ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉེ་སྔོན་རྒྱལ་ཡོངས་ཀྱི་མངའ་སྡེ་མང་ཆེ་བ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་གྱི་གཙོ་གནད་ནི་འཐབ་ཇུས་དོན་སྙིང་ལྡན་པའི་དམིགས་འབེན་གལ་ཆེན་དང་མཐའ་མཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། སྡེ་ཁག་སོ་སོས་རོགས་ལས་བྱས་ནས་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁབ་ཟང་ཟིང་དུ་བཟོ་བའི་བྱ་འགུལ་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་བྱེད་རྒྱུ་དེ་ཡིན་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་བདེ་འཇགས་ཅུའུ་དང་རྒྱལ་ཁབ་ཉེན་རྟོག་ཅུའུ། རྒྱལ་ཁབ་མཐའ་སྲུང་ཅུའུ། རྒྱལ་དམངས་ཉེན་སྲུང་རུ་ཁག རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ། དྲག་ཆས་དམག་དཔུང་སོག་དྲག་ཆས་སྟོབས་ཤུགས་དང་དེ་མིན་ས་གནས་སྲིད་གཞུང་གི་འཐུས་མི་བཅས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་དེ་ཕལ་ཆེར་དངོས་འཐབ་ཀྱི་ཚད་གཞི་ལྟར་སྤེལ་རྒྱུ་ཡིན། དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་སྐབས་སུ། འགྲིམ་འགྲུལ་བཀག་སྡོམ་དང་ཐོབ་ཐང་ཞིབ་བཤེར་སོགས་གནས་སྐབས་རང་བཞིན་གྱི་བདེ་འཇགས་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
ཉེ་ལམ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་བ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའང་བསྟུད་མར་ཛ་དྲག་ཏུ་འགྲོ་བཞིན་ཡོད།