྒྲུང་གི་རྩོམ་རིག་སོགས་གསར་རྩོམ་བྱས་མོད་དེར་ཡང་དོ་སྣང་ཆེན་པོ་མ་བྱུང་སྟབས། དཔེ་སྐྲུན་གྱི་ཚོང་ལས་གཉེར་རྒྱུ་ཐག་བཅད་དེ། པར་ཁང་དང་པར་ཡིག་བླུག་ཁང་གཉིས་གཉེར་མོད། མཐར་གྱོང་གུད་ཐེབས་ཏེ་བུ་ལོན་གཅིག་ཐོག་ཉིས་བརྩེགས་ཀྱི་གནས་སུ་ལྷུང་། ཡིན་ཡང་། ཁོང་ད་དུང་ཡིད་མ་ཆད་པར་དཀའ་ངལ་ལ་གདོང་གཏད་དེ།རང་ཉིད་ཀྱི་དཔེ་ཁང་གི་ནང་དུ་དམག་དཔོན་ན་ཕོ་ལུན་གྱི་འདྲ་པར་ཞིག་བཀལ་ཏེ། རང་ཉིད་ལ་ཚེ་གང་བོར་སྐུལ་ལྕག་ཐེབས་པའི་ལེགས་བཤད་དེ“ཁོང་གིས་རལ་གྲིས་བསྒྲུབས་མ་ནུས་པའི་ལས་དག་ཁོ་བོས་སྨྱུག་རྩེ་ལ་བརྟེན་ནས་བསྒྲུབ་ངེས་ཡིན།”ཞེས་བྲིས་ཡོད། མཐར་ཁོང་གིས་འཛམ་གླིང་རྩོམ་རིག་ལོ་རྒྱུས་སྟེང་བླ་ན་མཐོ་བའི་གྲུབ་འབྲས་བླངས། དེར་བརྟེན་ཁོང་ལ“རྩོམ་རིག་གི་ན་ཕོ་ལུན”ཞེས་འབོད།
མེང་ཙི་ཡིས་འདི་ལྟར་གསུངས་ཡོད་དེ།“གནམ་གྱིས་འགན་ཁུར་ཆེན་པོ་དེ་མི་སུ་ལ་སྤྲད་རྩིས་ཡོད་སྐབས། ཐོག་མར་དེའི་འདོད་འདུན་ལ་མནར་གཅོད་དང་། རྩ་དང་རུས་པ་ལ་ངལ་དུབ། ཕོ་བ་བཀྲེས་ལྟོགས། ལུས་ཤུགས་ཟད་པར་བཅུག་ནས་རང་གིས་བསྒྲུབ་འདོད་པ་རྣམས་བསམ་བཞིན་དུ་མི་འགྲུབ་པར་བྱས་རྗེས་དེ་ཡི་བསམ་བློར་གཡོ་འགུལ་ཐེབས་སུ་འཇུག་པ་དང་། དེའི་རང་གཤིས་སྲ་མཁྲེགས་སུ་བསྒྱུར་ནས་ནུས་པ་མི་འདང་བ་ཁ་སྣོན་བྱེད་དུ་འཇུག་ངེས”ཞེས་པ་ལས།དོན་གང་དང་ཅི་ལ་རྒྱལ་ཁ་ལེན་བསམ་ཚེ།ངེས་པར་དུ་དེའི་ཚོད་ཀྱི་རིན་དོད་གཏོང་དགོས་ལ། དེ་ཡང་དཀའ་ངལ་དང་ཕམ་ཁ་དེ་དག་ནི་དེར་བཏང་བའི་རིན་དོད་ཀྱི་ཆ་ཤས་ཙམ་ཡིན་པ་བསྟན་ཡོད།
