སྤོ་བོའི་ཁམ་བུའི་མེ་ཏོག་གི་ལུང་པ།
ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་དང་ཉིང་ཁྲི་ཆེས་མཛེས་དུས་ཀྱི་དཔྱིད་ཀྱི་དཔལ་ཡོན་སླེབས་བྱུང་། སྐབས་འདིར་རབ་དཀར་གངས་རིའི་འདབས་རོལ་དང་། དྭངས་གཙང་རླབས་ཕྲེང་མཁའ་ལ་གཡོ་བའི་གཙང་བོའི་འགྲམ་ངོགས་བཅས་སུ། མེ་ཏོག་རྣམ་པར་བཀྲ་བའི་དབུས་སུ་ཁམ་བུའི་མེ་ཏོག་ལ་ལྟ་བ་དང་། ཞིམ་མངར་ཟས་མཆོག་ལ་རོལ་བ། དམངས་སྲོལ་ལ་རྒྱུས་ལོན་བྱེད་པ། ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་ཞིང་སྡེའི་ཉམས་འགྱུར་ཉམས་ལེན་བྱེད་པ་སོགས་ཀྱི་ཡུལ་སྐོར་ཐེངས་ཤིག་བྱས་ཏེ། ཉིང་ཁྲིའི་ས་ཆ་ནས་ཁམ་བུའི་མེ་ཏོག་ལ་རོལ་བ་ནི་དགའ་མགུ་ཡིད་དུ་འོང་བའི་དོན་དག་ཅིག་རེད་ཨང་།
“ཉིང་ཁྲིའི་ཁམ་བུའི་མེ་ཏོག་ནི་མཐོ་སྒང་གི་ཁམ་བུའི་མེ་ཏོག་ཡིན་ཞིང་། རི་འདབས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཅིང་། རི་མགོར་གངས་ཀྱིས་གཡོགས་ཡོད། རི་འདབས་སུ་སྔོ་ཞིང་དྭངས་པའི་གཙང་ཆུ་བཞུར་བས། དཔྱིལ་དཔལ་གྱི་ཁྱད་ཆོས་རྣམ་པར་བཀྲ། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་མང་ཆེ་བར་ཁམ་བུའི་མེ་ཏོག་ཡོད་པ་དང་། ལྷག་པར་དུ་སྤོ་བོའི་ཁམ་བུའི་མེ་ཏོག་གི་ལུང་པ་ནི་དེ་ལྟ་བུ་ཞིག་རེད། སྨན་གླིང་ཁམ་བུའི་མེ་ཏོག་ལམ་ཆེན་དང་། གྲོག་རོང་ཆེན་མོའི་ཁམ་བུའི་མེ་ཏོག བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་དང་། བུ་ཆུའི་ཁམ་བུའི་མེ་ཏོག་གྲོང་ཚོ། རྫ་ཡུལ་ལོ་མའི་ཁམ་བུའི་མེ་ཏོག་གྲོང་ཚོ་སོགས་སྐད་གྲགས་ཆེན་པོ་ཡོད། 2021ལོ་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྤེལ་ནས་ལོ་འཁོར19ལོན་པའི་ལོ་ཡིན། ལོ་ངོ་འདི་དག་གི་རིང་ལ། ཁམ་བུའི་མེ་ཏོག་གི་མིང་བྱང་འདི་བརྒྱུད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་མཐོང་ཐུབ་ཏུ་བཅུག་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་འཚོ་བ་ཉམས་སུ་མྱོང་ཐུབ་པ་དང་བོད་ཟས་ཟ་བ། བོད་ཀྱི་སྤྲོ་སྐྱིད་ཁང་དུ་སྡོད་ཐུབ་ལ། དེ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཐུབ།”ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ལི་ཡུན་ཧའེ་ཡིས་དེ་ལྟར་ངོ་སྤྲོད་བྱས།
བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྐབས་སུ། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི52.7ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.76ཟིན་ཞིང་། 2019ལོའི་དུས་མཚུངས་དང་བསྡུར་ན་སོ་སོ37.56%དང67.62%འཕར་ཡོད།
