འདི་ནི་ཉི་མ་མཚམས་གཅོད་ཀྱིས་ཞབས་བྲོ་ནང་སྦྱོང་བྱེད་བཞིན་པ།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་། སྙན་དབྱངས་ཀྱི་བ་དན་སྲིད་ན་གཡོ་བའི་བོད་ཀྱི་ནང་མ་སྟོད་གཞས་ནི། རྣ་བས་ཇི་ཙམ་ཉན་ན་དེ་ཙམ་གྱིས་ཉན་འདོད་འཕེལ་བའི་དབྱངས་ཀྱི་སྟོན་མོ་ཞིག་དང་། མིག་གིས་ཇི་ཙམ་བལྟས་ན་དེ་ཙམ་གྱིས་ལྟ་འདོད་ཇེ་ཆེར་གྱུར་པའི་དགའ་སྟོན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྱང་རིག་གནས་ལས་དོན་དོན་དངོས་དང་ཉེ་བཅར་དང་། མང་ཚོགས་དང་ཉེ་བཅར། འཚོ་བ་དང་ཉེ་བཅར་བཅས་བྱེད་དགོས་པའི་དགོངས་པ་བཏོན་གནང་ཡོད་པས། ཉི་མ་མཚམས་གཅོད་ཀྱིས་ཚེ་མཇུག་རང་ཉིད་ཀྱི་སེམས་ནུས་ཡོད་ཚད་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ནང་མ་སྟོད་གཞས་མི་ཉམས་གོང་འཕེལ་ལ་ཕུལ་དང་འབུལ་བཞིན་པ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཅི་ལ་མིན།
རྒན་རབས་པས་བཞག་པའི་སྒྱུ་རྩལ་གྱི་བག་ཆགས།
ཁོང་ལ་གྲེ་བ་མཐོ་ལ་འགྱུར་ཁུག་སྙན་པའི་གསུང་དང་། ཡང་ཤ་དོད་ལ་མཉེན་ཆ་དོད་པའི་ལུས་ཀྱི་སྟང་སྟབས་ཀྱི་ལྷན་སྐྱེས་ལྡན་པ་མ་ཟད། ཉི་མ་མཚམས་གཅོད་ལགས་ཀྱི་ཕ་དམ་པ་ཕུར་བུ་ཚེ་རིང་སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་ལ་ཧ་ཅང་དགའ་པོ་ཡོད་པར་བརྟེན། རྒྱལ་ཁབ་རིམ་པའི་གར་གྱི་རྒྱུན་འཛིན་བ་བགྲེས་སོང་བཀྲ་ཤིས་ཚེ་རིང་སོགས་ནང་མ་སྟོད་གཞས་ལ་དགའ་ཞེན་དང་ཞབས་གཞས་འཁྲབ་སྟོན་ལ་བྱང་བ་ཁ་ཤས་རྒྱུན་དུ་འཛོམས་ནས་ནང་མ་སྟོད་གཞས་འཁྲབ་སྦྱོང་བྱེད་ཡོད་སྟབས། བྱིས་བློ་མ་མ་ཡལ་བའི་ཁོང་སྒྲ་སྙན་ཞབས་གཞས་ཀྱིས་ཡིད་ཀྱི་སྤུ་ལོང་རབ་ཏུ་གཡོས་ཏེ། རྒན་རབས་ཚོར་ལད་མོ་བྱས་ཏེ་སྒྲ་སྙན་ཞབས་བྲོ་སྦྱོང་གི་ཡོད་ལ། སྤྱིར་ཞབས་བྲོ་མི་ཉུང་བ་ཞིག་རྒན་རབས་དང་གཅིག་མཚུངས་འཁྲབ་ཐུབ་ཀྱི་ཡོད་པས། ད་ལྟའི་སྒྱུ་རྩལ་མཁས་དབང་རྒན་བཀྲ་ཤིས་ཚེ་རིང་གིས་སྐབས་དེ་དུས་ནས་ཁོང་ལ་བུ་མོ་འདི་ཆེན་པོ་ཆགས་རྗེས་སྒྲ་སྙན་ཞབས་བྲོ་བ་རྩེ་གྲ་ཞིག་ཆགས་པ་འདུག་ཅེས་གདེང་འཇོག་ཆེན་པོ་གནང་མྱོང་།