སློབ་མ་ཞིག་གི་ངོས་ནས་བཤད་ན། སྤྱིར་བཏང་དུ་ང་ཚོ་དཀའ་ངལ་ལ་མི་སྐྲག་མོད། འོན་ཀྱང་སློབ་སྦྱོང་གི་ཐད་གནད་དོན་ཆེན་པོ་དང་འཚོ་བའི་ཁྲོད་དཀའ་ཚེགས་ཆེན་པོ་དག་བསྟུད་མར་བྱུང་ཚེ། ང་ཚོ་དེར་གདོང་གཏོད་མི་ནུས་པར་འགྱུར་ངེས།
ཨ་མི་ལི་ཡ་ཡིས་ཨ་ཕར“བྱ་བ་མཐའ་དག་དངོས་གནས་དཀའ་ཚེགས་ཆེ་བ་ལ།གནད་དོན་སྔོན་མ་ཐག་མ་བཅད་པར་གནད་དོན་རྗེས་མ་དག་མུ་ནས་མུ་རུ་བྱུང་སོང་། ང་ལ་དངོས་གནས་དེ་དག་ཁྱད་དུ་གསོད་པའི་ནུས་ཤུགས་ཟད་ཟིན། འགྲན་རྩོད་ཀྱི་དཔའ་ཞུམ་ཞིང་ཧུར་བརྩོན་གྱི་སེམས་ཟད་སོང”ཞེས་བཤད།
ཉིན་ཞིག་ལ། ཟ་མ་སྐོལ་བཞིན་པའི་ཨ་ཕས་བུ་མོ་ཐབ་ཚང་དུ་བོས།
ཁོས་ཐོག་མར། བ་མ་གསུམ་གྱི་ནང་ཆུ་ཉུང་ཙམ་རེ་བླུགས་ཏེ་བསྐོལ་བ་དང་།ཆུ་ཁོལ་རྗེས་ཁོས་བ་མ་གཅིག་གི་ནང་ལ་སེར་འགའ་བཏབས། ཅིག་ཤས་ཀྱི་ནང་བྱ་སྒོང་འགའ་བཙོས།བ་མ་གཞན་ཞིག་གི་ནང་ཕྱེ་མར་འཐག་པའི་འཚིག་ཇའི་འབྲས་བུ་བཏབས། ལས་ཀ་དེ་དག་སྒྲུབ་པའི་སྐབས་སུ་ཁོས་བུ་མོར་སྐད་ཆ་ཚིག་གཅིག་ཀྱང་མ་བཤད།
བུ་མོས་སུན་སྣང་དང་བཅས་ཏེ་ཨ་ཕས་ཅི་བཤད་པར་བསྒུགས་ནས་བསྡད།ཧ་ལམ་སྐར་མ20ཡི་རྗེས།ཨ་ཕས་གློག་ཐབ་ཀྱི་མེ་གཟིམས་ནས་ལ་སེར་དང་བྱ་སྒོང་རེ་རེ་བཞིན་ཕྱིར་བླངས་ཏེ་དཀར་ཡོལ་གཉིས་ཀྱི་ནང་བཞག དེའི་རྗེས་འཚིག་ཇ་ཇ་ཕོར་ནང་དུ་བླུགས།དེ་དག་ལས་ཚར་རྗེས།ད་གཟོད་ཁ་ཕྱིར་འཁོར་ཏེ་བུ་མོར་འདྲི་རྒྱུར།“བུ་མོ།ཁྱོད་ཀྱིས་ཅི་ཞིག་མཐོང་བྱུང་།”བུ་མོས“ལ་སེར།བྱ་སྒོང་།འཚིག་ཇ།”ཞེས་སུན་སྣང་དང་བཅས་ཏེ་ལན་བཏབ། ཨ་ཕས་ཁོ་མོ་ཚུར་བོས་ཏེ་ལ་སེར་ལ་རེག་ཏུ་བཅུག་པས། ཁོ་མོས་ལ་སེར་ཇེ་རྙིད་དུ་གྱུར་པ་ཚོར།ཡང་ཁོ་མོར་བཙོས་ཟིན་པའི་བྱ་སྒོང་གི་སྒོང་ཤུན་བཤུ་རུ་བཅུག ཁོ་མོས་དེ་སྔོན་ལས་སྲ་མོ་རུ་གྱུར་པ་ཚོར།དེའི་རྗེས།ཁོ་མོར་འཚིག་ཇའི་དྲོ་བར་མྱོང་དུ་བཅུག མོས་ཞིམ་མངར་ལྡན་པའི་འཚིག་ཇ་འཐུང་བཞིན་གདོང་ལ་འཛུམ་ཞིག་ལངས་མོད། འོན་ཀྱང་མོས་ཨ་ཕའི་བསམ་ཚུལ་དངོས་དེ་མ་རྟོགས།
