༄༅།། བོན་གྱི་ཡིག་རྙིང་ལས་གཟེ་མ་དགུ་དང་གཟེ་མ་དགུ་འཆམ་ལ་དཔྱད་པ།

བན་དེ་ལྷུན་འགྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-20



 བན་དེ་ལྷུན་འགྲུབ།
[ནང་དོན་གནད་བསྡུས།] རྩོམ་འདིར་ཆོས་ལུགས་མིའི་རིགས་རིག་པ་དང་ལྷ་རབས་རིག་པའི་གཞུང་ལུགས་དང་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ། བོན་གྱི་སྲིད་པ་སྒོང་གྲོལ་གྱི་ལྷ་རབས་ལས་གཟེ་མ་དགུ་ཇི་ལྟར་བྱུང་ཚུལ་དང་། གཟེ་མ་དགུའི་སྣང་བརྙན་དང་རྟགས་མཚན། དགོན་སྡེ། འཆམ་ཡིག སྟངས་སྟབས་བཅས་ལ་འཛོམས་པའི་ཁྱད་ཆོས། སྒོས་སུ་ལྷ་རབས་བྲོ་ཡི་རྣམ་པ་ཅན། ལྷ་རབས་དང་བྲོ། ཆོ་ག་གསུམ་གཅིག་འདུས་ཀྱི་ངོ་བོའི་རིན་ཐང་བཅས་ལ་ཞིབ་དཔྱད་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོན། ལྷ་རབས། ཡིག་ཚང་། གཟེ་མ་དགུ། གཟེ་མ་དགུ་འཆམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-02-0119-11
དང་པོ། བོན་གྱི་སྲིད་པ་སྒོང་གྲོལ་གྱི་ལྷ་རབས་ལས་“གཟེ་མ་དགུ་”ཇི་ལྟར་བྱུང་ཚུལ།
         བོད་རང་ས་ནས་བྱུང་བའི་བོན་གྱི་སྲིད་པ་སྒོང་གྲོལ་གྱི་ལྷ་རབས་ནི། འཇིག་རྟེན་ཇི་ལྟར་ཆགས་ཚུལ་དང་། ལྷ་མིའི་འགྲོ་བ་ཇི་ལྟར་འཕེལ་ཚུལ་སྟོན་པའི་ལྷ་རབས་ཏེ། ཐོག་མར་ངག་ནས་ངག་ཏུ་བརྒྱུད་ཅིང་ཕྱིས་སུ་ཡི་གེའི་ལམ་དུ་བཀོད། དེ་ལ་བོན་གྱི་ཡིག་ཚང་《སྲིད་པ་མཛོད་ཕུག་》དང་། 《དབུ་ནག་མིའུ་འདྲ་ཆགས》 གཞན་《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》དང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོས་སྔ་མའི་ལག་བྲིས་ལ་དཔེ་གཟིགས་དང་དག་སྒྲིག ལོ་ཙཱ། ཞིབ་འཇུག་བརྒྱུད་དེ་བྱུང་བའི་རིག་གཞུང་དཔྱད་འབྲས་བཅས་བཞུགས། དེ་ཡང་“གཟེ་མ་དགུ་”ཇི་ལྟར་བྱུང་ཚུལ་སྟོན་པ་ལ།ཐོག་མར་བོན་གྱི་སྲིད་པ་སྒོང་གྲོལ་གྱི་ལྷ་རབས་ལས་མིའི་རིགས་ཀྱི་མེས་པོར་འདྲེན་པའི་“སྲིད་པ་སངས་པོ་འབུམ་ཁྲི་”དང་། ཡུམ་“ཆུ་ལྕགས་རྒྱལ་མོ་”གཉིས་ཀྱི་བྱུང་ཚུལ་གསལ་པོར་ངེས་དགོས་ཏེ། “སྒོ་ང་ནང་གི་སྙིང་པོ་ལས། ། ཁྲི་རྒྱལ་ཁུགས་①ཀྱི་སྤྲུལ་པ་སྲིད་པ་སངས་པོ་འབུམ་ཁྲི་ཞེས་བྱ་བ། ། ལྷ་ལས་མིར་སྤྲུལ་ཏེ་དུང་གི་མི་པོ་ལ་གཡུའི་དབུ་སྐྲ་མཆན་ལྷས་བདུན་དུ་ཕྱིན་པ་ཞིག་བྱུང་ངོ་། ། སྲིད་པ་སངས་པོ་འབུམ་ཁྲི་དེ་ཡོད་ཅིང་གང་བ་དང་། དཀར་ཞིང་དགེ་བར་སྲིད་པའི་རྒྱལ་པོ་ཡིན་ནོ། །འབྱུང་བ་རྒྱུ་ལྔ་ཀློང་ལས་ཟིལ་དང་ཆར་དུ་སྲིད། །དེ་ལས་ཕྱིའི་རྒྱ་མཚོ་རུ་སྲིད་དོ། །དེ་ལས་སྲིད་པའི་སྨོན་དང་སེམས་ཅན་གྱི་ལས་དབང་གིས། །མཚོ་དེ་ལ་རླུང་གིས་སྐྱོད་པས། །ལྦུ་བ་གུར་ཙམ་པ་ཞིག་བྱུང་། །དེ་ལས་འོད་སྒོང་སྔོན་པོར་བྱུང་། །སྒོ་ང་རང་གིས་རང་བརྟོལ་པས། །གཡུའི་བུད་མེད་སྔོན་མོ་ལ། །འཐིང་གི་མཆན་ལྷས་བདུན་དུ་བརྩེགས་པ་ཞིག་བྱུང་ངོ་། །ཡབ་སངས་པོ་འབུམ་ཁྲིས་མིང་བཏགས་པ། །སྐོ་བ་ཆུ་ལྕགས་རྒྱལ་མོ་ཞེས་ཀྱང་བྱ། །”②སྒོ་ང་ནང་གི་སྙིང་པོ་ལས་ཁྲི་རྒྱལ་ཁུགས་ཀྱི་སྤྲུལ་པ་སྲིད་པ་སངས་པོ་འབུམ་ཁྲི་བྱུང་བའི་མུར། མཚོ་དེ་རླུང་གིས་བསྐྱོད་པ་ལས་ལྦུ་བ་གུར་ཙམ་པ་བྱུང་བ་དང་། དེ་ལས་འོད་སྒོང་སྔོན་པོ་ཞིག་བྱུང་ཞིང་། འོད་སྒོང་སྔོན་པོ་ལས་གཡུའི་བུད་མེད་སྔོན་མོ་ཞིག་བྱུང་བར་ཡབ་སངས་པོ་འབུམ་ཁྲིས་སྐོ་བ་ཆུ་ལྕགས་རྒྱལ་མོ་ཞེས་མིང་བཏགས། ཡབ་སྲིད་པ་སངས་པོ་འབུམ་ཁྲི་དང་། ཡུམ་ཆུ་ལྕགས་རྒྱལ་མོ་གཉིས་དབུ་བཏུད་ཤངས་བླན་ཏེ་བཤོས་པ་ལས། སྲས་དགུ་དང་སྲས་མོ་དགུ་བཅས་ལྷ་ཡི་མིང་སྲིང་བཅོ་བརྒྱད་བྱུང་ནས་རིགས་རྒྱུད་འཕེལ་བས། བོན་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་ལྟར་ན་ཁོང་གཉིས་ནི་འགྲོ་བ་མིའི་ཡབ་མེས་སུ་འདོད་དོ། །ཡུམ་ཆུ་ལྕགས་རྒྱལ་མོར་ཆུ་ལྕམ་རྒྱལ་མོ་རུའང་འབོད་ཅིང་། མཚན་གཞན་ལ་ཆབ་ཤང་འཕྲུལ་མོ་དང་བཟང་ཟ་རིང་བཙུན། སྲིད་པའི་རྒྱལ་མོ། ས་ཏྲིག་ཨེར་ཏི་རུ་འབོད།བོན་གྱི་བཀའ་སྐྱོང་མ་བདུད་བཙན་གསུམ་ལས་མ་མཆོག་སྲིད་པའི་རྒྱལ་མོ་དང་ངོ་བོ་གཅིག་པར་བརྗོད། “དེའི་བྱེད་ལས་གཙོ་བོ་ནི་མིང་མཚན་མི་འདྲ་བའི་ཐོག་ནས་གསང་བའི་ལྷ་ཡི་གསང་ཡུམ་དུ་སྡོད་པ་དེའོ། །ལྷ་དེ་ཉིད་ཀྱི་བོན་སྐྱོང་སྲུང་མའི་རྣམ་པར་བསྟན་པའི་མཚན་ནི། སྲིད་པ་རྒྱལ་མོ་ཞེས་འཇིག་རྟེན་གྱི་རྒྱལ་མོར་བརྩི་བ་ཡིན།……ལྷ་མོ་ཆུ་ལྕམ་དེ་ཉིད་རེ་ཞིག་ལྷ་ཡི་ཡུལ་དུ་ལྷ་རྒོད་ཐོག་པ་ཡི་ཟླ་བོར་བཞུགས། ཁོང་གཉིས་བཤོས་པ་ལས་སྒོ་ང་ཉི་ཤུ་རྩ་བདུན་འཁྲུངས། ཐོག་མའི་སྒོ་ང་དགུ་པོ་རེ་རེ་ལས་ལུས་མི་ཡིན་ལ་མགོ་བོ་དུད་འགྲོའི་རྣམ་པ་ཅན་གྱི་བུ་མོ་སྤུན་དགུ་སྐྱེས།བུ་མོ་སྤུན་མཆེད་དགུ་པོ་རྣམས་དབལ་གཤེན་སྟག་ལ་མེ་འབར་གྱིས་བོན་སྐྱོང་སྲུང་མར་བཀོད།…… དེང་དུས་འཁྲབ་པའི་འཆམ་ནང་དུ་བུ་མོ་ཉི་ཤུ་རྩ་བདུན་ཁྲོད་ལས་ཐོག་མའི་བུ་མོ་དགུ་པོ་དེ་དག་ཁོ་ན་མཚོན་པར་བྱེད་ལ། དེ་དགུ་པོའི་མིང་དུ་‘གཟེ་མ་དགུ་’ཞེས་འབོད།”③མ་ཡུམ་ཆུ་ལྕམ་རྒྱལ་མོ་འཇིག་རྟེན་གྱི་རྒྱལ་མོར་བརྩི་བ་ལས་གཞན་མིང་མཚན་མི་འདྲ་བའི་སྟེང་ནས་ལྷ་ཡི་གསང་ཡུམ་དུ་བཞུགས་ཡོད། ལྷའི་ཡུལ་དུ་ལྷ་རྒོད་ཐོག་པའི་④ཟླ་བོར་བཞུགས་དུས། སྒོ་ང་ཉི་ཤུ་རྩ་བདུན་འཁྲུངས་ཤིང་ཐོག་མའི་སྒོ་ང་དགུ་པོ་དེ་ལས། 1.སྔོན་མོ་འབྲུག་མགོ། 2.ལྗང་ནག་སྦྲུལ་མགོ།3.ནག་མོ་སྐྱུང་མགོ། 4.དཀར་མོ་སེང་མགོ། 5.དམར་མོ་དྲེད་མགོ། 6.དམར་ནག་སྤྱང་མགོ། 7.སྨུག་ནག་སྟག་མགོ། 8.སེར་ལྗང་ཁྱུང་མགོ། 9.སྔོ་ལྗང་ཆུ་སྲིན་མགོ་བཅས། ལུས་མི་ཡིན་ལ་མགོ་བོ་དུད་འགྲོའི་རྣམ་པ་ཅན་གྱི་བུ་མོ་སྤུན་མཆེད་དགུ་བྱུང་། དབལ་གཤེན་སྟག་ལ་མེ་འབར་གྱིས་བོན་སྐྱོང་སྲུང་མར་བཀོད་ཅིང་མཚན་ལ་“གཟེ་མ་དགུ་”རུ་གསོལ། སྔགས་རྒྱུད་སྡེ་བཞི་ཡི་ནང་མ་ཡེ་ཤེས་ཆེན་པོའི་ཁོངས་གཏོགས་ལྷ་ཚོགས་ཏེ། ལས་ལ་མངགས་པའི་མ་མོ་⑤དགུ་རུ་འདྲེན་ནོ། །
པར་རིས། ཡབ་ལྷ་རྒོད་ཐོག་པ་དང་ཡུམ་ཆུ་ལྕམ་རྒྱལ་མོ་སྐུ་ལུས་གཉིས་མེད་དུ་འཁྲིལ་བ་ཅན།⑥
གཉིས་པ། གཟེ་མ་དགུའི་སྣང་བརྙན་དང་རྟགས་མཚན།
         གཟེ་མ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་འགྲེལ་ལུགས་མི་འདྲ་བ་མང་དུ་ཡོད་ཅིང་། 《གནའ་བོའི་ཞང་བོད་ཚིག་མཛོད་》⑦དུ་བཀོད་པ་ལྟར་ན། ལྷ་སྲུང་མོ་རིགས་ཤིག་སྟེ། གཟེ་མ་དགུ་ནི་ལུས་མི་ལ་མགོ་བོ་དུད་འགྲོའི་རྣམ་པ་ཅན་ཡིན་པས། དངོས་གཞིའི་འཆམ་འཁྲབ་དུས་གཅན་གཟན་གདུག་པ་དགུའི་གདོང་འབག་གྱོན་ནས་གཟེ་མ་དགུའི་སྣང་བརྙན་དང་རྟགས་མཚན་མཚོན་པར་བྱེད་པ་ཞིག་སྟེ། 1.གཟེ་མ་སྔོན་མོ་འབྲུག་མགོ་ཅན། གཤེན་རབ་གསུང་གི་སྒྲ་ལས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ། དགྲ་བོའི་རྒྱལ་ཁམས་འཁྲུག་པར་བྱེད་པའི་རྟགས་སུ་འབྲུག་གི་མགོ། ནམ་མཁའ་གཡུ་ཡི་དབང་དང་ལྡན་པའི་རྟགས་སུ་སྐུ་མདོག་སྔོན་མོ། དགྲ་བགེགས་དབང་དུ་སྡུད་པའི་རྟགས་སུ་ཆུ་སྲིན་ལག་གཡས་བསྣམས་པ། གདར་(བདར)ཞིང་དགྲ་བོའི་ཤ་ལ་ཟ་བའི་རྟགས་སུ་ལྕགས་ཀྱི་མཆེ་བ་ཅན། 2.གཟེ་མ་ལྗང་ནག་སྦྲུལ་མགོ་ཅན། གཤེན་རབ་དབུགས་ཀྱི་སྒོ་ནས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ། དགྲ་བགེགས་རྩད་ནས་འདྲེན་པའི་རྟགས་སུ་སྦྲུལ་གྱི་མགོ། དུག་གི་དབལ་དང་ལྡན་པའི་རྟགས་སུ་སྐུ་མདོག་ལྗང་ནག དགྲ་བོ་ཐེག་པའི་གཞུང་ལ་བསྐྱོན་པའི་རྟགས་སུ་ཕྱག་ཏུ་ཁྱུང་གི་གཤོག་པ་བསྣམས་པ། དར་(བདར)ཞིང་དགྲ་བོའི་རུས་པ་འཆའ་བའི་རྟགས་སུ་དུང་གི་མཆེ་བ་ཅན། 3.གཟེ་མ་ནག་མོ་སྐྱུང་མགོ་ཅན། གཤེན་རབ་ལྟག་པའི་རྒྱབ་ནས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ།དགྲ་བགེགས་མིག་སྲོག་གཏིང་ནས་འབྱིན་པའི་རྟགས་སུ་སྐྱུང་ཀའི་མགོ། བཀྲག་མེད་བདུད་ཀྱི་དབལ་དང་ལྡན་པའི་རྟགས་སུ་སྐུ་མདོག་ནག་མོ། དགྲ་བོའི་བླ་འཆམས་བཟུང་ནས་འོང་བའི་རྟགས་སུ་ཕྱག་ཏུ་ཟངས་ཀྱི་སྤར་ཤད་བསྣམས་པ། སྒྲིལ་ཞིང་དགྲ་བོའི་སྙིང་ལ་འདེབས་པའི་རྟགས་སུ་གནམ་ལྕགས་ཕུར་ཆེན་དབལ་དང་ཆས་པ་ཅན། 4.གཟེ་མ་དཀར་མོ་སེང་མགོ་ཅན། གཤེན་རབ་སྐུ་སྟོད་གདིང་(སྟེང)ནས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ། དགྲ་ཡུལ་ནད་ཀྱི་ས་བོན་འདེབས་པའི་རྟགས་སུ་སེང་གེའི་མགོ། འོད་གསལ་ལྷ་ཡི་དབང་དང་ལྡན་པའི་རྟགས་སུ་སྐུ་མདོག་དཀར་མོ། དགྲ་བོའི་སྲོག་རྩ་དབུ་ལ་འཆིང་བའི་རྟགས་སུ་མཚལ་ཐོད་དམར་པོ་ལྡོག་ཅིང་དབུ་ལ་བཅིང་བ།(ཕྱག་ཏུ་མཚན་ཞགས་བསྣམས་པ) བདར་ཞིང་དགྲ་བོའི་སྙིང་རྩ་གཅོད་པའི་རྟགས་སུ་ལྕགས་ཀྱི་བྱ་རུ་དབལ་དང་ཆས་པ་ཅན། 5.གཟེ་མ་དམར་མོ་དྲེད་མགོ་ཅན། གཤེན་རབ་ཐུགས་ཀྱི་དཀྱིལ་ནས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ། དགྲ་བོ་མཆན་ནས་བུ་དང་ཕྲལ་བའི་རྟགས་སུ་དྲེད་ཀྱི་མགོ། དབལ་སྲས་མེ་རིའི་དབང་དང་ལྡན་པའི་རྟགས་སུ་སྐུ་མདོག་དམར་པོ། དགྲ་བོ་བསྙོ་(སྨྱོ)ཞིང་འབོག་ཏུ་འཇུད་(འཇུག)པའི་རྟགས་སུ་ཕྱག་ཏུ་ལྕགས་རལ་བསྣམས་པ། བདར་ཞིང་དགྲ་བོའི་མགོ་ལུས་ཕྲལ་བའི་རྟགས་སུ་ལྕགས་ཀྱི་རལ་ཀྱུ་དབལ་དང་ཆས་པ།6.གཟེ་མ་དམར་ནག་སྤྱང་མགོ་ཅན། གཤེན་རབ་སྒལ་ཚིག་(ཚིགས)གཞུང་ལས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ། དགྲ་བོའི་ཤ་དང་རུས་པ་ཕྲལ་བའི་རྟགས་སུ་སྤྱང་ཀིའི་མགོ།གནོད་སྦྱིན་སྐར་མའི་དབང་དང་ལྡན་པའི་རྟགས་སུ་སྐུ་མདོག་དམར་ནག་ཅན། དགྲ་བོ་པང་གི་ལྷ་དང་ཕྲལ་བའི་རྟགས་སུ་ཕྱག་ཏུ་ཁྲ་གཤོག་བསྣམས་པ། བདར་ཞིང་དགྲ་བོའི་གླད(ཀླད)པ་གཤོག་པའི་རྟགས་སུ་ཁྲོ་ཆུའི་མཆེ་བ་དབལ་དང་ཆས་པ་ཅན། 7.