བརྩོན་སེམས་ཆེ་ལ། སྤྱང་གྲུང་དོད་པ་དང་སྒྱུ་རྩལ་གྱི་ཚོར་བ་སྐྱེན་པས། ཁོང་ལོ་ན་བཅུ་གྲངས་ལ་སོན་ཙམ་ནས་ནང་མ་སྐྱིད་པའི་ཉི་མ་དང་། བཀྲ་ལ་ཤིས་པ། སྟོད་གཞས་ཟླ་བའི་གཞོན་ནུ་དང་། བྱ་ཚང་རྒོད་ཚང་། ཇོ་ལགས་བཀྲ་ཤིས་སོགས་དར་སོ་ཆེ་བའི་ཞབས་གཞས་ཁག་གཅིག་གི་དབྱངས་ཀྱི་འགྱུར་ཁུག་དང་། གསོན་ཉམས་དོད་པའི་གཞས་ཚིག བདེ་ལྕག་འཁྱུག་པའི་སྟངས་སྟབས་དང་མ་ལག་བདེ་བའི་ཕྱག་རྒྱ་སོགས་ཆ་ཚང་ཁོང་དུ་ཆུད་ཡོད་ཅིང་། དེ་ནི་ཁོང་གིས་ཆུང་དུས་ཁྱིམ་ཚང་གི་རིག་རྩལ་བྱེད་སྒོར་རྒན་རབས་ཚོར་ལད་མོ་བྱས་པ་ལས་བྱུང་བའི་སྒྱུ་རྩལ་གྱི་ཤེས་བྱ་དང་། སྒྱུ་རྩལ་པ་རྒན་རབས་པ་ཚོས་བཞག་པའི་སྒྱུ་རྩལ་གྱི་བག་ཆགས་ཟབ་མོ་ཞིག་རེད་ལ། ཁོང་སྒྱུ་རྩལ་ལ་དགའ་ཞེན་གྱི་སྲབ་ཐག་གློད་མ་མྱོང་བའི་རྒྱུ་རྐྱེན་ཞིག་དེ་བས་རེད།
འདི་ནི་ཉི་མ་མཚམས་གཅོད་ཀྱིས་རྫོང་རྒྱབ་ཀླུ་ཁང་ནང་ཞབས་བྲོ་རྒྱག་མཁན་དང་གླེང་མོལ་བྱེད་བཞིན་པ།
སློབ་ཁྲིད་འཆད་སྟེགས་ནས་སྒྱུ་རྩལ་གར་སྟེགས་བར་གྱི་འགྱུར་ལྡོག
སྤྱི་ལོ་1980ལོར། སི་ཁྲོན་དར་རྩེ་མདོ་དགེ་འོས་སློབ་གྲྭ་ནས་ཐོན་ཏེ་སྤྱི་ལོ་2007ལོར་རྒན་ཡོལ་མ་ཞུས་པའི་བར་བགྲང་བྱ་ཉེར་བདུན་ཏག་ཏག་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་དུ་རྒྱའི་སྐད་ཡིག་དགེ་རྒན་དང་། ཞོར་དུ་རོལ་དབྱངས་དགེ་རྒན་བྱས་ཏེ་ན་ཆུང་སློབ་མ་མང་པོའི་སེམས་ཀྱི་ཞིང་སར་ནང་མ་སྟོད་གཞས་ཀྱི་ས་བོན་བཏབ་ནས་རིག་གནས་སྒྱུ་རྩལ་གྱི་བྱ་བ་ཐོག་མར་བསྐྱངས། དཔེ་ཁྲིད་མི་སྐྱོང་གི་བྱ་གཞག་ནི་ཁོང་གི་བརྩི་ཞེན་གནང་སའི་ལས་གནས་འབའ་ཞིག་ཡིན་ལ། སྤྱི་ཚོགས་ཧྲིལ་པོས་སློབ་གསོར་དོ་ཁུར་དང་། གོང་འོག་ཚང་མས་ཤེས་ལྡན་པར་བརྩི་བཀུར་བྱེད་པའི་དུས་བབ་ཇེ་བཟང་དུ་སོང་རིང་། ཁོང་གིས་སྤོབས་ཉམས་ལྡན་པའི་ངང་སློབ་ཁྲིད་འཆད་སྟེགས་ནས་མེས་རྒྱལ་གྱི་འབྱུང་འགྱུར་མི་རབས་གསར་པ་གསོ་སྐྱོང་བྱེད་པར་སེམས་ནུས་ཇི་ཡོད་བཏོན་ནས་སྤྱི་ལོ་2007ལོར་སློབ་གསོའི་ལས་གནས་ལས་རྒན་ཡོལ་ཞུས།
