ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས19ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས་བསྟན་དོན། ཁོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དེ་ཞི་འཇགས་སུ་འགྲོ་བར་རེ་སྒུག་བྱས་ཡོད་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། པེད་ཏིན་གྱིས་ནེ་ཐཱ་ནི་ཡཱ་ཧུའུ་ལ་བསྟན་དོན། ཁོས་འཁྲུག་རྩོད་ཞི་འཇགས་སུ་འགྲོ་བ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་རེ་སྒུག་བྱས་ཡོད་ཟེར།
དབྱི་སི་རལ་གྱི་ཙུང་ལིའི་བཞུགས་ཤག་གིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁ་པར་གཏོང་སྐབས་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱི་རང་སྲུང་དབང་ཆར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སྤེལ་རྒྱུའི་ཚུལ་བསྟན། ཉིན་དེའི་སྔ་དྲོར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཀྱི་དུས་ཚོད་རེའུ་མིག་མཇུག་སྒྲིལ་མེད་ཟེར།
དེ་ནི་པེད་ཏིན་གྱིས་གཟའ་ཟླ་བའི་ཚུན་ལ་ཐེངས་བཞི་བར་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་བ་རེད། པེད་ཏིན་གྱིས་ཚེས་བཅུ་བདུན་ཉིན་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས་ཐོག་དང་པོར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་རེད།
གཞན་ཡང་ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཀན་ཚི་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཞི་འཇགས་སུ་འགྲོ་བར་སྐུལ་མ་བཏང་། །