“ཟླ3པའི་ཟླ་སྨད་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་ལ་ཡོང་བའི་ཡུལ་སྐོར་བ་མི་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ལྷག་པར་དུ་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྐབས་སུ་གྲོང་ཁུལ་དང་དེ་བཞིན་ཉེ་འཁོར་གྱི་གསོལ་མགྲོན་ཁང་དང་། ཁྱིམ་ཚང་གི་མགྲོན་ཁང་བཅས་ཚང་མ་ནས་ཁང་པ་གཅིག་ཀྱང་རེག་དཀའ་བའི་ཚད་ལ་ཐོན་པ་རེད། དཔེར་ན། སྨན་གླིང་རྫོང་ཟུར་གསུམ་གྲོང་ཚོ་ནི་རི་བོ་གནམ་ལྕགས་འབར་བ་ལ་ཕྱོགས་ཤིང་། རྐང་འོག་ནི་ཀྱག་ཀྱོག་གི་ཡར་ཀླུང་གཙང་པོ་ཡིན་ལ། གཙང་འགྲམ་དུ་ཁམ་བུའི་ནགས་ཚལ་མང་པོ་ཡོད་པས། ཡུལ་སྐོར་བ་ཚོ་མེ་ཏོག་དང་མཛེས་ལྗོངས་ལ་རོལ་བར་ངེས་པར་དུ་འགྲོ་དགོས་པའི་གནས་ལྟ་བུ་ཞིག་ཏུ་གྱུར། གྲོང་ཚོ་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་དང་སྡོད་ཁང་ཁྱོན31ཡོད་པ་དང་། ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྐབས་སུ་སྡོད་ཁང་ཕལ་ཆེར་ཁ་བཀང་ཡོད།”ཅེས་ལི་ཡུན་ཧའེ་ཡིས་དེ་ལྟར་བཤད།
ཁ་བ་དང་ཁམ་བུའི་མེ་ཏོག
ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྐབས་སུ། ཉིང་ཁྲི་གྲོང་ཁྱེར་གྱིས“མེ་ཏོག་གི་རྒྱ་མཚོ་ཉིང་ཁྲི”ཞེས་པ་གཙོ་གནད་དུ་བྱས་པའི་མཛེས་ལྗོངས་གྲགས་ཅན་ཁུལ་དང་དེ་བཞིན་ཡུལ་སྐོར་མཛེས་ལྗོངས་ཁུལ་གཞན་དག་ངོ་སྤྲོད་བྱས་པས། ཡུལ་སྐོར་བ་མང་པོ་ཞིག་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་བ་དང་། ཉིང་ཁྲིའི་མཚན་སྙན་སྔར་ལས་ཇེ་རྒྱས་སུ་ཕྱིན་པ་རེད། དེ་དང་ཆབས་ཅིག་ཁམ་བུའི་མེ་ཏོག་དུས་ཆེན་སྤེལ་བ་བརྒྱུད་དེ། ཉིང་ཁྲིའི་མཛེས་ལྗོངས་ཁུལ་སྔར་ལས་མང་པོ་ཞིག་ཡུལ་སྐོར་བས་ཤེས་རྟོགས་བྱུང་ནས་ཡུལ་སྐོར་བའི་གྲངས་འབོར་ཆེས་ཆེར་འཕར་བ་དང་། ཡུལ་སྐོར་བ་མང་པོ་ཞིག་དེ་སྔའི་དུས་ཡུན་ཐུང་ངུའི་ཡུལ་སྐོར་ནས་དུས་ཡུན་རིང་པོར་ཡུལ་སྐོར་བྱས་པས། ས་གནས་དེ་གའི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་། ཉིང་ཁྲིའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་པར་མགྱོགས་པོར་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