གཟེ་མ་སྨུག་ནག་སྟག་མགོ་ཅན། གཤེན་རབ་དྲོད་ཀྱི་མཐའ་ལས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ།དགྲ་བོའི་ཤ་ཁྲག་ཟས་སུ་ཟ་བའི་རྟགས་སུ་སྟག་གི་མགོ། སྲིད་པའི་མ་མོའི་དབང་དང་ལྡན་པའི་རྟགས་སུ་སྐུ་མདོག་སྨུག་ནག དགྲ་བོ་གནམ་ས་བཟློག་པར་མཛད་པའི་རྟགས་སུ་ཕྱག་ཏུ་དྲེད་ཀྱི་གཡང་གཞི་བསྣམས་པ། བདར་ཞིང་དགྲ་བོའི་དོན་སྙིང་གཅོད་པའི་རྟགས་སུ་ཆུ་གྲིའི་ལག་པ་དབལ་དང་ཆས་པ་ཅན། 8.གཟེ་མ་སེར་ལྗང་ཁྱུང་མགོ་ཅན། གཤེན་རབ་སྙན་གྱི་མཆོག་ལས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ།དགྲ་བོའི་ཁྱིམ་འཁོར་ཟས་སུ་ཟ་བའི་རྟགས་སུ་ཁྱུང་གི་མགོ། གཟའ་ཆེན་བརྒྱད་ཀྱི་དབང་དང་ལྡན་པའི་རྟགས་སུ་སྐུ་མདོག་སེར་ལྗང་། དགྲ་བོ་ཧུར་ཐུམ་གསོད་པའི་རྟགས་སུ་ཕོ་དགུ་མོ་དགུ་རྐུང་ནས་འགྱེད། (ཕྱག་ཏུ་ཕོ་མོ་གཉིས་ཀྱི་བམ་གཟུགས་བསྣམས་པ) གདར་(བདར)ཞིང་དགྲ་བོའི་ཡན་ལག་གཅོད་པའི་རྟགས་སུ་རྫུ་འཕྲུལ་མཆེ་བ་དབལ་དང་ཆས་པ་ཅན། 9.གཟེ་མ་སྔོ་ལྗང་ཆུ་སྲིན་མགོ། གཤེན་རབ་རྩ་ཡི་སྦུབ་ནས་སྤྲུལ་བའི་རྟགས་སུ་སྐུ་ལུས་མོ། དགྲ་བོ་པང་གི་ལྷ་ཡང་བསྔགས་པའི་རྟགས་སུ་ཆུ་སྲིན་གྱི་མགོ། རྒྱ་མཚོ་ཀླུ་ཡི་དབང་དང་ལྡན་པའི་རྟགས་སུ་སྐུ་མདོག་སྔོ་ལྗང་། དགྲ་བོ་མ་ལུས་དབང་དུ་བསྡུས་པའི་རྟགས་སུ་ཕྱག་ཏུ་རླུང་གཡབ་བསྣམས་པ། བདར་ཞིང་དགྲ་བོའི་ཁོང་ཁྲག་ཁ་རུ་འཇིབ་པའི་རྟགས་སུ་ཤེལ་གྱི་མཆེ་བ་དབལ་དང་ཆས་པ་ཅན།⑧ གཟེ་མ་དགུའི་མཚན་གྱི་འབོད་ལུགས་ཀྱི་ཆ་ནས་ད་དུང་གཟེ་མ་དཀར་མོ་སེང་མགོ་ཅན་ལ་སྟོབས་ལྡན་སེང་མགོ་མ་རུ་འབོད་པ་དང་། གཟེ་མ་དམར་མོ་དྲེད་མགོ་ཅན་ལ་རྔམ་པ་དྲེད་མགོ་མ། གཟེ་མ་དམར་ནག་སྤྱང་མགོ་ཅན་ལ་སྒྲིན་བྱེད་སྤྱང་མགོ་མ། གཟེ་མ་སྨུག་ནག་སྟག་མགོ་ཅན་ལ་ནག་མོ་སྟག་མགོ་དང་བཀྲ་གསལ་སྟག་མགོ་མ། གཟེ་མ་སེར་ལྗང་ཁྱུང་མགོ་ལ་རླབས་ཆེན་ཁྱུང་མགོ་མ། གཟེ་མ་སྔོ་ལྗང་ཆུ་སྲིན་མགོ་ཅན་ལ་ཀླུ་མོ་ཁ་རྔམ་དང་། ཀླུ་མོ་ཆུ་སྲིན། ཁ་རྔམ་ཆུ་སྲིན་མགོ་ཅན་བཅས་སུ་འབོད་པ་ནི། གཟེ་མ་དགུའི་སྐུ་མདོག་དང་མཐུ་ནུས། རྟགས་མཚན་གྱི་གཞི་འཛིན་ས་མི་གཅིག་པ་མ་གཏོགས་དོན་དུ་གཅིག་ལ་གོ། གཤམ་དུ་གཟིགས་བདེའི་རེའུ་མིག་ཏུ་འགོད་པ་ལ།
         མདོར་ན་གཟེ་མ་དགུ་འཆམ་ལས་གཟེ་མ་དགུ་ནི། ཡབ་ལྷ་རྒོད་ཐོག་པ་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ལས་འཁྲུངས་ཤིང་། དབལ་གཤེན་སྟག་ལ་མེ་འབར་གྱིས་བོན་སྐྱོང་སྲུང་མར་བཀོད། ཁོང་ཚོའི་དབུ་དང་སྐུ་མདོག ཕྱག་མཚན། མཆེ་བ། བྱ་རུ་སོགས་ཀྱི་སྣང་བརྙན་དག་ནི་སྲིད་པའི་སྒོ་ང་ལས་གྲོལ་བའི་བོན་གྱི་ལྷ་རབས་ལ་གཞིར་བྱས་ཏེ།གནོད་དགྲ་འཇོམས་པའི་རྟགས་མཚན་དང་ལྡན་ནོ། ། 
གསུམ་པ། གཟེ་མ་དགུ་འཆམ་གྱི་ཕྱག་ལེན་མཆིས་པའི་བོན་དགོན།
         གཟེ་མ་དགུ་འཆམ་ནི་བོན་གྱི་འཆམ་རིགས་ཆེན་མོ་གསུམ་སྟེ། མ་རྒྱུད་ཚོགས་འཆམ། གཟེ་མ་དགུ་འཆམ། གཤེན་རབ་གཡུང་དྲུང་དགུ་འཆམ་བཅས་ཀྱི་གྲས་ཡིན་ལ། གཞན་སྟག་ལྷའི་རྔ་འཆམ། ཞི་ཁྲོའི་ཁྲོ་འཆམ། ཨ་གསལ་ཚོགས་འཆམ་སོགས་བོན་ལ་འཆམ་སྣ་བཅུ་བདུན་ལྷག་ཡོད། བོན་གྱི་དགོན་སྡེ་སོ་སོར་རང་རང་གི་འཆམ་གྱི་ཕྱག་ལེན་རྒྱུན་འཛིན་བྱས་པས་འཆམ་སྣ་ཡང་མི་གཅིག་སྟེ།
         གཅིག གཡུང་དྲུང་གླིང་དགོན་གྱི་གཟེ་མ་དགུ་འཆམ། གཡུང་དྲུང་གླིང་དགོན་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ནུ་མ་སྒང་ཤང་གི་ཁོངས་སུ་གནས། བོད་རབ་བྱུང་14པའི་ཤིང་ཕོ་རྟ་(1834ལོ)ལོར་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ། དགོན་སྡེ་འདི་ལ་མཚོན་ན། ལོ་རེའི་ཟླ་12པའི་ཚེས་1ཉིན་ནས་ཚེས་22བར་དུ་དགུ་གཏོར་ཆེན་མོའི་འཆམ་མཁན་32ཀྱིས་འཆམ་སྦྱོང་རྒྱུ་དང་། ཚེས་22ཉིན་མཁན་སློབ་རྣམས་ཀྱིས་འཆམ་རྒྱུགས་སྤྲོད། གྱེར་མོ་རྣམས་ཀྱིས་གྱེར་མོ་རྒྱུགས་སྤྲོད་པ་སོགས་ག་དར་མཆོད་པ་བྱེད་པ། ཚེས་23ནས་ཚེས་29བར་དགུ་གཏོར་ཆེན་མོའི་གདངས་དབྱངས་འབྲུག་སྟོང་ལྡིར་བའི་གྱེར་མོ་དབུ་མཛད་ཀྱིས་གཙོས། སྐད་སྒྲ་བ་མི་22ཟུར་འཐེན་གྱིས་ཚོགས་དབུས་སུ་གྱེར་ལན་འདེབས་རེས་བྱེད།མཚན་མོར་བཙུན་ཆུང་དབོན་ཆུང་རྣམས་ཀྱིས་ཀྱང་བཀའ་སྐྱོང་གྱེར་བ། ཚེས་29ཉིན་གཤེན་རབ་དགུ་འཆམ། གཡུང་དྲུང་དགུ་འཆམ། གཟེ་མ་དགུ་འཆམ། སྟག་འཆམ། སེང་འཆམ། གར་འཆམ། དུར་འཆམ། ཤྭ་འཆམ་སོགས་དད་ལྡན་མང་ཚོགས་ལ་འཁྲབ་སྟོན་ཞུ་གི་ཡོད།⑨ གཡུང་དྲུང་གླིང་དགོན་དུ་ཟླ་12པའི་ཚེས་29ཉིན་དགུ་གཏོར་ཆེན་མོའི་སྐབས་སུ་གཟེ་མ་དགུ་འཆམ་འཁྲབ་སྟོན་བྱེད་པ་དེ་ནི་དགུ་གཏོར་ཆེན་མོའི་གྲུབ་ཆ་གཙོ་བོར་གྱུར་ཡོད།