སྤྱི་ལོ་2012ལོར་སླེབས་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས། རིག་གནས་དར་རྒྱས་ཆེན་པོ་དང་། འཕེལ་རྒྱས་ཤུགས་ཆེན་པོ་གཏོང་བའི་མཛད་ཕྱོགས་སྲིད་ཇུས་བཏོན་པ་དང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མི་ཉམས་གོང་འཕེལ་གཏོང་བའི་མཐོ་རླབས་འཕྱུར་ནས། གནའ་གྲོང་ལྷ་སས་གཙོས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ནང་མ་སྟོད་གཞས་ཀྱི་བསྟན་པ་དར་ཞིང་རྒྱས་ལ། མང་ཚོགས་མང་པོས་མ་བསྐུལ་རང་མོས་ཀྱིས། རང་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཡ་གྱལ་ནང་མ་སྟོད་གཞས་འཁྲབ་སྦྱོང་ལ་ངང་པ་པད་མཚོར་འཇུག་པའི་དུས་བབ་བཟང་པོ་ཞིག་གི་དབུ་ཚུགས་པ་དང་། གནའ་ཉམས་དོད་ལ་སྒྱུ་རྩལ་གྱི་རོ་བཅུད་ཟད་མཐའ་མེད་པའི་ནང་མ་སྟོད་གཞས་འདི་བཞིན་ཚད་ལྡན་ངང་དར་རྒྱས་ཡོང་ཕྱིར། ལྗོངས་རིག་གནས་ཐིང་སོགས་འབྲེལ་ཡོད་ཚན་པས་ཀྱང་རྒྱུན་འཛིན་པ་གསོ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བགྱིས་ཏེ། སྤྱི་ལོ། 2013ལོར་ལྗོངས་རིམ་པའི་ལྷ་སའི་ནང་མ་སྟོད་གཞས་རྒྱུན་འཛིན་ཚོགས་པ་བཙུགས་ཏེ་དངོས་སུ་སྒོ་བྱང་བཀལ་བ་རེད།
རྒྱུན་འཛིན་ཚོགས་པ་དེ་བཙུགས་རྗེས། ཚོགས་པ་དེའི་འགན་འཁུར་བ། རྒྱལ་ཁབ་རིམ་པའི་གར་གྱི་རྒྱུན་འཛིན་བ། ལྗོངས་རིམ་པའི་ནང་མ་སྟོད་གཞས་དང་སྒྲ་སྙན་རོལ་ཆ་རྒྱུན་འཛིན་པ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བཀྲ་ཤིས་ཚེ་རིང་གི་སེམས་ལ་ཞབས་གཞས་སློབ་ཁྲིད་པ་ཚད་ལྡན་ཞིག་དགེ་རྒན་ལ་གདན་འདྲེན་ཞུ་བའི་བསམ་གཞི་འཁོར། ཁོང་གིས་བསམ་བློ་མང་བཏང་རྗེས། ཆེད་ལས་དེའི་བྱང་ཚད་ངེས་ཅན་ལྡན་ལ། ཆེད་ལས་དེར་དད་མོས་ཤིན་ཏུ་ཆེ་བའི་ཉི་མ་མཚམས་གཅོད་བློ་ལ་འཆར་ཏེ། ནང་མ་སྟོད་གཞས་ཚོགས་པ་དེར་སློབ་ཁྲིད་དགེ་རྒན་གནང་བར་ཡོང་རྒྱུའི་སྐུལ་མ་གནང་བ་མ་ཟད། འབྲེལ་ཡོད་ཚན་པར་ཁོང་དགེ་རྒན་ལ་འོས་སྦྱོར་གནང་།
འདི་ནི་ཉི་མ་མཚམས་གཅོད་ལ་བྱ་དགའ་ཐོབ་པ།
དཔེ་ཁྲིད་མི་སྐྱོང་གི་འཆད་སྟེགས་གཅིག་ནས་བྲལ་ཏེ། སླར་ཡང་སློབ་ཁྲིད་ཀྱི་གར་སྟེགས་གསར་པ་ཞིག་ཏུ་ཡོང་བ་ནི། ནང་མ་སྟོད་གཞས་ཀྱི་སྒྱུ་རྩལ་པ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་པའི་དུས་ལ་བབས་པ་ཞིག་དང་། གཏན་ནས་བསྐྱུར་མི་རུང་བའི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་རེད་སྙམ་པའི་བསམ་བློ་འཆར་བཞིན་དོན་དུའང་ཐོབ་ཆ་གང་ཡང་མེད་ཀྱང་ཉི་མ་གནམ་ལ་ཤར་ཤར་དང་ཟླ་བ་དགུང་ལ་འཆར་འཆར་བྲེལ་ཚུབ་ཀྱིས་འཁྲབ་ར་ཁག་ཏུ་བསྐྱོད་དེ་ནང་མ་སྟོད་གཞས་ཀྱི་རྒྱུན་འཛིན་བ་གསོ་སྐྱོང་བྱེད་པ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། བོད་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་སྒྱུ་རྩལ་ལ་དགའ་ཞེན་དང་། ཞབས་བྲོར་དགའ་བའི་སྐྱེས་ཕོ་མོ་རྒན་གཞོན་མང་པོའི་སྐོམ་པ་ཆུ་འདོད་ལྟར་གྱི་བསམ་པའི་རིག་གནས་ཀྱི་རེ་འདོད་བསྐངས་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2014ལོའི་10ཚེས་15ཉིན་འཚོགས་པའི་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་ངོ་བོའི་ཐོག་ནས་བཤད་ན། མི་དམངས་ཀྱི་རིག་རྩལ་རེད། རིག་རྩལ་ལ་བརྟེན་ནས་མི་དམངས་ཀྱི་སེམས་གཏིང་གི་སྐད་ཆ་ལེགས་པར་མཚོན་དགོས་ན། ངེས་པར་དུ་མི་དམངས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་ཡོད་ལ། ཁོང་གིས་བསྐྱངས་པའི་མཛད་འཕྲིན་ནི་རིག་གནས་སྒྱུ་རྩལ་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་སྟངས་ཤིག་ཡིན་པ་སྨྲོས་མེད་རེད།
སྒྱུ་རྩལ་ལམ་བུའི་ཐོག་གི་གྲུབ་འབྲས།
མི་རྣམས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་དང་། ཡིག་གཟུགས་དང་། རི་མོ། ཐང་ག གཞས་ཞབས་བྲོ། རོལ་ཆ་སོགས་སྦྱངས་ནས་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་ཐབས་བྱེད་ཀྱི་ཡོད། སྤྱི་ལོ་2017ལོར། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་སློབ་ཡོན་མི་དགོས་པར་ལྷ་སའི་མང་ཚོགས་ལ་ནང་མ་སྟོད་གཞས་གསོ་སྦྱོང་བྱེད་འགོ་ཚུགས་རྗེས། ཆེད་ལས་མཁས་དབང་གི་འོས་སྦྱོར་ལྟར། ཉི་མ་མཚམས་གཅོད་ཀྱིས་མང་ཚོགས་སྒྱུ་རྩལ་ཁང་དུ་ནང་མ་སྟོད་གཞས་སློབ་འགོ་ཚུགས། ཞབས་བྲོ་སྦྱོང་བར་ཕེབས་མཁན་གྱི་གྲས་སུ་ལྷ་སའི་གྲོང་མི་དང་། རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ། སློབ་གྲྭའི་དགེ་རྒན་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོད་ཅིང་། ཁོ་ཚོའི་ཁྲོད་དུ་དར་མ་གཙོས་དགུང་ལོ་བདུན་ཅུ་བརྒལ་བའི་བགྲེས་སོང་དང་། ལོ་ན་ཉི་