མགོ་ལོག་གནམ་ཐང་དུ་གནོད་སེལ་རྒུད་སྐྱོབ་ཀྱི་གེགས་མེད་བགྲོད་ལམ་བཙུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-24



           པེ་ཅིང་གི་དུས་ཚོད་ཟླ5པའི་ཚེས22ཉིན་གྱི་ནམ་གུང་གི་ཆུ་ཚོད2དང་སྐར་མ4ཡི་སྟེང་དུ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་བ་དང་།  ཡོམ་ལྟེ་ནས་རྨ་ཆེན་རྫོང་དུ་ཡོད་པའི་མགོ་ལོག་གནམ་ཐང་དང་བར་ཐག་ཧ་ལམ་སྤྱི་ལེ200ཡོད་པ་དང་། ཚའོ་ཅཱ་པའོ་གནམ་ཐང་དང་བར་ཐག་ཧ་ལམ་སྤྱི་ལེ450ཡོད། 
          ས་ཡོམ་བྱུང་རྗེས་སུ་དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་ཀྱིས་མྱུར་དུ་དམངས་སྤྱོད་གནམ་ཐང་གི་རང་བྱུང་གནོད་འཚེའི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་པ་མ་ཟད།  མགོ་ལོག་གནམ་ཐང་དུ་ས་ཡོམ་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ལག་བསྟར་བྱས་ནས། མི་སྣ་དང་སྒྲིག་ཆས།  རྒྱུག་ལམ་སོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱ་རྒྱུར་ལྟ་སྐུལ་བྱས་པས། མིག་སྔར་མགོ་ལོག་གནམ་ཐང་དང་ཟི་ལིང་གནམ་ཐང་གི་མི་སྣའི་བདེ་འཇགས་དང་སྒྲིག་ཆས་རྒྱུན་གཏན་ལྟར་དུ་འཁོར་སྐྱོད་བྱེད་བཞིན་ཡོད། 
           གནམ་ཐང་གི་རྒུད་སྐྱོབ་བགྲོད་ལམ་བདེ་བླག་ངང་འཁོར་བསྐྱོད་ཐུབ་པར་འགན་ལེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་ལྟ་སྡོམ་ཅུས་ཀྱིས་ཚོགས་འདུ་བསྡུས་ཏེ་མགོ་ལོག་གི་ས་ཡོམ་ཐད་དུ་འཕྲལ་སྡོམ་འགན་སྲུང་ལས་དོན་བཀོད་སྒྲིག་བྱས་ཤིང་། ཟི་ལིང་དང་མགོ་ལོག་གནམ་ཐང་གིས་འཕྲལ་མར་གནོད་སེལ་རྒུད་སྐྱོབ་ཀྱི་གེགས་མེད་བགྲོད་ལམ་བཙུགས་ནས། གནོད་སེལ་མི་སྣ་དང་གནོད་སེལ་དངོས་ཟོག་སྔོན་ལ་བསྐྱལ་བ་དང་། མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་ལས་དོན་སྡེ་ཁག་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བསྐྱོད་ཅིང་། ལས་རེས་མི་སྣས་གནོད་སེལ་རྒུད་སྐྱོབ་ཀྱི་གེགས་མེད་བགྲོད་ལམ་འགན་ལེན་ལས་དོན་ལ་ཤུགས་བསྣན་ནས།  གཙོ་བོ་མགོ་ལོག་ཏུ་འཕུར་བའི་གནམ་གྲུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། མིག་སྔར་ཟི་ལིང་ནས་མགོ་ལོག་ཏུ་འཕུར་བའི་ཤར་ཕྱོགས་མཁའ་འགྲུལ་གནམ་གྲུ2199རྒྱུན་གཏན་ལྟར་བདེ་བླག་ངང་འཕུར་སྐྱོད་བྱས་ཡོད།
          གནོད་ཐེབས་གནས་ཚུལ་ལ་དམིགས་ཏེ།  དམངས་སྤྱོད་མཁའ་འགྲུལ་གྱི་ལས་ཁུངས་ཁག་གིས་བབ་བསྟུན་བཀོད་སྒྲིག་བྱས་ནས་མཚོ་སྔོན་ཟི་ལིང་དང་མགོ་ལོག་གནམ་ཐང་དུ་གནོད་སེལ་རྒུད་སྐྱོབ་ཀྱི་གེགས་མེད་བགྲོད་ལམ་བཙུགས་པ་དང་། གནམ་ཐང་གི་ཀུང་སིས་རོགས་སྐྱོབ་སྐྱེལ་འདྲེན་གྱི་བླང་བྱ་ལྟར་དུ་དུས་ཐོག་ཏུ་ཆེད་ལས་མི་སྣ་མགོ་ལོག་ཏུ་མངགས་ནས་འགན་སྲུང་སྟོབས་ཤུགས་ཆེ་རུ་བཏང་། ཀྲུང་གོའི་མཁའ་སྣུམ་མཚོ་སྔོན་ཡན་ལག་ཀུང་སིའི་འགོ་ཁྲིད་ཀྱིས་ཀུང་སིའི་ལས་བཟོ་པའི་སྣེ་ཁྲིད་དེ་སྣུམ་སྣོན་མཁན2མང་དུ་ཞིང་ཚེས22ཉིན་གྱི་ཕྱི་དྲོར་མགོ་ལོག་ཏུ་བསྐྱོད་ཟིན་ལ། དེ་དང་ཆབས་ཅིག་མཚོ་སྔོན་ལྟ་སྡོམ་ཅུས་ཀྱིས་ཀྱང་མཐུན་སྦྱོར་བྱས་ཏེ་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་དང་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་མགོ་ལོག་གནམ་ཐང་དུ་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཁག་ལ་ནུས་ཤུགས་ཡོད་རྒུས་ཕྱིར་ལོག་པར་མཁོ་བའི་སྣུམ་འཁྱེར་དུ་བཅུག་ཡོད་པ་དང་། གནམ་གྲུ་ཐོག་མMU2199ཆུ་ཚོད10པའི་ཐོག་ཏུ་མགོ་ལོག་རྨ་ཆེན་གནམ་ཐང་དུ་བདེ་འཇགས་ངང་བབས་ཤིང་། དམངས་སྤྱོད་མཁའ་འགྲུལ་མཚོ་སྔོན་ལྟ་སྡོམ་ཅུས་ཀྱང་ས་ཡོམ་གནོད་ཐེབས་ཁུལ་དུ་བསྐྱོད་། 
          མིག་སྔར། མགོ་ལོག་ལ་ཤར་གཏོང་ཐུབ་ཡོད་པའི་གནམ་གྲུ་དང་གནམ་གྲུའི་ལས་དོན་མི་སྣ་ཁག་ཟི་ལིང་དུ་འཛོམས་ནས་གནོད་སེལ་སྐྱེལ་འདྲེན་གྱི་ལས་དོན་ཡག་པོར་བསྒྲུབ་རྒྱུར་གྲ་སྒྲིག་བྱས་ཡོད་པ་དང་།  ཅིན་ཧུའེ་མཁའ་འགྲུལ་ཀུང་སིའི་ཐད་འཕུར་གནམ་གྲུ་ཞིག(གནམ་གྲུ་ཨངB708M) ཀྲང་ཡེ་ནས་ལམ་ལ་ཆས་ཤིང་ཟི་ལིང་བརྒྱུད་དེ་མགོ་ལོག་ཏུ་འཕུར་ནས་གནོད་སེལ་ལས་འགན་ལག་བསྟར་བྱེད་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1