མོས་ཨ་ཕར“ཨ་ཕ་ལགས།ཁྱོད་ཀྱིས་དོན་དངོས་སུ་ཅི་ཞིག་བཤད་འདོད་དམ།”ཞེས་དྲིས།ཨ་ཕས་ཕྱིར“དངོས་པོ་འདི་གསུམ་གདུ་བཞིན་པའི་ཆུ་ཁོལ་ནང་བཏབས་པ་མཚུངས་ཡང་དེ་དག་ཆུ་ཁོལ་ལས་ཕྱིར་བླངས་རྗེས་བྱུང་བའི་འགྱུར་ལྡོག་གཞི་ནས་མི་མཚུངས།ལ་སེར་ཆུ་ཁོལ་ནང་མ་བཏབ་སྔོན་ལ་སྲ་ཤིང་མཁྲེགས་ལ།ཆུ་ཁོལ་ནང་བཏབས་རྗེས་རྙི་མོར་གྱུར་ཡོད། བྱ་སྒོང་མ་གཞི་ནས་ཆག་སླ་སྟེ། དེའི་ཕྱི་ཤུན་སྲབ་མོས་ནང་གི་གཤེར་ཁུ་བསྲུངས་ནས་ཡོད་མོད།འོན་ཀྱང་དེ་ཆུ་ཁོལ་ནང་བཙོས་རྗེས་ནང་སྙིང་གི་གཤེར་ཁུ་སྲ་གཟུགས་སུ་གྱུར།འཚིག་ཇ་དེ་དག་དང་མི་འདྲ་བར།ཆུ་ཁོལ་གྱིས་དེར་འགྱུར་བ་གཏོང་མ་ནུས་པར་ཕྱིར་ཆུ་ཁོལ་ལ་འགྱུར་བ་བཏང་འདུག”ཅེས་རེ་རེ་བཞིན་གསལ་བཤད་བྱས།
ཁོས་བུ་མོར་འདྲི་རྒྱུར“ཁྱོད་འདི་གསུམ་ལས་གང་ཞིག་ཡིན་ནམ།”“གལ་སྲིད་དཀའ་ངལ་དང་འཕྲད་ཚེ།ཁྱོད་ཀྱིས་ཇི་ལྟར་གདོང་གཏོད་དམ།ཁྱོད་རང་ལ་སེར་བྱེད་འདོད་དམ།ཡང་ན་བྱ་སྒོང་དང་འཚིག་ཇ་བྱེད་བསམ།”
རྒྱལ་ཁ་ཐོབ་མཁན་དང་ཕམ་ཁ་མྱོང་མཁན་གཉིས་ཀྱི་ཁྱད་པར་གཙོ་བོ་དེ་དཀའ་ངལ་ལ་གདོང་གཏོད་དུས་ཀྱི་རྣམ་འགྱུར་ལ་ཐུག་ཡོད།དཀའ་ངལ་ལ་འཕྲད་དུས།རྒྱལ་ཁ་ཐོབ་མཁན་གྱིས་དེ་གོ་སྐབས་ཤིག་ཏུ་བརྩིས་ཏེ། རང་ཉིད་ཀྱི་བློ་སྟོབས་སྦྱོང་བརྡར་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་ངེས།དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ཅིང་དཀའ་ངལ་ཁྱད་དུ་སེལ་ནུས།ཕམ་ཁ་མྱོང་མཁན་དེས་ཁག་ཕར་འགེལ་ཚུར་འགེལ་བྱེད་ཅིང་།སེམས་ཁམས་མི་སྐྱིད་པར་འགྱུར་ལ། དཀའ་ངལ་ལས་བརྒལ་མི་ཐུབ་ཅིང་རྒྱལ་ཁའང་ཐོབ་མི་སྲིད།