ཤུ་ཙམ་གྱི་ན་གཞོན་སོགས་སྐྱེས་ཕོ་མོ་འཚང་ཁ་ཤིག་ཤིག་ཡོད་པས། ཞབས་བྲོ་སྦྱོང་མཁན་གྱི་ལོ་ན་དོ་མི་སྙོམས་ལ། སློབ་མ་ཉུང་ཤས་ལ་རྐང་སྟབས་ཕྱག་རྒྱའི་རྨང་གཞི་ཕྲན་ཙམ་ཡོད་པ་ཕུད། དེ་བྱིངས་མང་ཆེ་བས་ཞབས་བྲོ་དང་། གདངས་དབྱངས། གཞས་ཚིག་ལ་སྤྱིར་ན་ཁ་ཕྱོགས་ཙམ་ཡང་ཤེས་ཀྱི་མེད་པས། ཁོང་ལ་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་སྲིད་པ་སྐྱུ་རུ་ར་རློན་པ་ག་མཐིལ་དུ་བཞག་པ་ལྟར་གསལ་གསལ་ཐིང་ཐིང་རེད། དེ་ལྟར་ཡང་ཁོང་ནི་སྔོན་ཆད་ལོ་མང་རིང་སློབ་ཆུང་གི་སློབ་མ་སྐྱོང་མཁན་གྱི་དགེ་བའི་བཤེས་གཉེན་ཕུལ་བྱུང་ཞིག་ཡིནཔས། སློབ་ཁྲིད་ཀྱི་མྱོང་བ་ཕུན་སུམ་ཚོགས་ལ། ཁྱད་པར་དུ་བོད་ཀྱི་སྲོལ་རྒྱུན་ནང་མ་སྟོད་གཞས་གང་མྱུར་ཁྱབ་གདལ་གཏོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་ཁ་ཞེ་གཉིས་མེད་ཀྱི་ཐུགས་འདུན་དྲག་པོ་ཡོད་སྟབས། ཁག་སྣང་དང་། སུན་སྣང་། གཡོ་ཟོལ། ཁྲལ་སེལ་སོགས་ཅི་ཡང་མེད་པར་ངང་རྒྱུད་རིང་པོས་རྐང་པ་གཡས་གཡོན་ཇི་ལྟར་འདེགས་འཇོག་བྱེད་ཚུལ་དང་། ལག་གཡས་གཡོན་ཕྱག་རྒྱ་ཇི་ལྟར་བྱེད་ཚུལ། ལུས་ཡོངས་ཇི་ལྟར་འགྱུར་ཚུལ། དེ་བཞིན་ཞབས་གཞས་དང་བསྟུན་ནས་གྲེ་བ་ཇི་ལྟར་འགྱུར་ཚུལ་དང་། འཛུམ་མདངས་སྟོན་ཚུལ་སོགས་ཕྱོགས་ཡོངས་ནས་ནན་ཅིང་ཞིབ་ཚགས་པའི་སློབ་ཁྲིད་གནང་བར་བརྟེན། སྦྱོང་བརྡར་ལ་ཞུགས་པའི་སློབ་མ་རྒན་གཞོན་ཚང་མས་ཡུན་རིང་མ་འགོར་བར་ཞབས་བྲོ་ཁག་བཅུ་གྲངས་ཤེས་པ་མ་ཟད། སློབ་མ་མི་ཉུང་བ་ཞིག་གིས་ནང་མ་སྟོད་གཞས་ཀྱི་རྣམ་གྲངས་ལས་ཞབས་གཞས་ཕལ་ཆེ་བ་ཤེས་ཏེ་ཕུལ་བྱུང་སློབ་མར་གྱུར་ཡོད་པ་རེད།
འབྲེལ་ཡོད་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཉི་མ་མཚམས་གཅོད་ཀྱིས་ལོ་ཤས་རིང་ཉིན་གཅིག་ལ་དཔེ་བཞག་པ་ལྟར། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། ལྷ་ས་གྲོང་ཁྱེར་ལས་བྱེད་རྒན་གྲས་བྱེད་སྒོའི་ལྟེ་གནས། ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་། སྟོད་ལུང་བདེ་ཆེན་ཆུས་མང་ཚོགས་རིག་གནས་ལྟེ་གནས་སོགས་ཚན་པའི་འཁྲབ་ར་ཁག་ཏུ་རེས་སྐོར་གྱིས་ཞབས་གཞས་བསླབས་ཏེ། ཐོག་མར་གསོ་སྐྱོང་འགོ་འཛུགས་སྐབས་ཀྱི་སློབ་མ་མི་གྲངས་200ལྷག་ཙམ་ནས་ད་ཆའི་མི་གྲངས་5000ལྷག་ཙམ་ཟིན་ཡོད་པ་དང་། ལོ་གཅིག་རེ་སྦྱོང་བརྡར་བྱས་རྗེས་ད་བར་སློབ་མཇུག་འགྲིལ་བའི་མཛད་སྒོ་ཐེངས་5སྤེལ་ཏེ། སློབ་མཇུག་འགྲིལ་བའི་ལག་ཁྱེར་ཐོབ་པའི་སློབ་མ་མི་གྲངས་600ལྷག་ཙམ་ཟིན་ཡོད།