         གཉིས། ཀླུ་ཕུག་དགོན་གྱི་གཟེ་མ་དགུ་འཆམ། ཀླུ་ཕུག་དགོན་ནི་བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་གི་ཁོངས་སུ་གནས། ཁྲི་རྒྱལ་རྗེ་བཙུན་མཆོག་གིས་བོད་རབ་བྱུང་12པའི་མེ་སྦྲུལ་(1737ལོ)ལོར་ཕྱག་བཏབ། དགོན་སྡེ་འདི་ལ་མཚོན་ན། བོད་ཟླ་8པའི་ཚེས་12ནང་འཆམ་སྣ་བཅུ་ཕྲག་ལྷག་རྒྱག་གི་ཡོད། དང་པོ་ས་ཕྱག དེ་ནས་དབལ་ཕུར་ཕྱག་རྒྱ་འཇིགས་ཚོགས་ཀྱི་གར་འཆམ་དང་། ཁྲོ་ཕུར་ཚོགས་འཆམ། སེང་འཆམ། དབལ་སྟག་ལ་ཧེ་ནེ་རམ་གྱི་གར་འཆམ་སོགས་དང་། བོད་ཟླ་12ནང་དགུ་གཏོར་ཆེན་མོའི་སྐབས་གཤིན་རྗེ་ལྷ་བརྒྱད་ཀྱི་གར་འཆམ་དང་། བོད་ཟླ་7པའི་ཁྲོ་བོའི་སྒྲུབ་ཆེན་མཇུག་ཏུ་ཡེ་ཤེས་དབལ་གྱི་གཟེ་མའི་གར་འཆམ། སྔོན་མོ་འབྲུག་མགོ་དང་ལྗང་ནག་སྦྲུལ་མགོ་སོགས་གཟེ་མ་དགུའི་གར་འཆམ། གཤེན་རབ་གཡུང་དྲུང་དགུ་འཆམ། གཏོར་རྒྱག་སོགས་མང་དུ་བཞུགས།⑩ ཀླུ་ཕུག་དགོན་དུ་བོད་ཟླ་7པའི་ཁྲོ་བོའི་སྒྲུབ་ཆེན་གྱི་མཇུག་ཏུ་གཟེ་མ་དགུ་འཆམ་འཁྲབ་བོ། །
         གསུམ། ཨ་གྲགས་སྣང་གསལ་དགོན་གྱི་གཟེ་མ་དགུ་འཆམ། ཨ་གྲགས་སྣང་གསལ་དགོན་ནི་བོད་ལྗོངས་ནག་ཆུ་ས་ཁུལ་གཉན་རོང་རྫོང་རྟ་རྫོང་ཤང་གི་ཁོངས་སུ་གནས། རབ་བྱུང་15པའི་མེ་ཕོ་རྟ་(1906ལོ)ལོར་དབྲ་སྟོན་སྣང་གསལ་ནམ་མཁའ་རྒྱལ་མཚན་གྱིས་ཕྱག་བཏབ། དགོན་སྡེ་འདི་ལ་མཚོན་ན། ཧོར་ཟླ་3པའི་ཚེས་15ནས་ཚེས་17བར་ཉིན་3རིང་། སྣ་སེལ་ཨ་ཙ་ར། ས་འདུལ་ཁྲོ་འཆམ། རྣམ་བརྒྱད། དུས་དྲུག གཟེ་མ་དགུ་འཆམ། ཧ་ཤང་། མ་རྒྱུད་འཆམ། ཚོགས་རྔ་ཆེན་མོ། དཔལ་མགོན་དྲལ་བརྒྱད། དུར་ཁྲོད་གནས་བརྒྱད། སེང་གེ་སྟག་གཟིགདབལ་སྟག དབལ་འབྲུག དབལ་གཡག དབལ་ཁྱུང་སོགས་འཆམ་སྣ་ཕུན་སུམ་ཚོགས་པ་བཞུགས་ཤིང་། གཟེ་མ་དགུ་འཆམ་ནི་འཆམ་སྣ་དག་ལས་གཙོ་གྲས་དང་མ་རྒྱུད་དུས་མཆོད་ཆེན་མོའི་གྲུབ་ཆ་གཙོ་བོར་གྱུར་ཡོད།དེ་ཡང་གཟེ་མ་དགུ་འཆམ་གཙོས་བོན་གྱི་འཆམ་དག་ནི། བོད་རིགས་མང་ཚོགས་ཀྱི་ཆོས་ལུགས་དད་མོས་དང་གཞི་གཅིག་ཏུ་འབྲེལ་ཞིང་། ལོ་གཅིག་གི་གནོད་པའི་རྐྱེན་གེགས་སེལ་བ་དང་འཐབ་རྩོད་འཁྲུག་ལོང་ཞི་བ། ནད་རིམས་མུ་གེ་བྲལ་བ། ཚེ་བསོད་རླུང་རྟ་དར་བའི་དགོན་སྡེའི་ཆོས་ཐོག་གི་རྣམ་པར་གྲུབ་ཡོད།
བཞི་པ། གཟེ་མ་དགུ་འཆམ་གྱི་འཆམ་ཡིག་དང་སྟངས་སྟབས་ཉམས་འགྱུར།
         འཆམ་ཡིག་གི་འབྱུང་ཁུངས་ལ་གཏེར་སྟོན་རིམ་བྱོན་གྱིས་གཏེར་ལས་བཏོན་པ་དང་། གྲུབ་ཐོབ་རྟོགས་ལྡན་གྱི་མནལ་ལམ་དུ་བབས་པ། ཆོས་སྐྱོང་སྲུང་མའི་རིགས་བསྒྲུབས་ཏེ་བརྩམས་པ་སོགས་ཡོད་ཅིང་། འཆམ་ཡིག་གི་ནང་དོན་ལ་འཁྲབ་སྟོན་གྱི་གོ་རིམ་དང་། ལྷ་ཚོགས་སེམས་ཅན་དུད་འགྲོ་སོགས་ཀྱི་ཞལ་འབག རྒྱན་གོས། ཕྱག་མཚན། མཆོད་རྫས། འདོན་རྟ་དབྱངས། ལུས་ཀྱི་ཕྱག་རྒྱ་དང་སྟངས་སྟབས། འཁྲབ་ཆས་སོགས་ཞིབ་ཅིང་ཕྲ་བར་བཀོད་ཡོད། གཟེ་མ་དགུ་འཆམ་ལ་མཚོན་ན། 1017ལོར་གཤེན་ཆེན་ཀླུ་དགས་གཏེར་ལས་བཏོན་པའི་《ཁྲོ་བོ་དབང་ཆེན་》ཞེས་པའི་འཆམ་ཡིག་ཅིག་ཡོད། “འཆམ་དེའི་ཞིབ་ཕྲའི་གནས་ཚུལ་དང་། ནུས་པ། སྒྲུང་གི་ནང་དོན་བཅས་ནི་《ཁྲོ་བོ་དབང་ཆེན་》ཞེས་པའི་དཔེ་ཆའི་ནང་རྒྱས་པར་འཁོད་ཡོད། དཔེ་ཆ་དེ་ནི་1017ལོར་གཤེན་ཆེན་ཀླུ་དགས་(996-1035) ⑾གཏེར་ལས་བཞེས་པར་གྲགས་ཤིང་། ལྷ་མོ་སྲིད་པ་རྒྱལ་མོ་ནི་གཤེན་ཚང་གིས་དམིགས་བསལ་དུ་བསྟེན་པའི་སྲུང་མ་ཞིག་ཡིན་ལ། འཆམ་དེ་ནི་ཐོག་མར་གཤེན་ཆེན་ཀླུ་དགའ་ཡིས་སྲོལ་བཏོད་པ་ཡིན་ཞེས་བོན་ལུགས་སུ་གྲགས་སོ།།”⑿འཆམ་ཡིག་འདི་ནི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་སྨྲ་སྟེ། “བོད་རྒྱལ་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་གྲགས་པའི་《གསང་སྔགས་ཀྱི་བོན་སྒོ་སྤྱི་སྤུངས་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པ་》དང་《བོན་གྱི་ཡི་དམ་དཔལ་ཕྱུར་མ་རྒྱུད་ཞི་བ་ཨ་གསལ་》སོགས་ལས་གཤེན་རབས་(རབ)དགུ་འཆམ་དང་། གཟེ་མ་དགུ་འཆམ། སྟག་ལྷའི་རྔ་འཆམ། ཞི་ཁྲོའི་ཁྲོ་འཆམ་བཅས་འཆམ་སྣ་བཅུ་བདུན་ཙམ་ཡོད་པར་བཤད་པ་ལྟར་ན། ནང་བསྟན་བོད་དུ་མ་དར་གོང་ནས་བོན་ལུགས་ཀྱི་འཆམ་སྣ་ཚོགས་རྒྱག་རྒྱུ་ཡོད་ངེས་ཡིན་”⒀ཞེས་《དུང་དཀར་ཚིག་མཛོད་》དང་མཐུན་པར་འཆམ་ཡིག་འདི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་ཚུལ་བཀོད་ཡོད་ཅིང་། བོན་གྱི་བསྟན་པ་ཕྱི་དར་གྱི་སྐབས་སུ་གཤེན་ཆེན་ཀླུ་དགས་གཏེར་ལས་བཏོན་པ་སྟེ། “ད་ནི་ལྷོ་གཏེར་གཤེན་གྱི་ལོ་རྒྱུས་ནི། །བོད་རྒྱལ་གྲི་གུམ་བཙན་པོ་གླེན་པའི་རིང་།།རྒྱལ་དང་གཤེན་གྱི་བར་དུ་སྙན་ཕྲ་ཞུགས། །གཤེན་རྣམས་བོད་དུ་བཞུགས་པར་ཐུགས་མ་བདེ། །འབྲིག་མཚམས་མཐའ་དཀར་བྲག་ལ་གཏེར་དུ་སྦས། །དེ་ནས་བསྟན་པ་ཕྱི་དར་དུས་ཀྱི་ཚེ། །ཀླུ་དགའ་བོན་གྱི་དངོས་གྲུབ་སྟེར་ཅེས་ཐོས། །མེ་མོ་སྦྲུལ་ཏེ་དགུང་ལོ་ཉེར་གཉིས་དུས། །དགུན་ཟླ་འབྲིང་པོའི་ཉེར་བཞི་ཁྲ་ཡི་གདུགས། །ཁྲོ་བོ་དབང་ཆེན་རྩ་རྒྱུད་རྒྱུད་དྲུག་བཅས། ། ངན་སྔགས་ཨ་མུ་ཁ་ཕུང་རྒྱུད་སོགས་བྱུང་། །”⒁བོད་རྒྱལ་གྲི་གུམ་བཙན་པོའི་རིང་རྒྱལ་གཤེན་བར་དུ་འཁྲུག་རྩོད་ལངས་ཏེ་བོན་གྱི་བསྟན་པ་བསྣུབས་དུས། སྐུ་གཤེན་རྣམས་ཀྱིས་བོན་གྱི་རྒྱུད་སྡེ་རྣམས་གཏེར་དུ་སྦས་པ་དག ཕྱིས་བསྟན་པ་ཕྱི་དར་གྱི་དུས་སུ་གཤེན་ཆེན་ཀླུ་དགའ་ཁོང་དགུང་ལོ་22པ་མེ་མོ་སྦྲུལ་གྱི་ལོའི་དགུན་ཟླ་འབྲིང་པོའི་ཚེས་ཉེར་བཞི་ཉིན་ཏེ། 1017ལོའི་ཟླ་11པའི་ཚེས་24ཉིན་《ཁྲོ་བོ་དབང་ཆེན་》སོགས་གཏེར་ལས་བཏོན་ཚུལ་《སྲིད་པ་རྒྱུད་ཀྱི་ཁ་བྱང་》དང་《དྲན་པའི་སྒྲགས་བྱང་》གཉིས་ལས་ལུང་དྲངས་ཏེ་ཞིབ་རྒྱས་སུ་བཀོད་ཡོད། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》དུ་“གཤེན་སྒུར་⒂ཀླུ་དགའ་བྱ་བ་ཡིས། །མཚོ་རྔས་བྲག་ལ་གཏེར་སྒོ་ཕྱེས། །ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྒྱུད་སྡེ་དང་། །”⒃ཞེས་《ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྒྱུད་སྡེ་》སོགས་གཏེར་ལས་བཏོན་པའི་རྒྱུད་སྡེ་40ཡི་རྩིས་བྱང་གསལ་པོར་བཀོད་ཡོད།
         དེ་ཡང་《ལྷོ་གཏེར་ཁྲོ་བོ་རྒྱུད་དྲུག་》གི་མིང་ཆ་ཚང་ལ་《གསང་སྔགས་སྤྱི་སྤུངས་ཁྲོ་བོའི་རྒྱུད་དྲུག་ཅེས་བྱ་བ་བཞུགས་སོ་》ཞུ་ཞིང་། འདི་ལ་ནང་གསེས་༼ ཀ ༽ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད། ༼ ཁ ༽རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད། ༼ ག ༽འགུ་ཡ་སྲོག་འཛིན་གཡུང་དྲུང་གསང་བའི་རྒྱུད། ༼ ང ༽གསང་བ་དགུ་འཕར་གཡུང་དྲུང་གསང་བའི་རྒྱུད། ༼ ཅ ༽ དབལ་མོ་ལས་ཀྱི་ཐིག་ལེ་གཡུང་དྲུང་གསང་བའི་རྒྱུད། ༼ ཆ ༽ གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་བཅས་6པོ་ལས། ༼ ཅ ༽དབལ་མོ་ལས་ཀྱི་ཐིག་ལེ་གཡུང་དྲུང་གསང་བའི་རྒྱུད་ལ་ཁྱོན་ལེའུ་33ཡོད་ཅིང་། ལེའུ་13པ་སྤར་མ་28དམ་དབལ་མོ་28བསྐྱེད་པའི་ལེའུ་རུ་“ཡུམ་ཆེན་སྲིད་པའི་རྒྱལ་མོ་ནི། །སྐུ་མདོག་གང་ཡང་མ་ངེས་ཏེ། །ཤིན་ཏུ་འཇིགས་ཤིང་རྔམ་པ་ལ། །ཞལ་གདངས་སྤྱན་བཟློག་མཆེ་བ་གཙིགས། །ལྗགས་ཀྱང་རབ་ཏུ་བརྐྱངས་ནས་ནི། །བདུད་རྩིའི་ཞལ་དུ་གསོལ་བར་བདག་ཉིད་སྒོམ། །དེ་ཡི་ཐུགས་ཀྱི་སྤྲུལ་པ་ལས། །མི་བཟད་དབལ་གྱི་གཟེ་མ་དགུ །སྔོན་མོ་འབྲུག་གི་མགོ་ཅན་དང་། །ལྗང་ནག་སྦྲུལ་གྱི་མགོ་ཅན་དང་། །ནག་མོ་སྐྱུང་ཀའི་མགོ་ཅན་དང་། །དཀར་མོ་སེང་གེའི་མགོ་ཅན་དང་། །དམར་མོ་དྲེད་ཀྱི་མགོ་ཅན་དང་། །དམར་ནག་སྤྱང་ཁུའི་མགོ་ཅན་དང་། །སྨུག་ནག་སྟག་གི་མགོ་ཅན་དང་། །སེར་ལྗང་ཁྱུང་གི་མགོ་ཅན་དང་། །སྔོ་ལྗང་ཆུ་སྲིན་མགོ་ཅན་བསྒོམ། །”⒄ཞེས་མ་ཡུམ་སྲིད་པ་རྒྱལ་མོ་དང་གཟེ་མ་དགུའི་བསྒོམ་སྒྲུབ་ཀྱི་སྐུ་རྣམས་གསལ་བར་བསྐྱེད་པའི་སྐོར་བཀོད་ཡོད་ལ། སྒོས་སུ་ལེའུ་17པ་བྱིན་དབབ་པ་དང་མཆོད་པ་དབུལ་བའི་ལེའུ་རུ་“བླ་མེད་གར་གྱི་མཆོད་པ་སྟེ། །ནམ་མཁའ་བར་སྣང་ས་གཞི་ཀུན། །ཕྱག་རྒྱ་འདུ་འཕྲོ་གར་གྱི་རྒྱ། །གཡས་དང་གཡོན་དུ་བསྒྱུར་བ་ཡིས། །ཡབ་དང་ཡུམ་དུ་དགྱེས་པར་ཧོ། །” ⒅ཞེས་མཆོད་པ་རྣམ་པ་བརྒྱད་ལས་ཕྱག་རྒྱ་གར་གྱི་མཆོད་པ་སྟེ། གཡས་གཡོན་དང་སྟེང་འོག་ཏུ་བསྒྱུར་བའི་ཡབ་ཡུམ་གར་གྱི་སྟངས་སྟབས་དང་། ལྷ་ཚོགས་གཞན་རྣམས་ཀྱི་སྟངས་སྟབས་རང་རང་གི་ཚུལ་བཞིན་བསྒྱུར་དགོས་པའི་ཚུལ་བསྟན་ཡོད། 
གཟེ་མ་དགུ་འཆམ་གྱི་སྟངས་སྟབས་དང་ལུས་ཀྱི་ཉམས་འགྱུར་ལ། “1.ལམ་འདྲེན། 2.སྟག་འགྲོས། 3.སེང་སྟབས། 4.ཞི་དྲག 5.མེ་རི། 6.མ་རྒྱུད། 7.རྔམ་འགྱུ།8.ཆགས་ཕེབས། 9.གློག་འགྱུ། 10.མདའ་ཐེན། 11.གནམ་འདུལ། 12.ས་འདུལ། 13.བཞི་རྒྱག 14.སྲིད་པ་རྒྱལ་མོ།15.བླ་མ་བོན་སྐོར།”⒆བཅས་ཐོག་མའི་ལམ་འདྲེན་ནས་མ་ཡུམ་སྲིད་པ་རྒྱལ་མོའི་འཆམ་སྐོར། མཇུག་གི་བླ་མ་བོན་སྐོར་བཅས་སུ་འགྱིང་བ་དང་། མཆོང་བ། གསེག་པ།གནོན་པ། འཛུམ་པ། ཁྲོས་པ། གཏུམ་པ། རྔམ་པ་ཡི་སྟངས་སྟབས་དང་ཉམས་འགྱུར་ཕུན་སུམ་ཚོགས་པ་མཆིས།
ལྔ་པ། གཟེ་མ་དགུ་འཆམ་གྱི་ལྷ་རབས་དང་བྲོ། ཆོ་ག་གསུམ་གཅིག་འདུས་ཀྱི་ངོ་བོ།
