ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས སྤེལ་དུས། 04-21



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཆིང་ཧྭ་སློབ་ཆེན་བཙུགས་ནས་ལོ་ངོ་110འཁོར་བའི་རྟེན་འབྲེལ་ཉིན་མོ་འཆར་ལ་ཉེ་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཡོད།
        ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཆིང་ཧྭ་སློབ་ཆེན་གྱི་དགེ་སློབ་དང་ལས་བཟོ་པ་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་སློབ་གྲོགས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་སློབ་མ་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད་པ་རེད།


        ཞི་ཅིན་ཕིང་གིས། ལོ་བརྒྱའི་ཇུས་ཆེན་ལས་སློབ་གསོ་ནི་རྩ་བ་ཡིན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དུས་ཡིན་པས་རང་རྒྱལ་གྱིས་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་བཙུགས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བར་མཐོ་རིམ་སློབ་གསོ་དང་ཚན་རིག་ཤེས་བྱ། ཕུལ་བྱུང་ཤེས་ལྡན་མི་སྣ་བཅས་ཀྱི་དགོས་མཁོ་ནི་སྔོན་མའི་དུས་གང་ཞིག་ལས་ཀྱང་ཆེ་བ་ཡོད། ང་ཚོས་བསྐྲུན་དགོས་པའི་འཛམ་གླིང་གི་རྩེར་སོན་སློབ་ཆེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩེར་སོན་སློབ་ཆེན་ཞིག་རེད་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་སློབ་གསོ་ནི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རེད། རང་རྒྱལ་གྱི་མཐོ་རིམ་སློབ་གསོས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་གནས་བབ་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་གནས་བབ་ཆེན་པོར་གཞི་ཚུགས་ནས་སེམས་ཁོངས་སུ་རྒྱལ་ཁབ་ཀྱི་དོན་ཆེན་འཇོག་ཐུབ་པ་དང་། གནས་བབ་ཆེན་པོར་དམ་འཛིན་བྱེད་ཐུབ་པ། འགན་འཁྲི་འཁུར་ཕོད་པ། བྱ་བ་སྒྲུབ་མཁས་པོ་བཅས་བྱས་ནས་རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཕྲག་ཐོག་ཏུ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཏེ་མདུན་སྐྱོད་ཀྱི་སེམས་ཤུགས་མི་ཉམས་པར། ཕུགས་བསམ་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་ཀྱི་འགན་སེམས་ཡོད་པ། འཇོན་ཐང་ཆེན་པོ་ལྡན་པ། ལས་འགན་ཆེན་པོ་འཁུར་ཐུབ་པ་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ཞིག་ཏུ་འགྱུར་ཐུབ་པ་བྱས་ཐོག་མེས་རྒྱལ་དང་། མི་རིགས། མི་དམངས། མིའི་རིགས་བཅས་ཀྱི་ཆེད་དུ་དཀའ་སྤྱད་འབད་འཐབ་བྱེད་པའི་ཁྲོད་ལང་ཚོའི་གཟི་དཔལ་ངོམ་དགོས་ཞེས་ནན་སྟོན་གནང་ཡོད།



        སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུ་ཉིང་དང་། ཆིང་ཧྭ་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཁྲེན་ཤུད་དང་། སློབ་སྤྱི་ཆིའུ་ཡུང་བཅས་ཀྱི་ཕེབས་རོགས་འོག སྔོན་ལ་མཛེས་རྩལ་སློབ་གླིང་དུ་ཕེབས་ནས་མཛེས་རྩལ་སློབ་གླིང་གིས་གྲ་སྒྲིག་བྱས་པའི་སློབ་གྲྭ་དབུ་བརྙེས་པའི་དུས་ཆེན་གྱི་དམིགས་གསལ་འགྲེམ་སྟོན་ལ་གཟིགས་ཞིབ་གནང་ཡོད། མཛེས་རྩལ་འགྲེམ་སྟོན་ཁང་གི་འགྲེམས་པང་རེ་རེའི་ཐོག་ཏུ་ཡི་གེ་དང་རི་མོ་ཟུང་འབྲེལ་དུ་སྣང་ཞིང་། འགྲེམས་རྫས་སོ་སོར་རང་སོའི་ཁྱད་ཆོས་ཀྱིས་ཕྱུག་ཡོད། ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་གྲས་དང་། རྒྱལ་ཁབ་ཀྱི་གཟུགས་བརྙན་ཇུས་འགོད་ཀྱི་བརྩམས་ཆ་གསར་རྩོམ། འགྲེམས་སྟོན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་འགྲེམས་སྟོན་བརྩམས་བྱར་ནན་ཏན་གྱིས་གཟིགས་ཞིབ་གནང་ཡོད། ཞི་ཅིན་ཕིང་གིས། མཛེས་རྩལ་དང་། སྒྱུ་རྩལ། ཚན་རིག ལག་རྩལ་བཅས་ནི་གཅིག་ལ་གཅིག་རྟེན་དང་ཕན་ཚན་སྐུལ་འདེད། ཆར་པ་ཆུ་གྲོགས་ལྟ་བུ་རེད། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་མཛེས་རྩལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ་དང་། མཛེས་རྩལ་གྱི་རྒྱུ་ཆ་དང་སྒྱུ་རྩལ་གྱི་རྒྱུ་ཆ་དེ་བས་མང་བ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་ཁྲོད་བེད་སྤྱོད་ཐུབ་པ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཛེས་དཔྱོད་ལྟ་བ་ཇེ་ལེགས་དང་། རིག་གནས་ཆུ་ཚད་ཇེ་མཐོར་བཏང་ཏེ་མཛེས་རྩལ་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོར་སྔར་བས་ཞབས་ཞུ་བསྒྲུབ་དགོས། རིག་གནས་ཀྱི་བློ་སྤོབས་ཤུགས་ཆེར་བཏང་སྟེ་མཛེས་རྩལ་མཚམས་སྦྱོར་ལྟ་བུར་བརྩིས་ནས་རྒྱལ་སྤྱིའི་བར་གྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད།



        ཆིང་ཧྭ་སློབ་ཆེན་གྱི་བརྙན་གྲུབ་དང་རིག་ནུས་ལག་རྩལ་ཚོད་ལྟ་ཁང་ནི་སྤྱི་ལོ་2001ལོར་བཙུགས་པ་ཞིག་ཡིན་པ་དང་། གཙོ་བོ་རྩིས་རྒྱག་པར་ལེན་དང་། ཀླད་པའི་ཚན་རིག་དང་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མདུན་གྲལ་གྱི་སྣོལ་སྡེབ་ཚན་རིག་སོགས་རྨང་གཞིའི་རིགས་གཞུང་དང་འགག་རྩའི་ལག་རྩལ་གྱི་ཞིབ་འཇུག་ལས་དོན་དོན་གཉེར་བྱེད་བཞིན་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་སྐབས། འགྲེམས་པང་དང་གློག་རྡུལ་བརྙན་ཡོལ་དང་ཟུང་འབྲེལ་གྱིས་ཚོད་ལྟ་ཁང་གིས་རྩིས་རྒྱག་འོད་རིག་དང་། ཀླད་པའི་ཚན་རིག་དང་མི་ཐབས་རིག་ནུས་ཀྱི་སྣོལ་སྡེབ་ཚན་རིག་ཚོད་ལྟ་དང་ཞིབ་འཇུག་བྱེད་པ་དང་ཚན་རྩལ་གསར་པ་གསར་སྤེལ་བེད་སྤྱོད་བྱེད་པའི་གནས་ཚུལ་ཐད་གཟིགས་ཞིབ་གནང་བས་མ་ཚད་ཚོད་ལྟ་ཁང་གི་རིགས་གཞུང་ཞིབ་འཇུག་དང་ལག་རྩལ་འགག་གཏོར། གྲུབ་འབྲས་བརྗེ་སྒྱུར་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོའི་སློབ་གསོས་མཁས་པ་ཆེན་པོ་གསོ་སྐྱོང་བྱེད་ཐུབ་ངེས་རེད། ང་ཚོར་ཡིད་ཆེས་དང་བློ་སྤོབས་དེ་འདྲ་ཡོད་དགོས། མཐོང་རྒྱ་ཆེ་རུ་གཏོང་བ་དང་མཉམ་སྡུད་མཉམ་གསོག་གིས་ཀྲུང་གོའི་སློབ་གསོ་ཡག་པོ་གཉེར་དགོས། དུས་རིམ་སྔ་མའི་གསར་གཏོད་ཀྱི་གྲུབ་འབྲས་ཆེ་གྲས་ཚང་མ་རྨང་གཞིའི་ཞིབ་འཇུག་ལ་བརྟེན་ནས་བྱུང་ཡོད་ལ། རིག་ཚན་ཁག་གི་སྣོན་སྡེབ་ཁྱབ་ཁོངས་ལས་བྱུང་ཡོད། སློབ་ཆེན་ལ་ཕྱོགས་འདི་གཉིས་ཐད་ལྷན་སྐྱེས་ཀྱི་བཟང་ཆ་ལྡན་ཡོད། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་མོས་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་གཏོང་བ། ད་ཡོད་ཀྱི་རིགས་གཞུང་ལ་དོགས་འདྲི་བྱེད་ཕོད་པ། ཁ་ཕྱོགས་གསར་པ་གསར་གཏོད་བྱེད་ཕོད་པ་བཅས་བྱེད་དགོས་ཞེས་གསུངས་ཡོད།
    ཆིང་ཧྭ་སློབ་ཆེན་གྱི་ཐོག་ཁང་གཙོ་བོའི་ཐོག་བརྩེགས་གཉིས་པར་སློབ་གྲྭའི་ཉེ་བའི་ལོའི་རིང་གི་གཙོ་གནད་སློབ་ཁྲིད་ཀྱི་ཚན་ཞིབ་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། ཞི་ཅིན་ཕིང་གིས། རང་བདག་གསར་གཏོད་ནུས་པ་ཤུགས་ཆེར་གཏོང་བ་དང་། འཛམ་གླིང་གི་ཚན་རིག་ལྟེ་གནས་གཙོ་བོ་དང་གསར་གཏོད་མཐོ་ས་འཛུགས་སྐྲུན་ལ་རོགས་འདེད་བྱེད་པ། མི་ཆོས་སྤྱི་ཚོགས་རིག་ཚན་གྱི་སློབ་གསོའི་ཞིབ་འཇུག་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་གནང་ནས། ཆིང་ཧྭ་སློབ་ཆེན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོའི་གོང་འཕེལ་ལམ་བུ་རྒྱུན་འཁྱོངས་དང་། ཚན་ཞིབ་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། རིག་ཚན་བཀོད་སྒྲིག་གི་དམིགས་བཙུགས་རང་བཞིན་ཤུགས་ཆེར་གཏོང་བ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། རང་བདག་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད་རང་རྒྱལ་གྱི་བསྒྱུར་བཅོས་གོང་འཕེལ་གྱི་ལག་ལེན་ཁྲོད་ལྟ་བ་གསར་པ་འདོན་པ་དང་། རིགས་གཞུང་གསར་པ་གྲུབ་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་། ཀྲུང་གོའི་ཉམས་འགྱུར་གྱིས་ཕྱུག་པ། ཀྲུང་གོའི་བློ་སྤོབས་ལྡན་པ་བཅས་ཀྱི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་ཆའི་མ་ལག་བཅས་འབད་པ་ཆེན་པོས་གྲུབ་དགོས་ཞེས་གསུངས་ཡོད་པ་རེད།
        ཐོག་ཁང་གཙོ་བོའི་གཉིས་ཐོག་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་དགེ་རྒན་ཆེན་མོ་རྒན་གྲས་དང་། གཞོན་དར་རྐང་འཛིན་དགེ་རྒན་གྱི་འཐུས་མི་ཁག་གཅིག་ལ་གཟིགས་པ་མ་ཟད་ཁོང་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་སློབ་ཁྲིད་ཚན་ཞིབ་ལས་གནས་ཐོག་འབད་འབུངས་ཆེར་སྐྱེད་དང་། དཀའ་སྤྱད་འབད་བརྩོན། དམིགས་བསལ་བྱས་རྗེས་བཞག་པའི་དགེ་རྒན་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་། དགེ་རྒན་ཆེན་མོ་རྒན་གྲས་ཚོར་གུས་ལུགས་མཚོན་པར་གནང་བ། དགེ་རྒན་གཞོན་དར་ཚོས་མུ་མཐུད་སློབ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་བྱེད་པའི་ཐད་གོང་འཕེལ་ཟམ་མི་ཆད་པ་ཡོང་བ་བྱེད་པའི་སྐུལ་མ་གནང་ཡོད། ཁོང་གིས། ཆིང་ཧྭ་སློབ་ཆེན་གྱིས་རང་སྟོབས་རང་སྤེལ་དང་། སྤྱོད་བཟང་ཐེག་ཆེའི་སློབ་སྲོལ་རྒྱུན་བསྐྱངས་ཏེ། བསྒྱུར་བཅོས་ཟབ་གཏོང་དང་། གསར་གཏོད་ལ་སྐུལ་སྤེལ་བྱས་པས། བྱ་གཞག་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་། ཚན་ཞིབ་གསར་གཏོད་གྲུབ་འབྲས་དང་རྒྱལ་ཁབ་གོང་འཕེལ་གྱི་དགོས་མཁོ་གཉིས་འབྲེལ་མཐུད་དམ་ཟབ་བྱས་ཏེ་ཆིང་ཧྭ་བའི་སྙིང་སྟོབས་དང་འགན་འཁྲི་ལེགས་པར་མངོན་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། ཆིང་ཧྭ་སློབ་ཆེན་གྱིས་ཀུན་སྤྱོད་མི་སྐྱོང་བྱ་རྒྱུ་དེ་ཉིད་རྩ་བའི་དམིགས་འབེན་དུ་འཛིན་པ་དང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུ་དེ་ཉིད་ཆེས་མཐོའི་རེ་སྙེགས་བྱ་ཡུལ་དུ་འཛིན་པ། རིག་ཚན་འཛུགས་སྐྱོང་བྱ་རྒྱུ་དེ་ཉིད་གོང་འཕེལ་གྱི་གཞི་རྩར་འཛིན་པ། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཉིད་སྟོབས་ཆེའི་སྒུལ་ཤུགས་སུ་འཛིན་པ། ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཉིད་སྟོབས་ཆེའི་འགན་སྲུང་དུ་འཛིན་པ་བཅས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཏང་གི་ཆེད་དུ་མི་སྣ་སྐྱོང་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་སྐྱོང་བ་བཅས་ཀྱིས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་པ་བྱ་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱ་ཆེད། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
        སློབ་རྭའི་ནུབ་བྱང་རྒྱུད་དུ་གནས་པའི་ལུས་རྩལ་ཁང་ནུབ་མ་ནི་ཆིང་ཧྭ་ཡི་འཛུགས་སྐྲུན་སྔ་གྲས་བཞིའི་ཡ་གྱལ་ཞིག་རེད། ལུས་རྩལ་ཁང་གི་ལག་རྩེད་སྤོ་ལོ་ར་བར་སློབ་གྲྭའི་ལག་རྩེད་སྤོ་ལོ་བ་ཚོས་སྦྱོང་བརྡར་བྱེད་བཞིན་ཡོད། ཞི་ཅིན་ཕིང་ལུས་རྩལ་ཁང་དུ་ཕེབས་ནས་ཁོང་ཚོར་བྱམས་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས། ལུས་རྩལ་ལ་སྣང་ཆེན་བྱེད་པ་ནི་ཆིང་ཧྭ་སློབ་ཆེན་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡིན་པས། སློབ་མ་ཚོས་ཆིང་ཧྭ་སློབ་ཆེན་གྱི་སློབ་སྲོལ་བཟང་པོ་དང་ལུས་རྩལ་གྱི་སྲོལ་རྒྱུན་དེ་དར་སྤེལ་ཡག་པོ་གཏོང་བ་དང་། ཀུན་སྤྱོད་དང་། བློ་རིག ལུས་པོ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་འཛུགས་སྐྲུན་བྱེད་མཁན་གྱི་རྐང་འཛིན་པར་འགྱུར་བ་བྱ་རྒྱུའི་ཐུགས་རེ་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་གིས་ལུས་རྩལ་གཟི་བརྗིད་འགྲེམས་ཁང་ནང་ཕེབས་ཏེ་ལོ་རྒྱུས་པར་རིས་དང་། དངོས་རྫས་འགྲེམས་སྟོན་ལ་གཟིགས་ནས། ལུས་རྩལ་ཁང་གི་སྲུང་སྐྱོབ་བཀོལ་སྤྱོད་དང་། སློབ་གྲྭས་མུ་མཐུད་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་ཐབས། ལུས་རྩལ་སློབ་གསོ་སྤེལ་སྟངས་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད་པ་རེད།
