ལི་ཁེ་ཆང་གིས་དཔལ་འབྱོར་བཟང་ཕྱོགས་སུ་སྐྱོད་པའི་རྨང་གཞི་སྲ་བརྟན་ཏུ་བཏང་ནས་གཞི་རྩའི་དམངས་འཚོར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 04-21



ལི་ཁེ་ཆང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་དང་གསར་གཏོད་སྒུལ་ནུས་ཤུགས་སྣོན། དཔལ་འབྱོར་བཟང་ཕྱོགས་སུ་སྐྱོད་པའི་རྨང་གཞི་སྲ་བརྟན་ཏུ་བཏང་ནས་གཞི་རྩའི་དམངས་འཚོར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན། 



འདི་ནི་ཟླ4པའི་ཚེས19ཉིན་ལི་ཁེ་ཆང་གིས་ཀོང་ཡོན་གྲོང་ཁྱེར་ཆིང་ལིང་སྡེ་བར་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། 

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས19ནས20ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕུང་ཆིང་ཧྭ་དང་ཧྲིན་ཀྲང་ཧོང་ཆང་གཉིས་ཀྱི་ཕེབས་རོགས་འོག ཀོང་ཡོན་དང་ཏི་དབྱང་། ཁྲིན་ཏུའུ་བཅས་སུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་བརྟན་ཐོག་སྲ་འགྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་མཚམས་སུ་རྒྱུན་འཁྱོངས་བྱེད་པ། འཕར་ཆག་ཆེན་པོ་མི་ཡོང་བ་བྱེད་པ། གཞི་རྩའི་དམངས་འཚོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། 
        ཀོང་ཡོན་གྲོང་ཁྱེར་ཆིང་ལིང་སྡེ་བར། ལི་ཁེ་ཆང་གིས་ཆུ་འབྲས་ཀྱིས་འབྲས་ལྗང་གསོ་བ་དང་འབྲུ་རིགས་ཐོན་སྐྱེད་དང་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས། དེ་གའི་ཚད་ཡོད་ས་ཞིང་སྤྱད་དེ་ཞིབ་རྨོ་ཞིབ་ཚགས་བྱས་པར་ཁས་ལེན་གང་ལེགས་གནང་། ཁོང་གིས་སྡེ་མིའི་ལས་ཀའི་གོ་སྐབས་དང་ཡོང་འབབ་འདྲི་རྟོག་གནང་། ལི་ཁེ་ཆང་གིས་ཀྲུང་གོའི་ཞིང་པ་བླ་ན་མེད་དེ། འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྲག་ཅིག་ཏུ་ཁུར་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ཤིང་། དཔལ་འབྱོར་འཛུགས་སྐྲུན་གྱི་འགན་འཁྲི་ཕྲག་གཞན་ཅིག་ཏུ་ཁུར་ནས་དཀའ་སྤྱད་འབད་བརྩོན་གྱིས་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བསྔགས་བརྗོད་ཆེན་པོ་གནང་། ཁོང་གིས་གླ་རྒྱག་པར་སོང་ཡང་ཞིང་འདེབས་རྒྱུ་བརྗེད་མི་རུང་། “ཕྲག་པ་གཉིས་ཀྱི་ཁུར་བོ་ཁུར”ནས“ཕྱོགས་གཉིས་ཀའི་གྲུབ་འབྲས་བླངས”ཏེ་ཀྲུང་གོ་བའི་ལྟོ་ཕོར་བརྟན་པོར་འདེགས་དགོས་པའི་ལྕག་སྐུལ་གནང་། 
        ལི་ཁེ་ཆང་གིས་གཞི་རིམ་མང་ཚོགས་ཀྱི་གཞི་རྩའི་དམངས་འཚོའི་འགན་ལེན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་ཧྲ་ཧོ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ཕེབས་ནས་མང་ཚོགས་ཇི་ཙམ་ལ་ཞབས་འདེགས་ཞུ་བ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས། ཁོང་གིས་སྨན་རྫས་བཀོད་སྒྲིག་ལ་རྟོག་ཞིབ་གནང་ནས་སྨན་དོན་མི་སྣར་མི་དམངས་བདེ་ཐང་གི་ཚད་ཐིག་དང་པོར་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་། ཧྲ་ཧོ་གྲོང་རྡལ་གྱི་སློབ་གྲྭར། ཁོང་གིས་ས་གནས་ཀྱི་འགན་འཁུར་བར་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཆུ་ཚད་དེ་ས་གནས་ཀྱི་གཞུང་ལས་པ་ལས་མི་དམའ་བར་འགན་ལེན་བྱེད་དགོས་པའི་བཀའ་མངགས་གནང་། ཁོང་གིས་སློབ་མ་ཚོར་ཤེས་བྱ་ལེགས་པོར་སྦྱོང་དགོས་པའི་ལྕག་སྐུལ་གནང་ལ། དེ་ལྟར་བྱས་ཚེ་རི་མཐོན་པོས་མཐོང་རྒྱ་མི་སྒྲིབ་ལ། སླད་ཕྱིན་བྱ་གཞག་ཡག་པོ་བསྒྲུབས་ནས་ཕ་ཡུལ་དང་སྤྱི་ཚོགས་ལ་དྲིན་བཟོ་ཐུབ་ཅེས་བཤད། ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ད་དུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་གཞི་རྩའི་དམངས་འཚོར་འགན་ལེན་བྱེད་དགོས་ཏེ། གཅིག་ནི་གཞི་རྩའི་སློབ་གསོའམ་འོས་འགན་སློབ་གསོ་གཙོར་བྱས་ཏེ་འགན་ལེན་བྱེད་དགོས། གཉིས་ནི་གཞི་རྩའི་སྨན་བཅོས་འགན་ལེན་བྱེད་དགོས། ད་དུང་གཞི་རྩའི་སྡོད་ཁང་ལ་འགན་ལེན་བྱེད་དགོས། གཞི་རྩའི་དམངས་འཚོའི་འདི་དག་ལ་ནུས་ཤུགས་མང་པོ་གཏོང་དགོས། ལྷག་པར་དུ་རྫོང་ཤང་ལ་དམིགས་ཏེ་གང་ཐུབ་ཅི་ཐུབ་དང་ནུས་པས་ཅི་ལྕོགས་ཀྱིས་འཕེལ་རྒྱས་ཀྱི་ཁྲོད་དུ་འགན་ལེན་གྱི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས། 