སྤྱི་ལོ་2018ལོར་གོང་རིམ་ནས་ཉི་མ་མཚམས་གཅོད་ཀྱི་ཁྱད་ཡོན་དངོས་ལ་གཞིགས་ནས། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་མ་སྟོད་གཞས་ཀྱི་རྒྱུན་འཛིན་བར་གཏན་འཁེལ་བྱས་རྗེས། ཁོང་ལ་དེ་བས་སྐུལ་ལྕག་ཆེན་པོ་ཐེབས་ཏེ། ནང་མ་སྟོད་གཞས་བརྒྱ་ཕྲག་གི་ཁྲོད་ནས་ལེགས་འདེམས་བྱས་པའི་མི་སྒེར་གྱི་འོད་སྡེར་ཞིག་འདོན་རྒྱུའི་གྲ་སྒྲིག་གནང་། འོད་སྡེར་འདོན་རྒྱུ་དེའང་ལས་སླ་པོའི་བྱ་བ་ཞིག་ག་ནས་ཡིན། ཞབས་གཞས་ཁག་ཁོང་རང་ཉིད་ནས་འཁྲབ་སྟོན་བྱེད་ཆོག་ཀྱང་། དེར་རོལ་ཆ་གཏོང་མཁན་དང་འོད་སྡེར་གྱི་མ་གནས་སོགས་འགྲོ་གྲོན་སྣ་ཚོགས་པ་ངེས་ཅན་ཞིག་གཏོང་དགོས་ཀྱི་ཡོད་ཅིང་། འགྲོ་གྲོན་གྱི་ཐད་དཀའ་ངལ་འཕྲད་པའི་ཚེ། ཁོང་གི་དགའ་ཉེ་དང་སློབ་ཕྲུག་མང་པོ་ཞིག་གིས་འོད་སྡེར་གྱི་མ་དངུལ་སྤྱི་ཚོགས་ལ་ཞལ་འདེབས་སློང་རྒྱུ་དང་། ཡང་ན་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྐྱོང་ཚན་པར་སྐྱབས་འཇུག་ཞུ་རྒྱུའི་གྲོས་འགོ་བཏོན་མོད། འོན་ཏེ་ཁོང་གིས་ཚན་པ་དང་མི་སུ་ཞིག་ལ་ཡང་སུན་པོ་བཟོ་མི་འདོད་པར། རང་ཁྱིམ་གྱི་གསོག་དངུལ་ཕྲན་བུ་ཡོད་པའི་ཐོག་སྤུན་མཆེད་ཚོར་རེ་བ་བཏོན་ནས། ཁྱོན་འགྲོ་གྲོན་སྒོར་ཁྲི་37བཏང་སྟེ། སྤྱི་ལོ་2019ལོར་དངོས་སུ་འོད་སྡེར《སྲོལ་རྒྱུན་གྱི་སྟོད་གཞས་ནང་མ》སྡེར་གྲངས7000བཏོན་ནས་ཁྲོམ་རར་འགྲེམས་སྤེལ་བྱས་ཤིང་། ཁོང་གིས་རང་ཉིད་ཀྱི་ལུས་ལ་བརྟེན་ནས་འཁྲབ་སྟོན་དང་། འོད་སྡེར་ལ་བརྟེན་ནས་ནང་མ་སྟོད་གཞས་གངས་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་གནས་མཆོག་ལྷ་ས་ནས་ཁྱབ་སྤེལ་བྱས་པ་དེས། སྤྱི་ཚོགས་ཀྱི་རིག་གནས་བསམ་པའི་འཚོ་བཅུད་ཇེ་ཟབ་ཏུ་སོང་བ་དང་། རིག་རྩལ་གྱི་ཁྲོམ་ར་དར་རྒྱས་གཏོང་བར་ཡང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད་པ་རེད།