༄༅།། དུས་ཚོད་ཀྱི་གོམ་འགྲོས་སྙིང་གི་འཕར་ལྡིང་གིས་གཞལ་བར་བྱའོ། །

བདེ་ཡག་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-06



ཀྲའོ་ཧུའེ་ཧྥེང་གིས་བརྩམས། བདེ་ཡག་གིས་བསྒྱུར།
        མི་ལ་ལས་ཧྭ་ཧྥོར་མི་ནི་དུས་ཚོད་ཀྱི་བྲན་གཡོག་ཡིན་ཞེས་བཤད། སྐད་ཆ་འདིར་དམའ་འབེབས་ཀྱི་ཉམས་ཅི་ཡང་མེད་པར་མ་ཟད་ལྡོག་སྟེ་ཧྭ་ཧྥོར་མིའི་དུས་ཚོད་དམ་འཛིན་བྱེད་པའི་སྙིང་སྟོབས་དེ་གསལ་པོར་མཚོན་འདུག ཧྭ་ཧྥོར་གྱི་སློབ་མ་ལ་མཚོན་ན། དུས་ཚོད་ནི་རང་ཉིད་ཀྱི་ཕུགས་འདུན་མཐོང་ཐུབ་པའི་བགྲོད་ལམ་ཞིག་ཡིན་པས། དེ་ལ་དམ་འཛིན་ཡག་པོ་བྱས་ན། རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བྱ་ཐུབ།
        ཧྭ་ཧྥོར་གྱིས་སློབ་མ་གསར་པ་ལ་ཁྲིད་པའི་སློབ་ཐུན་དང་པོ་ནི་དུས་ཚོད་བདག་གཉེར་བྱེད་ཚུལ་གྱི་སློབ་ཐུན་དེ་ཡིན་ལ། དེ་ལས་སློབ་མ་རྣམས་ལ་དུས་ཚོད་གཅེས་སྤྲས་བྱེད་སྟངས་འདི་ལྟར་སྟོན་ཏེ། སྙིང་གི་འཕར་ལྡིང་ལ་བརྟེན་ནས་དུས་ཚོད་ཀྱི་གོམ་འགྲོས་བརྩི་དགོས་ལ། སྐར་ཆ་རེ་རེ་དམ་འཛིན་བྱས་ན་རེ་བའི་འོད་ཟེར་གསོག་པ་དང་། སྐར་མ་རེ་རེ་དམ་འཛིན་བྱས་ན་ཕུགས་བསམ་དང་ཉེ་བར་བཅར་ཐུབ།
        ང་ཚོའི་ཚེ་ལ་ཚད་ཡོད་པས། དུས་ཚོད་ནི་མི་རེ་རེའི་ཆེས་རྩ་ཆེ་བའི་ནོར་བུ་ཡིན། དེ་གསོག་ཉར་བྱེད་ཐབས་མེད་ལ་རྦབ་ཆུ་བཞིན་གྱེན་དུ་ཟློག་ཐབས་ཡང་མེད། དེ་ནི་ཚེ་སྲོག་གི་རིང་ཚད་གྲུབ་བྱེད་ཀྱི་གཞི་རྩའི་ཚད་གཞི་ཞིག་ཡིན་ལ། རིན་ཆེན་གསེར་ལས་ཀྱང་རིན་ཐང་ཆེ། དེའི་ཕྱིར། ཁྱོད་ཀྱིས་དུས་ཚོད་གྲོན་ཆུང་བྱས་པ་ནི་རང་གི་ཚེ་སྲོག་གི་རྒྱུན་རིང་དུ་བསྲིངས་པ་དང་མཚུངས།
        གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། འཁྱམ་པོ་ཞིག་གིས་ལང་ཚོ་དར་ལ་བབ་པའི་དུས་སྐབས་ཆུད་ཟོས་སུ་བཏང་བར་འགྱོད་དེ་དུས་ཀྱི་རྒན་པོ་ལ་ཁོ་རང་སླར་ཡང་སྔོན་ཆད་ཀྱི་ན་གཞོན་དུས་སྐབས་སུ་ཕྱིར་ལོག་པའི་རེ་བ་ཞུས། དུས་ཀྱི་རྒན་པོས་ཁོའི་རེ་བར་མོས་མཐུན་བྱས་ཀྱང་། ཁོས་སྔར་བཞིན་དུས་ཚོད་དམ་འཛིན་བྱེད་མ་ཤེས་པས། མཇུག་མཐར་སྔར་བཞིན་བྱ་བ་གཅིག་ཀྱང་མ་འགྲུབ།
        ང་ཚོའི་སློབ་སྦྱོང་གི་ཁྲོད་དུ་སྤྱོད་ཚུལ་གང་དག་གིས་དུས་ཚོད་འཕྲོ་བརླག་ཏུ་གཏོང་བཞིན་ཡོད་པ་ཁྱོད་ཀྱིས་ཤེས་སམ། གཤམ་དུ་ང་ཚོས་སྤྱོད་ཚུལ་འགའ་ཞིག་འདྲེན་པར་བྱ་སྟེ། དོན་དངོས་དང་མི་མཐུན་པའི་སྟོང་བསམ་ལ་འཁོར་བ། འཇུག་གཞིའི་ལས་ཀ་ལ་བློ་རྩེ་མི་སྒྲིམ་པ། དོ་དམ་ལ་མི་འཇོན་པར་རང་གི་ཅ་ལག་གང་སར་འཇོག་པས་མཁོ་དུས་རྙེད་དཀའ་བ་དང་། དཔེ་ཆ་ལག་ཏུ་བླངས་ཀྱང་སློབ་སྦྱོང་མི་བྱེད་པར་ཤོག་ངོས་སུ་གང་འདོད་འབྲི་བ། དུས་ཚོད་མང་པོ་རོལ་རྩེད་དང་འཕྲིན་སྟེགས་སོགས་སུ་བག་མེད་པར་གཏོང་བ། རྒྱུན་པར་སློབ་སྦྱོང་དང་ཡང་ན་རང་གི་ལག་སྣེའི་ལས་ཀ་ལ་རྩེ་གཅིག་གཞོལ་མི་ཐུབ་པར་ཕྱི་རྐྱེན་གྱི་བར་ཆད་ཐེབས་སླ་བ་སོགས། དེ་དང་དེ་ལྟར་གོང་གི་བྱ་སྤྱོད་དག་རང་ལ་ཡོད་མེད་བརྟགས་ནས། རང་ཉིད་ཀྱི་དུས་ཚོད་ཕྱོགས་གང་དག་ཏུ་འཕྲོ་བརླག་བཏང་ཡོད་པ་ཤེས་ན། སྔོན་ཆད་ལྟར་དུས་ཚོད་བག་མེད་ཆུད་ཟོས་བྱ་མི་རུང་། དེ་མིན་ང་ཚོ་ཡང་གོང་གི་འཁྱམ་པོ་དེ་བཞིན་དུས་ཚོད་བྱེ་མའི་འཆིང་བུ་ཟགས་པ་ལྟར་ལག་མཐིལ་ནས་ཤོར་བར་འགྱོད་པ་ཙམ་སྐྱེས་པ་ལས་ཐོབ་བྱ་གཞན་མི་རྙེད་དོ། །
        ཧྥེ་ཚའེ་ཡོ་ཧན་ཞུན་གྱིས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་དེ། དུས་ཚོད་ཀྱི་མདའ་རྟགས་རེ་རེ་ཐག་ཐག་འཁོར་དུས། སྐར་ཆ་ནི་དཔའ་ངར་ལྡན་པའི་རུ་དཔུང་ཡིན་ལ། སྐར་མ་ནི་རུ་གཙོ་ཡིན། དུས་ཚོད་ནི་རུ་དཔུང་གི་གཡུལ་སྣ་འདྲེན་པའི་དམག་དཔོན་ཡིན། དེ་བས་ཁྱོད་རང་ཁོམ་ནས་སྟོང་བསམ་གྱི་དབྱིངས་སུ་འཁྱམ་སྐབས། ཁྱོད་ཀྱིས་རང་གི་ལག་མཐིལ་ན་དམག་རྟ་ཁྲི་སྟོང་མང་པོ་ཡོད་པ་ཡིད་ལ་ཟུངས། ཁྱོད་ནི་དེ་དག་གི་སྤྱི་ཁྱབ་བཀོད་འདོམས་པ་ཡིན། ཁྱོད་ཀྱིས་རང་གི་དམག་རྟ་ཁྲི་སྟོང་ལ་གཟིགས་ཞིབ་གནང་སྐབས། ཁོ་ཚོས་གཡུལ་ངོ་ནས་སོ་སོའི་རྩལ་ནུས་འཇོན་ཐང་འདོན་ཐག་ཆོད་བྱུང་ཡོད་མེད་ལ་བསམ་རོགས། དེ་བས། ང་ཚོས་སོ་སོའི་སྙིང་གི་འཕར་ལྡིང་རེ་རེ་ཚོར་བའི་དུས་སུ། རང་ཉིད་ལ་དུས་ཚོད་གཅེས་སྤྲས་བྱེད་དགོས་པའི་གསལ་འདེབས་བྱེད་དགོས་ལ། ཧུར་ཐག་གིས་ལག་མཐིལ་གྱི་དུས་ཚོད་གཅེས་སྤྲས་དམ་འཛིན་བྱས་པ་ཡིན་ན། ད་གཟོད་ང་ཚོ་རང་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ཐུབ།
        ཧྭ་ཧྥོར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཇེམ་སི་ཨེ་ལུན་གྱིས་སྔོན་ཆད《བསམ་གཞིག་གཏོང་བའི་མི》ཞེས་པའི་དཔེ་ཆ་ཞིག་བརྩམས་མྱོང་། ཁོང་གིས་དཔེ་ཆ་དེའི་ནང་དུ་འདི་ལྟར་བསྟན་ཡོད་དེ། ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། དུས་ཚོད་བརྒྱ་ཆའི་དགུ་བཅུ་ཙམ་ནི་ཆུད་ཟོས་སུ་ཤོར་ཡོད། རྒྱུ་མཚན་ནི་མི་མང་ཤས་ཀྱི་ཉིན་གཅིག་གི་ལས་ཀ་ནི་ཟས་ཟ་བ་དང་ལས་ཚོགས་ལ་འགྲོ་བ། གཉིད་པ་སོགས་ཀྱི་དོན་ཆུང་ཕྲན་ཚེགས་དག་ཡིན། ཕྱི་ཚུལ་ནས་བལྟས་པ་ཙམ་གྱིས་མི་རྣམས་ཀྱིས་མཚམས་མེད་དུ་ཚར་རྒྱུ་མེད་པའི་ལས་ཀ་སྣ་ཚོགས་ལས་བཞིན་ཡོད་ནའང་། ལས་བྱ་དེ་དག་གི་ཁྲོད་དུ་ཁོ་ཚོའི་རེ་འདུན་དང་མཐུན་པ་ཤིན་ཏུ་ཉུང་བའམ་ཡང་ན་རྩ་བ་ནས་མེད་པས། ཁོ་ཚོས་སྒྲུབ་ཀྱིན་པའི་ལས་བྱ་དེ་དག་གིས་སོ་སོའི་མི་ཚེའི་རིན་ཐང་མཚོན་ཐབས་མེད། ཡིད་སྐྱོ་བ་ཞིག་ལ་མི་མང་པོ་ཞིག་གི་ཉིན་གཅིག་ནི་སྔར་བཞིན་དེ་ལྟར་འདའ་བཞིན་ཡོད།
        དོན་དངོས་སུ། མི་མང་པོ་ཞིག་གིས་ལས་འཁྱུར་ངལ་གསོ་བྱེད་པའི་དུས་སུ་སླེབས་དུས་ད་གཟོད་གློ་བུར་དུ་རྨོངས་གཉིད་ལས་སད་པ་བཞིན། རང་ཉིད་ཀྱི་མི་ཚེའི་ནང་དུ་སྙིང་པོ་ལྡན་པའི་དོན་དག་གཅིག་ཀྱང་བྱས་མེད་པར་དུས་ཚོད་ཡོད་དོ་ཅོག་དགོས་མེད་ཀྱི་བྲེལ་འཚུབ་འབའ་ཞིག་གི་ངང་དུ་ཤོར་སོང་བ་ཤེས་སྲིད། དེའི་འཕྲོ་མའི་དུས་ཚོད་དག་ཏུ་ཁོ་ཚོ་ནད་ཁྲིའི་སྟེང་དུ་ཉལ་ནས། མི་ཚེ་དོན་མེད་དུ་བཏང་བ་ལ་འགྱོད་པ་སྐྱེ་བཞིན་ཚེ་མཇུག་བསྐྱལ་བའི་སྐབས་ཀྱང་མེད་པ་མ་རེད།