འོ་ན། དཀའ་ངལ་དང་བར་ཆད་ལ་འཕྲད་དུས། ང་ཚོས་རྣམ་འགྱུར་གང་འདྲ་ཞིག་གིས་གདོང་གཏོད་དགོས་སམ་ཞེ་ན།
ཐོག་མར་སེམས་ཁམས་སྙོམས་སྒྲིག་བྱས་ཏེ། གནད་དོན་གྱི་རྒྱུ་རྐྱེན་བཙལ་རྗེས་གོམ་པ་རིམ་བགྲོད་ཀྱིས་རེ་རེ་བཞིན་སེལ་དགོས།
དཔེར་ན། རྒྱུགས་ཐེངས་ག་གེ་མོ་ཞིག་གི་རྒྱུགས་འབྲས་ལེགས་པོ་མ་ལོན་པར་སེམས་སྡུག་ཁོ་ན་བྱས་ན་མི་འགྲིག་སྟེ། སྐབས་དེར་ཁྱོད་ཀྱི་བསམ་གཞིགས་གཏོང་ཡུལ་དེ་རྒྱུགས་མ་འཕྲོད་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱ་རྒྱུ་དེ་ཡིན། གལ་ཏེ་རྒྱུ་མཚན་ནི་རྒྱུགས་མ་བླངས་སྔོན་གྲ་སྒྲིག་གང་ལེགས་མ་བྱས་པ་ཡིན་ན།ཐེངས་རྗེས་མར་གྲ་སྒྲིག་ལེགས་པོ་བྱས་པས་ཆོག གལ་ཏེ་རང་ཉིད་ཀྱིས་འབད་བརྩོན་གང་ལེགས་བྱས་ཀྱང་དྲི་བ་དཀའ་མོ་འགའ་རེར་ལན་མ་ཐོབ་པ་ཡིན་ན།རང་ལ་ཡིད་མི་ཆད་པར་དགེ་རྒན་དང་སློབ་གྲོགས་ལ་བློ་དྲིས་ཏེ་དྲི་བ་ཤེས་སུ་བཅུག་ཚེ།དེ་ཡང་ཡོང་འབབ་ཞིག་ཡིན་ནོ།།
དེ་ལས་གཞན།དཀའ་ངལ་ལ་གདོང་གཏོད་པའི་སེམས་ཤུགས་མཐོ་རུ་གཏོང་དགོས།དེ་གསལ་པོར་བརྗོད་ན།ང་ཚོ་དཀའ་ངལ་དང་འཕྲད་དུས།ཧུར་བརྩོན་དང་རང་འགུལ་གྱིས་དཀའ་ངལ་ལས་སྒྲོལ་བའམ་སེམས་ཁམས་དང་བྱ་སྤྱོད་རྒྱུན་ལྡན་དུ་ཡོང་བར་འབད་དགོས། ཧུར་བརྩོན་གྱི་སེམས་ཁམས་བཟོད་ཤུགས་ནི་ང་ཚོའི་སེམས་ཁམས་ཀྱི་མཉེན་ཆ་ལས་བྱུང་བ་ཡིན་ལ། ང་ཚོས་དམིགས་འབེན་འདིར་ངོས་འཛིན་ཡང་དག་བྱེད་དགོས་པར་མ་ཟད་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ་མཇུག་མཐར་བཀག་རྒྱ་བསལ་ནས་རེ་ལྟོས་ཀྱི་དམིགས་འབེན་འགྲུབ་པར་བྱེད་དགོས།དཔེར་ན།སློབ་མ་ལ་ལར་སློབ་སྦྱོང་ཐད་བསྟུད་མར་བར་ཆད་ལ་འཕྲད་ཚེ།སློབ་སྦྱོང་གི་ཐད་སེམས་ཁུར་དྲག་པའི་སྣང་ཚུལ་འབྱུང་སྲིད་ལ།རང་ཉིད་ཀྱི་ནུས་པར་དོགས་པ་སྐྱེས་པ་དང་། སློབ་སྦྱོང་ལ་ཧུར་བརྩོན་གྱི་འདུན་པ་མེད་པར་འགྱུར་ལ། དམིགས་འབེན་བརྩོན་ལེན་ཡང་མི་བྱེད་པར། རིམ་བཞིན་སློབ་སྦྱོང་ལ་གཡོལ་ཐབས་བྱེད་པའི་བསམ་པའི་ཕྱོགས་ལྷུང་འབྱུང་སྲིད། དེ་ལྟ་བུའི་བསམ་ཚུལ་ནི་སྦྱངས་འབྲས་ཐད་ཀར་ཇེ་ཞན་དུ་འགྱུར་རྐྱེན་ཁོ་ན་ཡིན་པས། དེ་འདྲའི་དཀའ་ངལ་ལ་ང་ཚོ་སྐྲག་མི་དགོས་ཤིང་གཡོལ་ཀྱང་མི་དགོས་པར།སྔར་གྱི་བསམ་གཞིགས་བྱེད་སྟངས་ལ་འགྱུར་བ་བཏང་ནས་རང་ཉིད་ཀྱི་བསམ་པའི་བཀག་རྒྱ་ལས་སྒྲོལ་དགོས་ཤིང་། དཀའ་ངལ་མཐའ་དག་ཤིང་ལས་བྱས་པའི་སེང་གེ་ཉིད་དུ་བསྒོམས་ནས་ཧུར་བརྩོན་གྱིས་དཀའ་ངལ་ཁྱད་དུ་བསལ་ཚེ། དེའི་བརྒྱུད་རིམ་ཁྲོད་ང་ཚོའི་སེམས་ཀྱི་ཐེག་ནུས་ཀྱང་ཆེ་རུ་གཏོང་ཐུབ།ང་ཚོས་དཀའ་ངལ་ལ་བློ་ཡངས་པོའི་ངང་གདོང་གཏད་དེ་དེ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་བརྟན་པོ་ཡོད་ཚེ། རྒྱལ་ཁའང་ངེད་ཅག་དང་ཐག་ཇེ་ཉེར་འགྱུར་ངེས།
རང་ཉིད་ཀྱི་ནུས་པ་མཐོར་འདེགས་བཏང་ནས་རང་ལ་ཡིད་ཆེས་ཀྱི་སེམས་ཤུགས་ཆེ་རུ་གཏོང་བ།ང་ཚོས་ཤེས་གསལ་ལྟར། ང་ཚོ་སུ་ཡིན་ཡང་གཡོལ་བར་དཀའ་བའི་དཀའ་ངལ་དང་བར་ཆད་ལ་འཕྲད་ངེས་ཤིང་། དེ་ནི་རང་ཉིད་རང་ལ་ཡིད་མི་ཆེས་པའི་རྐྱེན་དུའང་འགྱུར་སྲིད།དེ་བས།ང་ཚོས་རྒྱུན་པར་རང་འགུལ་གྱིས་རང་ཉིད་ཀྱི་ནུས་པ་མཐོར་འདེགས་བཏང་སྟེ།རང་ནུས་ཅི་ཡོད་ཀྱིས་རང་གི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ།མཐར་རྒྱལ་ཁ་རེག་པར་རྨང་གཞི་ལེགས་པོ་འདིང་དགོས། དེ་ཡང་།རྒྱལ་ཁ་ཐོབ་ཐེངས་རེ་རེ་ནི་རང་ལ་ཡིད་ཆེས་ཀྱི་སེམས་ཤུགས་འཕེལ་བའི་རྒྱུ་རུ་འགྱུར་ཞིང་། དེར་བརྟེན་ནས་ང་ཚོའི་འགྲན་སློང་གི་སྙིང་སྟོབས་ཇེ་ཆེར་འགྲོ་ཞིང་།རང་ཉིད་ཀྱི་ནུས་པ་མཐོར་འདེགས་དང་སྦྱོང་བརྡར་ཀྱང་ཐོབ་པས། དེ་ལྟར་ཡུན་རིང་སོང་ཚེ་རང་ཉིད་ལ་ཕྱོགས་གང་ཐད་ནས་ཡག་ཐོག་རྒྱན་བརྩེགས་ཀྱི་གོམས་གཤིས་བཟང་པོ་ཞིིག་ཆགས་ངེས་ལ། རྗེས་ཕྱོགས་ད་དུང་དཀའ་ངལ་དང་བར་ཆད་ལ་འཕྲད་དུས་སྐྲག་དགོས་དོན་ཅི་ཡང་མེད།
ཀོར་ཅི་ཡིས“ངས་བསམ་ན་སྲོག་ལའང་མི་འཛེམ་པའི་སྙིང་སྟོབས་དེས་བཀག་རྒྱ་ཐམས་ཅད་སེལ་ནུས་ཤིང་།འཇིག་རྟེན་སྟེང་བློ་ཡུལ་ལས་འདས་པའི་བྱ་དངོས་ཅི་ཡང་གསར་གཏོད་བྱེད་ཐུབ།”ཞེས་གསུངས་ཡོད།
གལ་ཏེ་ཁྱོད་ནི་དཀའ་ངལ་ལ་སྐྲག་པའི་མི་ཞིག་ཡིན་པ་དང་། གལ་ཏེ་ཁྱོད་རང་དཀའ་ངལ་ལས་རྒྱལ་འདོད་ན་ཀུ་ཏི་ཡི་གསུང་གྲགས་ཅན་འདི་སེམས་ལ་ཟུངས་ཤིག
“གལ་ཏེ་ཁྱོད་ཀྱི་རྒྱུ་ནོར་ལ་བོར་བརླག་ཐེབས་ཚེ། དེ་ནི་ཁྱོད་ཀྱིས་ཉུང་ངུ་ཙམ་ཞིག་ཤོར་བ་ཙམ་ཡིན་ལ། གལ་ཏེ་ཁྱོད་ཀྱི་མཚན་སྙན་གྲགས་ཤོར་ཚེ། དེ་ནི་ཁྱོད་ཀྱི་ཅུང་མང་ཙམ་ཤོར་བ་ཡིན།གལ་ཏེ་ཁྱོད་ཀྱི་དཔའ་སྤོབས་ཤོར་ཚེ། དེ་ནི་ཁྱོད་ཀྱི་ཡོད་ཚད་ཤོར་སོང་བ་ཡིན།”
འཚོ་བའི་ལམ་ཁར་བར་ཆད་ལ་མི་ཞུམ་པ།དཀའ་ངལ་ལ་མི་སྐྲག་པའི་དཔའ་བོས་ད་གཟོད་རྒྱལ་ཁའི་དགའ་སྤྲོ་ལོངས་སུ་སྤྱོད་ཐུབ། སློབ་གྲོགས་རྣམ་པ།ཁྱོད་ཚོས་གྲ་སྒྲིག་བྱས་ཡོད་དམ།
(བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།)