        སྔ་དྲོའི་ཆུ་ཚོད11དང་སྐར་མ་20ཙམ་ལ། ཞི་ཅིན་ཕིང་ཆིང་ཧྭ་སློབ་ཆེན་གྱི་ལུས་རྩལ་ཁང་ནུབ་མའི་ཁང་ཆེན་རྒྱབ་མར་ཕེབས་ནས་དགེ་སློབ་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཆིང་ཧྭ་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཁྲེན་ཤུད་དང་། སློབ་སྤྱི་ཆིའུ་ཡུང་། ཨར་ལས་བཟོ་སྐྲུན་ཚན་ཁག་གི་དགེ་རྒན་ཉེ་ཅན་ཀོ། སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་མའེ་ཚེ་ཆི། བཟོ་ལས་དངོས་ཁམས་ཚན་ཁག་གི་འབུམ་རམས་སློབ་མ་སུན་ཆི་མིང་། མི་ཆོས་རིག་གནས་སློབ་གླིང་གི་ལོ་རིམ་གཉིས་པའི་དངོས་གཞིའི་སློབ་མ་ལི་རུན་ཧྥེང་བཅས་ཀྱིས་ཁག་སོ་སོར་གཏམ་བཤད་སྤེལ་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོའི་གཏམ་བཤད་ནན་ཏན་ངང་གསན་གནང་བ་དང་། ཡུལ་དངོས་ཀྱི་རྣམ་པ་ཚ་ཚ་འུར་འུར་དང་སྤྲོ་སྣང་ལྡན་པ་ཞིག་ཡོད་པ་རེད།
        མཇུག་ཏུ་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ་རེད། ཁོང་གིས། ཆིང་ཧྭ་སློབ་ཆེན་ནི་རྒྱལ་ཁབ་དང་མི་རིགས་ལ་ཉམས་ཉེན་འཕྲད་པའི་སྐབས་སུ་བཙུགས་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འབད་འབུངས་ཡར་ཐོན་ཁྲོད་འཚར་ལོངས་བྱུང་བ། རྒྱལ་ཁབ་དང་མི་རིགས་དར་སྤེལ་ཡོང་སྐབས་གོང་འཕེལ་བྱུང་བའི་སློབ་གྲྭ་ཞིག་རེད། ལོ་ངོ110ཡི་རིང་། ཆིང་ཧྭ་སློབ་ཆེན་གྱིས་ཀྲུང་གོའི་ས་གཞི་ཆེན་མོར་གཞི་རྐང་ཚུགས་ཐོག རྒྱལ་གཅེས་ལེགས་འབུལ་དང་། ཁྱད་འཕགས་རེ་སྙེགས་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བསྐྱངས་པས། ཏང་དང་རྒྱལ་ཁབ་ལ་ལྷག་བསམ་དཀར་ཞིང་ཆེད་ལས་ཀྱི་འཇོན་ཐང་ཆེ་བ་དང་། ཁྱོན་ཡོངས་གོང་འཕེལ་གྱི་སློབ་ཁྲིད་མི་སྐྱོང་གི་ཁྱད་ཆོས་གྲུབ་སྟེ། རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ཀྱི་ཆེད་དུ་འགན་འཁྲི་ཆེན་པོ་ཁུར་ཕོད་མཁན་གྱི་ཕུལ་བྱུང་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་ཡོད། དེ་ནི་ཆིང་ཧྭ་བ་མི་རབས་དུ་མས་འབད་འབུངས་ཆེར་སྐྱེད་དང་། ཡང་རྩེར་འཛེག་ཕོད་པ། གྲུབ་འབྲས་རྩེ་གྲ་བརྩོན་ལེན་བྱས་པ་བཅས་ཀྱི་འབྲས་བུ་རེད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཆིང་ཧྭ་སློབ་ཆེན་གྱི་གོང་འཕེལ་འཕེལ་རིམ་ནི་རང་རྒྱལ་གྱི་མཐོ་སློབ་སློབ་གསོ་གོང་འཕེལ་ཕྱིན་པའི་བསྡུས་རིས་ལྟ་བུ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རྒྱལ་གྱི་མཐོ་སློབ་སློབ་གསོ་དེ་ཉིད་ཆུང་བ་ནས་ཆེ་བའི་བར་དང་། ཉམས་ཞན་ནས་སྟོབས་ཆེན་བར་ཆེས་སྤྱིར་བཏང་མིན་པའི་འཕེལ་རིམ་ཞིག་བརྒྱུད་པ་དང་། སློབ་གཉེར་གཞི་ཁྱོན་དང་། མི་སྐྱོང་སྤུས་ཚད། ཞབས་ཞུའི་ནུས་པ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། རང་རྒྱལ་གྱི་མཐོ་སློབ་སློབ་གསོ་དེ་ཉིད་མེས་རྒྱལ་དང་མཉམ་སྐྱོད་དང་། དུས་རབས་དང་མཉམ་སྐྱོད་ཐུབ་སྟེ། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་ཅེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རྒྱལ་ཁབ་གཅིག་གི་མཐོ་རིམ་སློབ་གསོའི་མ་ལག་ལ་སློབ་ཆེན་རྩེ་གྲའི་ཁྱུ་ཚོགས་ཀྱི་འདེགས་སྐྱོར་ནུས་ལྡན་དགོས་པ་དང་། སློབ་ཆེན་རྩེ་གྲའི་ཁྱུ་ཚོགས་ཀྱི་ཆུ་ཚད་དང་སྤུས་ཚད་ཀྱིས་མཐོ་རིམ་སློབ་གསོའི་མ་ལག་གི་ཆུ་ཚད་དང་སྤུས་ཚད་གཏན་འཁེལ་བྱེད་ཀྱི་ཡོད། སློབ་ཆེན་རྩེ་གྲ་འཛུགས་སྐྱོང་བྱེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གནས་བབ་རྒྱུན་འཁྱོངས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་རྐང་འཛུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར། གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་པ་བྱ་རྒྱུར་ཞབས་ཞུ་སྒྲུབ་པ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་སྟེ་ཚན་རྩལ་གོང་འཕེལ་གཏོང་བ་དང་། ཐོན་ཁུངས་ཨང་དང་པོ་སྟེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། སྒུལ་ཤུགས་ཨང་དང་པོ་སྟེ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་སྔར་ལས་ལེགས་པར་ཟུང་འབྲེལ་བྱ་ནས། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཁྱད་འཕགས་རེ་སྙེགས་བྱ་རྒྱུ་ནི་ཚད་དང་མཚམས་མེད་པ་དང་ཚད་བརྒལ་ཟམ་མི་ཆད་པར་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས། ཁ་ཕྱོགས་གསལ་པོ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་རྩེ་གྲ་གསོ་སྐྱོང་བྱེད་དགོས། སློབ་ཆེན་རྩེ་གྲ་འཛུགས་སྐྱོང་བྱེད་པའི་འགག་རྩ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དེ་རེད། རྒྱལ་ཁབ་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། རྒྱལ་ཁབ་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། རྒྱལ་ཁབ་ཀྱི་དགོས་མཁོ་དང་བསྟུན་པ་བཅས་བྱས་ཐོག ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུའི་གཙོ་གནད་དེར་དམ་འཛིན་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་མཁན་དུས་རབས་ཀྱི་མི་སྣ་གསར་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། རྩེར་སོན་གྱི་སློབ་ཆེན་མ་ལག་འཛུགས་དགོས། མཐོ་རིམ་སློབ་གསོའི་མ་ལག་ནི་ཕན་ཚུན་བྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་ཡིན་ཞིང་། དེའི་ནང་གི་གྲུབ་ཆ་ཁག་སོ་སོའི་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ནང་གནས་འབྲེལ་བ་ཡོད། རིག་ཚན་ཁག་སྣོལ་འདྲེས་སྤེལ་རེས་བྱེད་པའི་ནུས་པ་བེད་སྤྱོད་ལེགས་པོ་བྱས་ཏེ། རྨང་གཞིའི་རིག་ཚན་གསོ་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་། རིག་ཚན་ཁག་གི་ཆེད་ལས་བཀག་རྒྱ་གཏོར་བ། ད་ཡོད་རིག་ཚན་ཆེད་ལས་མ་ལག་ལེགས་སྒྲིག་རིམ་སྤོར་བྱེད་པ། ཚན་རྩལ་གྱི་མདུན་ཕྱོགས་