“སྔར་ནས་བཟུང་ཉིང་ཁྲིའི་ཡུལ་སྐོར་དེ་གཙོ་བོ་ཐོན་ཁུངས་དང་སྐྱེ་ཁམས་ལ་བརྟེན་དགོས་པ་དང་། ལྟ་སྐོར་ཡུལ་སྐོར་གཙོ་བོར་འཛིན་བཞིན་ཡོད། “རི་བོ་སྔོ་ཞིང་ཆུ་མོ་དྭངས་པ་ནི་གསེར་རི་དངུལ་རི་ཡིན།”ཞེས་པའི་འདུ་ཤེས་ལག་ལེན་དུ་བསྟར་བར་བརྟེན་ནས། ནུས་ཤུགས་ཡོད་རྒུས་ཉིང་ཁྲིའི་སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་དང་། ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐབས་ལམ་གསར་པ་མུ་མཐུད་འཚོལ་ཞིབ་བྱས་ལ། གྲོང་གསེབ་དར་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བ། ཐོན་ལས་འཛུགས་སྐྲུན་བྱེད་པ། རིག་གནས་དར་རྒྱས་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཡུལ་སྐོར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པ་རེད། “གོམ་སྟབས་རྗེས་མར་ཉིང་ཁྲིའི་ཡུལ་སྐོར་གྱིས་མི་ཆོས་རིག་གནས་དང་རང་བྱུང་ཤུལ་བཞག་སོགས་ལ་བརྟེན་ནས་‘ཡུལ་སྐོར+’གཏོད་པ་དང་། བོད་ལུགས་གསོ་རིག་དང་། ཀོང་པོའི་རིག་གནས། ཞིང་ལས་ཐོན་སྐྱེད་སོགས་བརྒྱུད་དེ་ཡུལ་སྐོར་ཐོན་ལས་འབྲེལ་ཐག་རྒྱ་ཆེར་གཏོང་དགོས”ཞེས་ལི་ཡུན་ཧའེ་ཡིས་དེ་ལྟར་བཤད།
ཉིང་ཁྲིའི་ཁམ་བུའི་མེ་ཏོག་གྲོང་ཚོའི་མེ་ཏོག
རྒྱུས་ལོན་བྱུང་བར་ལྟར་ན།། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཁྲོམ་རའི་ཤོང་ཚད་ཆེ་རུ་གཏོང་བ། ཡུལ་སྐོར་བའི་ཡུལ་སྐོར་མྱོང་བ་མཐོར་འདེགས་གཏོང་བ། ཡུལ་སྐོར་སྣེ་ལེན་གྱི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཁ་དན་ཚིག་གནས་དང་། གོ་རིམ་ལྡན་པ། བདེ་འཇགས་ཡིན་པ། བློས་འཁེལ་བ་བཅས་ཀྱི་ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ཅིག་ཁྱོན་ཡོངས་ནས་གཏོད་རྒྱུ་རེད།
འཆར་ཡན་ཁམ་བུའི་མེ་ཏོག་ནས་ཀོང་པོའི་རིག་གནས་བར་དང་། དར་སྲོལ་ཆེ་བའི་ཆ་ནས་སྲོལ་རྒྱུན་དམངས་སྲོལ་བར། ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས། ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་བཅས་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ལ། ཡུལ་སྐོར་བ་མཛེས་སྡུག་ལྡན་པའི་དཔྱིད་དཔལ་ལ་རོལ་དུ་བཅུག་ཅིང་། མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་ལ་མྱོང་རོལ་བྱེད་དུ་བཅུག་པ་མ་ཟད། ཞིང་འབྲོག་པ་སྔར་ལས་མང་པོ་ཞིག་ལ་བསུང་ཞིམ་གྱི་ཁམ་བུའི་མེ་ཏོག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱིད་དཔལ་ཞིག་འདི་ལྟར་སླེབས་པ་རེད།