        ས་ཡི་གོ་ལ་ཟླུམ་པོ་འདི་ནི་སུའི་ཆེད་དུ་ཡང་འཁོར་མཚམས་བཞག་མྱོང་མེད་ལ། སྐར་མ་གཅིག་གི་རིང་དོན་མེད་དུ་བསྐྱལ་བ་ལས་རང་ཉིད་མི་མང་པོ་ཞིག་གི་རྗེས་སུ་ལུས་འགྲོ་བའི་གནད་དེ་ཟིན་ན་ལེགས། དུས་ཚོད་ཀྱི་འཁོར་ལོའི་སྟེང་དུ་ཡི་གེ་གཉིས་མ་གཏོགས་མེད་དེ། དེ་ནི་ད་ལྟ་ཞེས་པ་དེ་ཡིན། རྒྱུ་མཚན་ནི། ཁ་སང་ནི་གོ་མི་ཆོད་པའི་དངུལ་འཛིན་ཡི་གེ་ཞིག་ཡིན་པ་དང་། སང་ཉིན་ནི་དུས་བཅད་དངུལ་འཛིན་ཞིག་ཡིན། ཁྱོད་ལ་མངོན་སུམ་དུ་དབང་བའི་དངུལ་རྐྱང་ཞིག་ཡོད་པ་ནི་ད་ལྟ་ཁོ་ནའོ། གལ་ཏེ་ད་ལྟ་བློས་བཏང་ཚེ་སང་ཉིན་ཤོར་བ་དང་འདྲ་བར་བྱ་བ་གང་ཡང་མི་འགྲུབ། དེ་བས་གཞོན་ནུ་ལོ་ཆུང་ཞིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་དེ་རིང་ལ་གཅེས་སྤྲས་དང་དམ་འཛིན་ཡག་པོ་བྱ་ཤེས་དགོས། དེ་རིང་གི་སྐར་མ་གཅིག་དང་ཡང་ན་སྐར་ཆ་གཅིག་ཀྱང་ཚེ་སྲོག་གི་གྲུབ་ཆ་ཞིག་ཏུ་བརྩིས་ནས། དེ་དག་ལ་ནུས་པ་ཆེ་ཤོས་འདོན་སྤེལ་བྱེད་དུ་འཇུག་དགོས། ཁྱོད་ཀྱིས་རྟོགས་དགོས་པ་ཞིག་ནི་སྐར་ཆ་གཅིག་དང་སྐར་མ་གཅིག་གི་དུས་ཚོད་ཀྱིས་ཁྱོད་ཀྱི་རེ་འདོད་བསྐང་ཐུབ་ལ། ཁྱོད་ཀྱི་འཆར་གཞི་དང་ཕུགས་བསམ་ཐལ་བའི་རྡུལ་དུའང་བརླག་ནུས།
        མི་སུ་ལ་མཚོན་ནའང་མཚར་སྡུག་འོད་སྟོང་ལྡན་པའི་མ་འོངས་པ་ཞིག་ལ་རེ་སྙེག་བྱེད། རང་ཉིད་ཀྱི་མི་ཚེ་འདི་དོན་མེད་ཆུད་ཟོས་སུ་གཏོང་འདོད་མཁན་ནི་མི་གཅིག་ཀྱང་མེད། དེར་བརྟེན། ང་ཚོས་ད་ལྟའི་བགྲང་བྱ་འཁོར་མོ་འདི་དམ་དུ་བཟུང་ནས། མཚར་སྡུག་གིས་ཕྱུག་པའི་མ་འོངས་པ་ཞིག་བསྐྲུན་ལ་རེམ་པར་བྱའོ། །

《 ཁྱོད་ཀྱིས་སུའི་ཆེད་དུ་དཔེ་ཀློག་བྱེད་པ་ཡིན》 ཞེས་པ་ལས་བདམས་ཏེ་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1