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་པ། བཟོ་ལས་ཀྱི་རིག་ཚན་གསར་པ་དང་། གསོ་རིག་གི་རིག་ཚན་གསར་པ། ཞིང་ལས་ཀྱི་རིག་ཚན་གསར་པ། རིག་གནས་ཀྱི་རིག་ཚན་གསར་པ་བཅས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཁ་ཚ་དགོས་གཏུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་གང་མགྱོགས་བཅས་བྱ་དགོས། ཐོག་མའི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས། སློབ་ཆེན་རྩེ་གྲ་ནི་རྨང་གཞིའི་ཞིབ་འཇུག་གི་གཙོ་ཤུགས་དམག་དཔུང་དང་ཚན་རྩལ་འགག་གཏོར་གལ་ཆེ་རིགས་ཀྱི་འབྱུང་གནས་ཡིན་པས། སྐྱོན་བྲལ་གྱི་རིག་གཞུང་འབྱུང་ཁམས་ཀྱིས་རྨང་གཞི་བྱེད་པ་དང་། ཕན་འབྲས་ལྡན་པའི་རིག་གཞུང་བཅོས་སྐྱོང་གིས་འགན་སྲུང་བྱེད་པ། རིག་གཞུང་གྲུབ་འབྲས་རྩེར་གྲ་ཐོན་པ་དང་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་པ་གཉིས་དམིགས་འབེན་དུ་འཛིན་པའི་སློབ་ཆེན་གྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གནད་གཏོར་ཕོད་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཟབ་མོ་ཡོང་བར་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱ་དགོས། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སློབ་གསོ་དང་རིག་གནས་མཛའ་མཐུན་འགྲོ་འོང་གི་མཉམ་ལས་སྟེགས་བུ་བཙུགས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། མིའི་རིགས་ཐུན་མོང་ཐོག་བདེ་སྐྱིད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། དེང་རབས་ཀྱི་ཀྲུང་གོའི་གཞོན་ནུ་ནི་དུས་རབས་གསར་པ་དང་ཁ་ཕྱོགས་གཅིག་ཏུ་མདུན་སྐྱོད་བྱེད་མཁན་གྱི་མི་རབས་ཤིག་ཡིན་པ་དང་། བསྐལ་པ་བཟང་པོར་སྐྱེས་ཤིང་། ཕྲག་སྟེང་གི་ཁུར་པོ་ཡང་ལྕི་པོ་ཡོད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། རྒྱ་ཆེའི་གཞོན་ནུ་ཚོས་རྒྱལ་གཅེས་དམངས་གཅེས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་ཁྲོད་ནས་དད་སེམས་སྐྱེད་བསྲིང་བྱེད་པ་དང་། བློ་སྒོ་འབྱེད་པ། སྟོབས་ཤུགས་བསྡུ་ལེན། ༼ཡིད་ཆེས་བཞི༽ཟམ་མི་ཆད་བརྟན་དུ་གཏོང་བ། ཀྲུང་གོ་བ་ཞིག་གི་བློ་སྟོབས་དང་། ལ་རྒྱ། གདིང་ཤུགས་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་དུས་ནམ་ཡང་འབད་འཐབ་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བའི་ཕུགས་བསམ་ཡོད་དགོས་པ། སྤྱོད་ཚུལ་ཞུན་བརྡར་བྱས་ནས། རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། རང་རྟོགས་ངང་ཀྲུང་ཧྭ་ཡི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ལ་བརྟེན་ནས་རྩ་འཛུགས་བླ་གཏོད་དང་། བློ་འབྱེད་སེམས་འཇགས་ཡོང་བ་བྱེད་པ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཡིན་མིན་གསལ་འབྱེད། རང་ཉིད་ཀྱི་གདིང་ཤུགས་ཆེ་རུ་གཏོང་བ། དམ་བཅའ་འགྱུར་མེད་ངང་ཚད་གཞི་དེ་བས་མཐོ་བ་དང་། བར་ཁམས་དེ་བས་རྒྱ་ཆེ་བ། དེ་བས་དོན་སྙིང་ལྡན་པ་བཅས་ཀྱི་མི་ཚེ་ཞིག་བསྐྱལ་རྒྱུ་འཚོལ་རེ་བྱ་དགོས། གསར་གཏོད་བྱེད་ཕོད་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་རྒྱལ་ཁབ་ཀྱི་དགོས་མཁོར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱེད་པ། གཞན་གྱི་སྔོན་ལ་བསྐྱོད་ཕོད་པ་དང་། འགག་གཏོད་བྱེད་ཕོད་པ། སྤྱང་གྲུང་དང་བློ་གྲོས་ལ་བརྟེན་ནས་རྒྱལ་ཁབ་ལ་ལེགས་སྐྱེལ་འབུལ་བ་དང་། གསར་གཏོད་ཡར་བརྩོན་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས། དངོས་སྦྱོང་དངོས་སྒྲུབ་དང་། ཏན་ཏན་ཏིག་ཏིག དཀའ་སྤྱད་སྡུག་རུས། འབད་བརྩོན་ལྷོད་མེད། སྐོམ་པ་ཆུ་འདོད་དང་ལྟོགས་པ་ཟ་འདོད་ལྟར་ཤེས་བྱ་ཡོན་ཏན་སྦྱོང་བའི་བརྒྱུད་རིམ་ཁྲོད་ཕུལ་བྱུང་བརྩོན་ལེན་དང་། དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཐོག་ཏུ་འཁུར་བའི་སྐབས་སུ་སྐད་ཆ་སྟོང་པ་བཤད་ནས་མ་བསྡད་པར་ལས་ཀ་དངོས་སྒྲུབ་པ་དང་། ལག་ལེན་དངོས་སུ་བསྟར་བའི་བརྒྱུད་རིམ་ཁྲོད་བྱ་གཞག་གཏོད་དགོས་ཞེས་ནན་སྟོན་གནང་བ་དང་།
        ཞི་ཅིན་ཕིང་གིས་དགེ་རྒན་ནི་སློབ་གསོའི་ལས་དོན་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་མེད་ཚེ་ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱེད་དཀའ་ལ་ཆུ་ཚད་མཐོ་བའི་གསར་གཏོད་གྲུབ་འབྲས་ཀྱང་ཐོབ་དཀའ། སློབ་ཆེན་གྱི་དགེ་རྒན་གྱིས་སློབ་མར་ཡོན་ཏན་སློབ་པ་དང་། རྩལ་ནུས་སློབ་པ། ཡང་དག་པའི་མི་ཚེའི་ལྟ་བ་འཛུགས་པ་བཅས་ཀྱི་འགན་འཁྲི་འཁུར་ཡོད།
        དགེ་རྒན་གྱིས་༼སྐུ་ཞབས་ཆེན་པོ༽ཞིག་ཏུ་འགྱུར་བར་བྱས་ཏེ་སློབ་མས་སློབ་སྦྱོང་དང་། བྱ་བ་སྒྲུབ་པ། མི་ཚུལ་ལྡན་ཞིག་བྱེད་པ་བཅས་ཀྱི་མིག་དཔེ་སྟོན་ཏེ། སློབ་མ་རྣམས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་མི་ཞིག་ཏུ་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་དངོས་ལ་ཞིབ་འཇུག་དང་། འཛམ་གླིང་རིག་གཞུང་གི་མདུན་གྲལ་དང་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ཏེ་གནད་དོན་དངོས་ཐག་གཅོད་བྱེད་པར་འབད་བརྩོན་དང་། ཤེས་བྱ་གསར་པ་དང་།ལག་རྩལ་གསར་པ། རིགས་པའི་གཞུང་ལུགས་གསར་པ་བཅས་སློབ་སྦྱོང་བྱེད་མཁས་པོ་བྱ་དགོས། དད་སེམས་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་ཏེ་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
        ཞི་ཅིན་ཕིང་སློབ་གྲྭ་ནས་ཞལ་གྱེས་སྐབས། སློབ་གྲྭའི་དགེ་སློབ་རྣམས་ལུས་རྩལ་ཐང་དང་འགྲོ་ལམ་གཡས་གཡོན་གཉིས་སུ་ལངས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད་པ་དང་། ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་། སློབ་གྲྭའི་ནང་ཐལ་མོའི་རྡེབ་སྒྲ་དང་འཚམས་འདྲི་ཞུ་བའི་སྒྲ་བར་མེད་གྲགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1