         ལྷ་རབས་ནི་འགྲོ་བ་མིའི་བྱིས་པའི་དུས་ཀྱི་ཐུན་མོང་གི་ཀུན་རྟོག་ཚུར་སྣང་སྟེ། དེ་ནི་རུས་རྒྱུད་སྤྱི་ཚོགས་ཀྱི་དུས་སུ་བྱུང་། མ་རྒྱུད་རུས་རྒྱུད་ཀྱི་སྤྱི་ཚོགས་ངོ་བོ་ཕ་རྒྱུད་རུས་རྒྱུད་སྤྱི་ཚོགས་སུ་བར་བརྒལ་བྱེད་སྐབས། རང་བྱུང་གི་སྣང་ཚུལ་ལ་འགྲེལ་བཤད་དང་། མི་གཤིས་ཅན་གྱི་ལྷ་རྣམས་ལ་མཆོད་འབུལ་བྱེད་པའི་བརྒྱུད་རིམ་ཁྲོད་གསར་བཟོ་དང་རྒྱུན་འཛིན་བྱས་ཏེ། ཚོགས་པ་ཐུན་མོང་གི་དད་མོས་མཚོན་པའི་སྐད་ཆའི་སྒྱུ་རྩལ་དུ་གྱུར་ཡོད། བྲོ་ནི་མིའི་རིགས་ཀྱི་མེས་པོ་གོང་མ་དག་གི་ཐོན་སྐྱེད་ངལ་རྩོལ་དང་དུས་ཆེན། མཆོད་འབུལ། གཡུལ་འཁྲུག གསོ་བཅོས་སོགས་སྤྱི་ཚོགས་འཚོ་བའི་ངོས་གང་ཡང་རུང་བར་ཁྱབ་ཡོད་པས། ཁོར་ཐི་ས་ཁི་སི་(Curt Sachs)ཡིས་《འཛམ་གླིང་གི་བྲོའི་ལོ་རྒྱུས་》སུ་“བྲོ་ནི་སྒྱུ་རྩལ་ཀུན་གྱི་མ་ཡུམ་”དུ་འདྲེན་བཞིན་ཡོད། བོད་ཡུལ་གྱི་གནའ་བོའི་རིག་རྫས་དང་བྲག་བརྐོས་རི་མོ། མངའ་རིས་འབྲོང་རྩེད། རྨ་བྱའི་བྲོ། ཀླུ་རོལ་སོགས་སུ་གདོད་མའི་བྲོ་ཡི་གྲུབ་ཆ་མང་པོ་ཞིག་ཉར་ཡོད། ཆོ་ག་ནི་གནའ་བོའི་ཆོས་ལུགས་དང་མཚན་ཉིད་རིག་པ། སྒྱུ་རྩལ་བཅས་དར་བའི་འབྱུང་ཁུངས་གཙོ་བོར་འདྲེན། དབྱིན་ཇིའི་མིའི་རིགས་རིག་པའི་མཁས་པ་ཧྥི་རས་ཟིར་(Frazer)ཡིས་“ཆོ་ག་ནི་ལྷ་རབས་ཀྱིའང་སྔོན་དུ་བྱུང་བའི་ལྟ་ཚུལ་”བཏོན་མྱོང་། བོད་ཡུལ་དུ་བོན་གྱི་ཐེག་པ་རིམ་དགུ་ལས་རྒྱུའི་ཐེག་པ་བཞི་སོགས་སུ་ཆོ་གའི་རིགས་མང་དུ་ཡོད་པ་དག བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སོར་བཞག་དང་ཁ་གསབ་བརྒྱུད། ཆོས་དང་འཇིག་རྟེན་གྱི་ཆོ་གའི་མ་ལག་ཆེན་པོ་ཞིག་ཆགས་ཡོད།
         བོན་གྱི་གཟེ་མ་དགུ་འཆམ་ལ་མཚོན་ན། ལྷ་རབས་དང་བྲོ། ཆོ་ག་གསུམ་གཅིག་འདུས་ཀྱི་ངོ་བོའམ་རྣམ་པ་ཅན་ཞིག་ཡིན་ཏེ། ལྷ་རབས་བྲོ་ཡི་རྣམ་པ་ཅན་ནི་ལྷ་རབས་ཀྱི་ནང་དོན་དང་། བྱུང་རིམ་རྙོག་འཛིང་ཅན་དག་བྲོ་ཡི་སྟངས་སྟབས་ལས་མཚོན་པར་གོ། “རང་བྱུང་ཁམས་ཀྱི་སྟོབས་ཤུགས་དག་མི་གཤིས་ཅན་དུ་བསྒྱུར་བའི་ཚེ། ཆེས་ཐོག་མའི་ལྷ་བྱུང་བ་དང་། ལྷ་ཡི་བྱུང་བ་བརྗོད་པའི་ལྷ་རབས་ཡང་བྱུང་། ལྷ་རབས་ཀྱི་ནང་དོན་དག་ཕྱིའི་ལུས་པོའི་བྲོ་ཡི་ལམ་ནས་སྟོན་པའི་ལྷ་རབས་བྲོ་ཡི་རྣམ་པ་ཅན་ཡང་བྱུང་”⒇ཞེས་ཐོག་མར་ལྷ་བྱུང་བ་དང་། དེ་ནས་ལྷ་རབས། མཇུག་ཏུ་ལྷ་རབས་བྲོ་ཡི་རྣམ་པ་ཅན་དུ་འཕེལ་བ་སྟེ། གཟེ་མ་དགུ་འཆམ་ལ་མཚོན་ན། 1.ལྷ། རང་བྱུང་ཁམས་ཀྱི་བྱེད་པོ་སངས་པོ་འབུམ་ཁྲི་དང་ཆུ་ལྕམ་རྒྱལ་མོ། ལྷ་རྒོད་ཐོག་པ། དབལ་གཤེན་སྟག་ལ་མེ་འབར། གཟེ་མ་དགུ་སོགས། 2.ལྷ་རབས། ཡུམ་ཆུ་ལྕམ་རྒྱལ་མོ་ལྷ་རྒོད་ཐོག་པའི་ཟླ་བོར་བཞུགས་ཏེ་སྒོ་ང་ཉི་ཤུ་རྩ་བདུན་འཁྲུངས། ཐོག་མའི་སྒོ་ང་དགུ་ལས་ལུས་མི་ཡིན་ལ་མགོ་བོ་དུད་འགྲོའི་རྣམ་པ་ཅན་གྱི་བུ་མོ་སྤུན་མཆེད་དགུ་བྱུང་། དབལ་གཤེན་སྟག་ལ་མེ་འབར་གྱིས་བོན་སྐྱོང་སྲུང་མར་བཀོད་དེ། མཚན་ལ་གཟེ་མ་དགུ་རུ་འབོད་པ་སོགས་སོ། ། 3.ལྷ་རབས་བྲོ་ཡི་རྣམ་པ་ཅན། ལྷ་རབས་ཀྱི་ནང་དོན་བྱུང་རིམ་དག་བྲོ་ཡི་ལམ་ནས་མཚོན་པའི་ལྷ་རབས་བྲོ་ཡི་རྣམ་པ་ཅན། གཟེ་མ་དགུ་འཆམ་གྱི་ཐོག་མའི་གདོད་གཟུགས་གྲུབ་པ་སྟེ་“འཁྲབ་མཁན་གྱིས་སེམས་ཅན་མི་འདྲ་བ་དགུའི་རྣམ་པ་ཅན་གྱི་འབག་གྱོན་ནས་གཟེ་མ་དགུ་མཚོན་པར་བྱེད། འཆམ་དེའི་ནང་ཡུམ་དེས་འགོ་བརྩམས་ཤིང་། ལེ་ཚན་རེའི་མཚམས་སུ་བུ་མོ་རྣམས་འཆམ་མི་འཁྲབ་པར། རང་གི་མ་ལ་ལྟད་མོར་རོལ་བ་དེ་ནི་མ་ཡིས་བུ་མོར་འཆམ་འཁྲབ་སྟངས་བསླབ་པའི་ཚུལ་དུ་མཐོང་ཞིང་། དེ་རྗེས་ཁོང་ཚོ་ཡོངས་རྫོགས་སུ་ལེ་ཚན་རེ་འཁྲབ་སྟོན་བྱེད་སྲོལ་ཡོད།”﹙21﹚གཟེ་མ་དགུ་འཆམ་འཁྲབ་དུས་སྲིད་པ་སྒོང་གྲོལ་གྱི་ལྷ་རབས་ལ་གཞི་བྱས། གཟེ་མ་དགུས་སེམས་ཅན་མི་འདྲ་བ་དགུ་ཡི་འབག་གྱོན་ཡོད་པ་དང་། འཆམ་གྱི་མགོ་མཇུག་ཀུན་ཏུ་ཡུམ་ཆུ་ལྕམ་རྒྱལ་མོ་དང་། བུ་མོ་གཟེ་མ་དགུ་ཡི་མ་བུའི་སྣང་བརྙན་གསལ་པོར་མཐོང་ཐུབ་པ་སོགས་ལྷ་རབས་བྲོ་ཡི་རྣམ་པ་ཅན་ཏེ། དེང་དུས་བོད་ཟླ་7པའི་ཁྲོ་བོའི་སྒྲུབ་ཆེན་དང་། ཟླ་12པའི་དགུ་གཏོར་ཆེན་མོ་སོགས་དགོན་པའི་ཆོས་ཐོག་དང་གཅིག་ཏུ་འདྲེས་ཏེ་འཁོར་ཡུན་རང་བཞིན་གྱི་ཆོ་གར་གྱུར་ཡོད།
དྲུག་པ། གཟེ་མ་དགུ་འཆམ་གྱི་འཕེལ་རིམ་ལས་འཆམ་གྱི་འབྱུང་ཁུངས་ཀྱི་མཐའ་དཔྱད། 
         བན་བོན་གྲུབ་མཐའ་དག་གི་འཆམ་གྱི་འབྱུང་ཁུངས་སྐོར་ལ་ལྟ་བ་མི་མཐུན་པ་མང་དུ་མཆིས། ཡོངས་གྲགས་སུ་གདོད་མའི་བོན་འཆམ་གྱི་རྨང་གཞིའི་སྟེང་། སྤྱི་ལོའི་དུས་རབས་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་སློབ་དཔོན་པད་འབྱུང་གིས་རྡོ་རྗེ་ཕུར་པའི་འཆམ་གྱི་སྲོལ་བཏོད་ནས། རིམ་གྱིས་འཕེལ་རྒྱས་དང་འཐུས་ཚང་དུ་ཕྱིན་པར་འདོད་དེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོར་ནང་བསྟན་བོད་དུ་མ་དར་གོང་ནས། བོན་ལ་གཟེ་མ་དགུ་འཆམ་སོགས་འཆམ་སྣ་17ཙམ་ཡོད་པར་གྲགས་ཞེས་གསལ་པོར་གསུངས་པ་དང་།“འཆམ་ནི་སྲིད་པ་བོན་གྱི་དུས་སུ་མྱུ་གུ་འབུས་པ་དང་། གཡུང་དྲུང་བོན་གྱི་དུས་སུ་རྣམ་པ་ཆགས། ཁྲི་སྲོང་ལྡེ་བཙན་དུས་སུ་རྡོ་རྗེའི་གར་འཆམ་བྱུང་སྟེ་སྔར་ལས་འཐུས་ཚང་དུ་གྱུར། བན་བོན་བསྟན་པ་ཕྱི་དར་གྱི་དུས་སུ་སྣེ་མང་ཅན་དུ་འཕེལ།”﹙22﹚ཞེས་རྩོམ་འདི་རུ་དང་པོ་སྲིད་པའི་བོན་ནས་གཡུང་དྲུང་བོན་དུ་འཕེལ་བ་དང་། སྤྱི་ལོའི་དུས་རབས་8པར་ཐུབ་པའི་བསྟན་པ་དར་བ། སྤྱི་ལོའི་དུས་རབས་10-11པར་བན་བོན་བསྟན་པ་ཕྱི་དར་བཅས་ལོ་རྒྱུས་འཕེལ་རིམ་ལ་གཞི་བྱས་ཏེ། གཟེ་མ་དགུ་འཆམ་གྱི་འཕེལ་རིམ་གཙོ་བོ་བཞི་རུ་བསྡུས་ཡོད་དེ། 1.ལྷ་རབས་ཀྱི་དུས་སྐབས། གཟེ་མ་དགུ་ཇི་ལྟར་བྱུང་ཚུལ་དང་བོན་སྐྱོང་སྲུང་མར་བཀོད་ཚུལ་གྱི་སྲིད་པ་སྒོང་གྲོལ་ལྷ་རབས་བྱུང་བ། 2. སྲིད་པ་བོན་གྱི་དུས་སྐབས། ལྷ་རབས་ཀྱི་ནང་དོན་བྱུང་རིམ་དག་ཕྱིའི་བྲོ་ཡི་ལམ་ནས་མཚོན་པའི་གཟེ་མ་དགུ་འཆམ་གྱི་ཐོག་མའི་གདོད་གཟུགས་ཏེ་ལྷ་རབས་བྲོ་ཡི་རྣམ་པ་ཅན། 3.གཡུང་དྲུང་བོན་གྱི་དུས་སྐབས། གཉའ་ཁྲི་བཙན་པོའི་དུས་སུ་གཟེ་མ་དགུ་འཆམ་གྱི་འཆམ་ཡིག་《ཁྲོ་བོ་དབང་ཆེན་》བྱུང་། “མུ་ཁྲི་བཙན་པོས་བོན་གཤེན་ནམ་མཁའི་སྣང་བའི་མདོག་ཅན་ལས་《ཁྲོ་བོ་དབང་ཆེན་》གྱི་རྒྱུད་ཞུས་ཤིང་།”﹙23﹚གྲི་གུམ་བཙན་པོའི་རིང་གཟེ་མ་དགུ་འཆམ་གྱི་འཆམ་ཡིག་《ཁྲོ་བོ་དབང་ཆེན་》སོགས་རྒྱུད་སྡེ་དག་གཏེར་དུ་སྦས་སོ། །ཞེས་གོང་དུ་བཀོད་ཟིན་པ་བཅས་གཡུང་དྲུང་བོན་གྱི་དུས་སུ་གཟེ་མ་དགུ་འཆམ་དང་འབྲེལ་བའི་འཆམ་ཡིག་བྱུང་ངོ་། ། 4.བསྟན་པ་ཕྱི་དར་གྱི་དུས་སྐབས། 1017ལོར་གཤེན་ཆེན་ཀླུ་དགས་《ཁྲོ་བོ་དབང་ཆེན་》སོགས་གཏེར་ལས་བཏོན་ཏེ།བོན་གྱི་བསྟན་པ་ཕྱི་དར་ཏེ་སྤྱི་ལོ་དུས་རབས་11པར་གཟེ་མ་དགུ་འཆམ་མྱུར་སྐྱོབ་དང་སླར་གསོ་བྱས་པའོ། །བོན་གྱི་སྲིད་པ་སྒོང་གྲོལ་གྱི་ལྷ་རབས་སུ་གཟེ་མ་དགུ་ནི་མི་ལུས་དུད་འགྲོའི་མགོ་བོ་ཅན་ཡིན་པས། འཆམ་དུ་སེམས་ཅན་མི་འདྲ་བ་དགུ་ཡི་འབག་གྱོན་ཏེ་འཆམ་འཁྲབ་ཅིང་། འདི་དང་མཐུན་པར་མངའ་རིས་རུ་ཐོག་རྫོང་ལུག་རྭའི་བྲག་བརྐོས་རི་མོ་(པར་རིས་དང་པོ)﹙24﹚རུ་གདོད་མའི་བོན་གྱི་ལྷ་པས་དབུ་ལ་བྱ་མགོའི་འབག་གྱོན་ཞིང་། ཕྱག་གཡོན་དུ་འཕུར་གྲབས་བྱེད་བཞིན་པའི་བྱ་ཞིག་བཟུང་སྟེ་རྐང་འཁྲབ་ལག་འཁྲབ་ཀྱིས་སྟངས་སྟབས་སྒྱུར་ཞོར་ལྷ་གསོལ་འདྲེ་གནོན་གྱི་ཆོ་ག་སྒྲུབ་ཅིང་། རུ་ཐོག་རྫོང་རི་མོའི་གདོང་གི་བྲག་བརྐོས་རི་མོ་རུ་དབུ་ལ་བྱ་མགོའི་འབག་གྱོན་པའི་ལྷ་པ་ཚོས་བོན་གྱི་གཡུང་དྲུང་རི་མོའི་མཐའ་བསྐོར་ཏེ་བྲོ་འཁྲབ་པ་ལས། སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྔ་རྗེས་སུ་དབུ་ལ་བྱ་མགོའི་འབག་གྱོན་ཞིང་ལུས་ཀྱིས་བྲོ་འཁྲབས་ཏེ། ལྷ་གསོལ་འདྲེ་གནོན་བྱེད་པའི་བོན་གྱི་ལྷ་པའི་རིགས་བྱུང་ཡོད་པ་རྟོགས་ཐུབ་ལ། འདི་ནི་འཆམ་གྱི་ཐོག་མའི་གདོད་གཟུགས་ཏེ། གཟེ་མ་དགུ་འཆམ་དུ་ནག་མོ་སྐྱུང་མགོ་དང་སེར་ལྗང་ཁྱུང་མགོ་གཉིས་ནི་བྱ་མགོ་ཡིན་པ་དང་། ཕྱག་མཚན་ཡང་བྱ་དང་འབྲེལ་བ་ཅན་ཏེ། ལྗང་ནག་སྦྲུལ་མགོ་ཡི་ཕྱག་ཏུ་ཁྱུང་གཤོག་བསྣམས་པ་དང་། དམར་ནག་སྤྱང་མགོའི་ཕྱག་ཏུ་ཁྲ་གཤོག་བསྣམས་པ་བཅས། འདི་དག་ཐམས་ཅད་ནི་གདོད་མའི་བོན་གྱི་སྲིད་པ་སྒོང་གྲོལ་གྱི་ལྷ་རབས་དང་དད་མོས་ལ་འབྲེལ་ཞིང་། རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་ངེས་སོ། །
         མདོར་ན་བོད་ཡུལ་དུ་ནང་པའི་བསྟན་པ་མ་དར་གོང་བོན་གྱི་འཆམ་དར་ཡོད་ཅིང་། གཟེ་མ་དགུ་འཆམ་ལ་མཚོན་ན། བོན་གྱི་གདོད་མའི་འཆམ་གྱི་གྲས་སུ་གཏོགས་ཏེ། སྲིད་པ་སྒོང་གྲོལ་གྱི་ལྷ་རབས་ལས་ལྷ་མིའི་འགྲོ་བ་གྲོལ་ཚུལ་ལ་གཞི་བྱས། དབུ་དང་སྐུ་མདོག ཕྱག་མཚན། མཆེ་བ། བྱ་རུ་སོགས་ཀྱི་སྣང་བརྙན་ལ་གནོད་པའི་དགྲ་བོ་མ་ལུས་རྩད་ནས་གཞོམ་པའི་རྟགས་མཚན་དང་ལྡན་ཞིང་། སྲིད་པ་བོན་གྱི་དུས་སུ་ལྷ་རབས་བྲོ་ཡི་རྣམ་པ་ཅན་དུ་འཕེལ། གཉའ་ཁྲི་བཙན་པོའི་དུས་སུ་འཆམ་ཡིག་《ཁྲོ་བོ་དབང་ཆེན་》བྱུང་།མུ་ཁྲི་བཙན་པོས་བོན་གཤེན་ནམ་མཁའི་སྣང་བའི་མདོག་ཅན་ལས་《ཁྲོ་བོ་དབང་ཆེན་》གྱི་རྒྱུད་ཞུས། གྲི་གུམ་བཙན་པོའི་རིང་《ཁྲོ་བོ་དབང་ཆེན་》གཏེར་དུ་སྦས། བོན་གྱི་བསྟན་པ་ཕྱི་དར་གྱི་དུས་ཏེ་1017ལོར་གཤེན་ཆེན་ཀླུ་དགས་གཏེར་ལས་བཏོན་ཏེ་གཟེ་མ་དགུ་འཆམ་མྱུར་སྐྱོབ་དང་སླར་གསོ་བརྒྱུད། དགོན་སྡེའི་ཆོས་ཐོག་དང་གཞི་གཅིག་ཏུ་གྱུར་ནས་ལོ་གཅིག་གི་གནོད་པའི་རྐྱེན་གེགས་སེལ་བ་དང་འཐབ་རྩོད་འཁྲུག་ལོང་ཞི་བ། ནད་རིམས་མུ་གེ་བྲལ་བ། ཚེ་བསོད་རླུང་རྟ་དར་བའི་འཁོར་ཡུན་རང་བཞིན་གྱི་ཆོ་གར་གྱུར་པའོ། །
པར་རིས་དང་པོ། མངའ་རིས་རུ་ཐོག་རྫོང་གི་ལུག་རྭའི་བྲག་བརྐོས་རི་མོ།
         མཆན་འགྲེལ།
         ① མཁར་རྨེའུ་བསམ་གཏན། 《དབུ་ནག་མིའུ་འདྲ་ཆགས་》སུ“ཁྲི་རྒྱལ་ཁུག་པ་ཅེས་པའི་ལྷ་འདི་མེད་པར་ནམ་མཁའ་ལས་རླུང་མེ་ཆུ་ས་གཞི་དག་རིམ་པར་བྱུང་བ་དང་། སྨོན་མི་ལམ་ལམ་ལུམ་ལུམ་བྱུང་བ་སོགས་བཀོད་འདུག” 《ཁུ་བྱུག་སྔོན་མོའི་གསུང་སྙན》 [M] 2002ལོར་ཉི་ཧོང་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་ནས་དཔར། p.92; p.99 p.117; p.127 སྣ་རིང་། p.3b,13b
         ②③ མཁར་རྨེའུ་བསམ་གཏན། 《མདའ་དང་འཕང》 སྟོད་ཆ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། p.280; p.408
         ④ ཡབ་ལྷ་རྒོད་ཐོག་པ་ནི་སྐུ་མདོག་མཐིང་ནག་ཞལ་བཞི་ཕྱག་བརྒྱད། ཐོག་འབྲུག་བར་སྣང་སྒྲ་ཡི་གསས་མཁར་ན་བཞུགས།
         ⑤ མ་མོ་ནི་མི་མ་ཡིན་ནམ་ཤ་ཟ་འབྱུང་པོའི་རིགས། མ་རྒྱུད་ཀྱི་ལྷ་མོའི་རིགས་སོགས་ལ་གོ་བ་སྟེ། འདི་རུ་བོན་གྱི་གཟེ་མ་དགུ་ལ་མ་མོ་དགུ་ཞེས་མ་རྒྱུད་ཀྱི་ལྷ་མོ་རུ་གོ་བའོ། །
         ⑥《གཡུང་དྲུང་བོན་གྱི་ལྷ་ཚོགས་དང་དཀྱིལ་འཁོར》 [C] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ། p.408
         ⑦ བློ་གྲོས་རབ་གསལ། 《གནའ་བོའི་ཞང་བོད་ཚིག་མཛོད》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། p.402
         ⑧ དོན་གྲུབ་ལྷ་རྒྱལ། 《བོན་གྱི་ཤེས་རིག་ཚིག་མཛོད》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། p.575
         ⑨ དོན་གྲུབ་ལྷ་རྒྱལ། 《གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། p.118
         ⑩ གཡུང་དྲུང་མཐར་ཕྱིན། 《ཀླུ་དགོན་གྱི་གར་འཆམ་སྐོར་རོབ་ཙམ་གླེང་བ》 གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད། 《དཔལ་གཤེན་བསྟན་ཀླུ་ཕུག་དགོན་གྱི་ལོ་རྒྱུས》 [M] མི་རིགས་དཔེ་སྐྲུན་ཁང་། 2007ལོ། p. 133
         ⑾ “དེ་ལྟར་བླ་མ་གཤེན་ཆེན་ཀླུ་དགའ་ཉིད། །མེ་སྤྲེལ་ལོ་འཁྲུངས་ཞེ་གསུམ་སྟག་ལོར་གཤེགས། །”ཞེས་མེ་སྤྲེལ་ལོ་སྟེ་སྤྱི་ལོ་996ལ་འཁྲུངས་པ་དང་། དགུང་ལོ་ཞེ་གསུམ་པ་ས་སྟག་སྟེ་སྤྱི་ལོ་1038ལ་འདས་པའི་བཤད་ཚུལ་ཡང་འདུག དཔལ་ཚུལ། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། p.266
         ⑿ མཁར་རྨེའུ་བསམ་གཏན། 《མདའ་དང་འཕང》 སྟོད་ཆ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། p.410
         ⒀ རིག་འཛིན་བསྟན་སྲུང་། 《ཟློས་གར་ལ་འཇུག་པའི་སྒོ》 [M] མི་རིགས་དཔེ་སྐྲུན་ཁང་། 2014ལོ། p.101
         ⒁ དཔལ་ཚུལ། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོ། p. 246-248
         ⒂ དགུང་ལོ་18ཐོག་སྒོ་ནག་ཡེ་མཁྱེན་བྱ་བ་དང་རྩལ་འགྲན་ནས་སྐེད་པར་རྨས་ཕོག་སྟེ། སྐུ་གཟུགས་སྒུར་པོར་སོང་བས་གཤེན་སྒུར་ཀླུ་དགའ་རུ་འབོད།
         ⒃ ཁོད་པོ་བློ་གྲོས་ཐོགས་མེད། 《སྲིད་པ་རྒྱུད་ཀྱི་ཁ་བྱང》 [M] ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། 2011ལོ། p.179
         ⒄ ཚེ་རིང་ཐར། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》 དེབ་བཅུ་དྲུག་པ། 《གསང་སྔགས་རྒྱུད་དྲུག་གི་སྐོར》 [G] མི་རིགས་དཔེ་སྐྲུན་ཁང་། 2010ལོ། p.263
         ⒅ ཚེ་རིང་ཐར། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》 དེབ་བཅུ་དྲུག་པ། 《གསང་སྔགས་རྒྱུད་དྲུག་གི་སྐོར》 [G] མི་རིགས་དཔེ་སྐྲུན་ཁང་། 2010ལོ། p.272
         ⒆ མཁར་རྨེའུ་བསམ་གཏན། 《མདའ་དང་འཕང》 སྟོད་ཆ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། p.410
         ⒇ 刘建、孙龙奎:《宗教与舞蹈》[M],民族出版社,1998年,第100页。
         ﹙21﹚མཁར་རྨེའུ་བསམ་གཏན། 《མདའ་དང་འཕང》 སྟོད་ཆ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོ། p.410
         ﹙22﹚李娜:《苯教文化视阈下的羌姆法舞源流考》[J],《中南民族大学学报》2015年第5期,第75-78页。
         ﹙23﹚ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》 [M] མི་རིགས་དཔེ་སྐྲུན་ཁང་། 2006ལོ། p.63
         ﹙24﹚张亚莎:《西藏的岩画》[M],青海人民出版社,2006年,第161页。

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1