འདི་ནི་ཟླ4པའི་ས20ཉིན་ལི་ཁེ་ཆང་གིས་ཁྲིན་ཏུའུ་ཡི་ཀྲུང་གོ་དང་ཡོ་རོབ་ལྟེ་གནས་སུ་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་ཁེ་ལས་པ་དང་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད། 

        ལི་ཁེ་ཆང་སན་ཞིན་ཏེ་གནའ་ཤུལ་སྔོག་འདོན་བྱ་ཡུལ་དུ་ཕེབས་ནས་གནའ་རྫས་རྟོག་ཞིབ་ཀྱི་འཕེལ་རིམ་ཤེས་རྟོགས་བྱས། གནའ་རྫས་རྟོག་ཞིབ་མི་སྣའི་ཆེད་ལས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་གནང་། ཁོང་གིས་ཁྱེད་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་རྩ་ཁུངས་འདེད་བྱེད་བཞིན་ཡོད། གནའ་རྫས་རྟོག་ཞིབ་བྱ་རྒྱུ་དེ་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས་དེང་རབས་ཀྱི་ལག་རྩལ་བེད་སྤྱོད་ཡག་པོ་བྱེད་པ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྔར་ལས་མང་བའི་ཤེས་རྟོགས་གསར་བ་འབྱུང་བ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྔར་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་ཐུབ་པར་རེ་སྒུག་བྱེད་ཀྱིན་ཡོད་ཅེས་གསུངས།
        ཁྲང་ཧུང་ཀུང་སིའི་འགན་འཁུར་བས་ཙུང་ལི་ལ་ངོ་སྤྲོད་བྱས་དོན། རྣམ་པ་སྣ་ཚོགས་ཀྱི་གཉིས་གཏོད་བྱས་པ་བརྒྱུད། ལས་ཞུགས་མང་བ་དང་འཚར་ལོངས་མགྱོགས་པའི་ཁྲོམ་རའི་གཙོ་གཞི་ཁག་ཅིག་ཆགས་ཡོད། ལི་ཁེ་ཆང་གིས་ད་དུང་གསར་གཏོད་ཁེ་ལས་གཞན་དག་ལ་རྟོག་ཞིབ་གནང་ནས། ཁེ་ལས་ཁ་ཤས་ཀྱིས་བཙུགས་ནས་ལོ་གཅིག་ལྷག་རིང་སློབ་ཆེན་སློབ་མ་བརྒྱ་ལྷག་བཀུག་ནས་ལས་ཞུགས་བྱས་པར་ཁས་ལེན་གང་ལེགས་གནང་། ལི་ཁེ་ཆང་གིས་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་སྐོང་འཐེན་དང་གསར་གཏོད་ཀྱི“རིག་ལམ་མྱུར་བོ”གཅིག་སྡུད་བྱེད་དགོས། ཚན་རིག་གི་འཚོལ་ཞིབ་ལ་ནམ་ཡང་རྫོགས་མཐའ་མེད་པས་ད་དུང་ཏན་ཏན་ཏིག་ཏིག་དང་གོམ་པ་རིམ་བགྲོད་ཀྱིས་རྨང་གཞི་བརྟན་པོ་འདིང་དགོས། གོམ་པ་བརྟན་པོ་སྤོས་ན་གཞི་ནས་མདུན་དུ་སྐྱོད་ཐུབ་ཅེས་གསུངས། 
        ལི་ཁེ་ཆང་གིས་སི་ཁྲོན་ཞིང་ཆེན་གྱི“གློད་སྡོམ་ཞབས”གསུམ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་བ་དང་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པའི་སྙན་ཞུར་གསན། ཁོང་གིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་ཏེ་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། རིགས་སོ་སོའི་ཤེས་ལྡན་པའི་མི་མངོན་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་ཞེས་བསྟན། ཁོང་ཀྲུང་གོ་དང་ཡོ་རོབ་ལྟེ་གནས་སུ་ཕེབས་ནས་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་ཁེ་ལས་པར་ཁ་བརྡ་བྱས། ལི་ཁེ་ཆང་གིས་ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཇེ་ཆེར་བཏང་ནས་ཡུན་རིང་བོར་འགུག་ནུས་ཆེན་པོ་ལྡན་པའི་དངུལ་གཏོང་བྱ་ཡུལ་དུ་གྱུར་དགོས། ཁྱེད་ཚོས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུ་བྱས་ཏེ་ཚང་མས་གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་གྱི་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་བསྟན།  
        ལི་ཁེ་ཆང་གིས་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་འབད་འབུངས་དངོས་སྒྲུབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་བྱ་པའི་རེ་བ་བཏོན། 
        ཞའོ་ཅེ་དང་ཧེ་ལི་ཧྥུང་གཉིས་ཀྱང་རྟོག་ཞིབ་གནང་བར་ཕེབས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1